དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 7 May 2011
༄༅། །རྨི་ལམ་གྱི་གདམས་མགུར་རྡོ་རྗེའི་སྒྲ་དབྱངས། །
ན་མོ་མ་ཧྰ་གུ་རུ་བོ་དྷི་ཙིཏྟ་ཡེ། །
རྩ་རླུང་ཐིག་ལེ་ཡི་གནད་གསང་མ་འཁྱུག །
ལས་རླུང་བག་ཆགས་ཀྱི་རྫུན་སྣང་མ་འཆར། །
སྟོང་གཟུགས་སྒྱུ་འཕྲུལ་གྱི་ཞིང་ཁམས་མཐོང་ན། །
རྨི་ལམ་འོད་གསལ་གྱི་གདམས་པ་མཐར་ཐུག །

ལྷག་བསམ་དུང་ཟླ་ཉིད་དགུང་ནས་བཀྲ་བས། །
ཉམས་རྟོགས་ཀུ་མུད་དེ་ནང་ནས་ཤིས་སོང་། །
ཕན་བདེའི་རང་བཞིན་གྱི་སེམས་ཉིད་བདེ་བས། །
ཕུན་ཚོགས་དམ་ཚིག་གི་དཔལ་ཡོན་ལེགས་སོང་། །

ལོ་ཟླ་ཞག་ཟད་ཀྱི་མི་རྟག་ཕོ་ཉ། །
དུས་ཚོད་ཆུ་དབུགས་དག་སྐད་ཅིག་འཇིག་པ། །
གཅོས་མིན་རང་སེམས་ལ་ཅུང་ཟད་རྟོགས་དང་། །
ཉམས་ལེན་འོག་འདོན་གྱི་བསྐུལ་མ་མཐར་ཐུག །

ལྷ་སྒོམ་སྔགས་བཟླས་ཀྱི་རྨི་ལམ་རྣལ་འབྱོར། །
སད་རྨི་བདེན་རྫུན་གྱི་ཤན་འབྱེད་གནད་གསང་། །
དམ་ཚིག་རྡོ་རྗེ་ཡི་ཁྱད་པར་མཁྱེན་ན། །
ཡ་མཚན་ལྟད་མོ་ཞིག་ནང་ནས་འཆར་འདུག །

ཉིན་སྣང་རགས་པ་ལ་ཨ་ཐས་མ་བྱས། །
མཚན་སྣང་བག་ཆགས་ཀྱི་སེམས་ཀྱི་རི་མོ། །
རིགས་ཁམས་འོད་གསལ་གྱི་ཆོས་ཉིད་རྣལ་འབྱོར། །
གཏི་མུག་རང་གྲོལ་འདི་ཅི་ཕྱིར་མི་དགོས། །

དད་གུས་དག་སྣང་གི་རུམ་ཁ་དྲོན་མོ། །
ཕྱག་རྒྱ་ཡང་དག་གི་དམ་ཚིག་ཟིལ་མ། །
ཉིན་མཚན་ཁོར་ཡུག་གི་བདེ་ཆེན་འདི་ཀོས། །
རྟེན་འབྲེལ་ཟབ་རྒྱས་ཀྱི་ལོ་ཏོག་སྨིན་ངེས། །

འཕགས་བོད་མཁས་གྲུབ་ཀྱི་ཐུགས་དམ་གདམས་པ། །
ཕྱག་རྫོགས་དབུ་མ་ཡི་གནད་གསང་མན་ངག །
རྨི་ལམ་སྒྱུ་འཕྲུལ་གྱི་རྣལ་འབྱོར་དགོངས་ན། །
འདི་ཕྱི་བར་དོ་ཡི་བཙན་ས་ཟིན་འདུག །

མི་ལུས་རིན་ཆེན་གྱི་སྙིང་པོ་བསམ་ནས། །
རོ་ཉལ་བག་མེད་ཀྱི་གཉིད་སྟུག་སྤངས་ཏེ། །
རྨི་ལམ་སྤྲུལ་བསྒྱུར་གྱི་འོད་གསལ་སྙིང་པོའི། །
གེགས་སེལ་འོག་འདོན་གྱི་གདམས་ངག་འབོད་ཅིག །

པདྨ་ཀ་ར་ཡི་མཁའ་འགྲོའི་ཐུགས་མཛོད། །
རིན་ཐང་ཀུན་བྲལ་གྱི་སྨིན་གྲོལ་གདམས་ངག །
རྨི་ལམ་བར་དོ་འདི་གཅིག་ཆོག་རྒྱལ་པོ། །
སྐལ་ལྡན་སྐྱེས་བུ་ཚོས་ཐུགས་དམ་མཛོད་ཅིག །

ཚུལ་ཁྲིམས་མེ་ཏོག་གི་འདབ་མ་མ་རྙིང་། །
བྱང་སེམས་རྩ་བ་ཡི་སྡོང་པོ་མ་རལ། །
སྙིང་ཐིག་བདུད་རྩི་ཡི་རླན་དང་མ་བྲལ། །
མ་སྒོམ་སངས་རྒྱས་ཀྱི་རྨི་ལམ་མཇལ་ཡོང་། །

དུངས་བའི་ཟུར་མིག་གིས་འདི་ལ་གཟིགས་དང་། །
བརྩེ་བའི་སྙིང་གཏམ་ཞིག་ཁ་ནས་ཤོར་ཐལ། །
མཁྱེན་རབ་རྩལ་རྫོགས་ཀྱི་མི་རབ་ཡོད་ན། །
ཡང་གསང་ཐབས་ཤེས་ཀྱི་ནམ་མཁར་ལྡིངས་ཤོག །
ཅེས་པའང་རབ་རྒྱན་ཆུ་ཁྱི་ཟླ་༦ཚེས་བཞི་ཉིན་ལ་སྒ་སྟོད་ཇོ་བོའི་ཉེ་འགྲམ་གསེར་གཤིས་གྲོང་ནས་རྨི་ལམ་ཞིག་གི་རྐྱེན་དང་སྐྱེན་པོ་དགོན་གྱི་སྤྲུལ་སྐུ་པདྨ་རྡོ་རྗེས་བསྐུལ་ངོར་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་བྲིས་པ་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ། །
 
 
 

0 comments:

ཟིན་བྲིས་འཚོལ་ཡུལ