དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 8 May 2011
༄༅། །དུས་འཁོར་སྤྱི་བཤད་པདྨ་དཀར་པོ་ཞེས་བྱ་བ། །

ན་མོ་གུ་རུ་ཤྲྰི་ཀྰ་ལ་ཙཀྲ་ཡེ། །

མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །རྣམ་པ་རྟག་ཀྱི་ཕྱག་རྒྱར་ཡོངས་ཤར་བ། །
ཕྱི་ནང་གཞན་གསུམ་མི་ཕྱེད་དོན་གྱི་ལྷ། །དཔལ་ལྡན་དུས་ཀྱི་འཁོར་ལོས་རྟག་སྐྱོངས་ཞིག །
དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོ་ལ་བཀའ་མ་དང་གཏེར་མ་གཉིས་སུ་ཡོད་པ་ལས་དང་པོ་བཀའ་མ་ལྟར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འདི་ཉིད་ངེས་པའི་དོན་དུ་གདོད་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང་། ཐུན་མོང་གི་གདུལ་བྱ་འགའ་ཞིག་གི་སྣང་ངོར། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དང་། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྩོད་ལྡན་སྙིགས་མ་ལྔ་བདོའི་དུས་སུ་གདུལ་བྱ་གདུལ་དཀའ་བའི་མི་མཇེད་འཇིག་རྟེན་ཁམས་ཀྱི་འགྲོ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་ཡལ་བ་མ་དོར་ནས། ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡེ་སྣོད་གསུམ་དང་སྔགས་ཕྱི་ནང་གི་ཆོས་འཁོར་དཔག་ཏུ་མེད་པར་བསྐོར་ནས་གདུལ་བྱ་རྣམས་རྣམ་གྲོལ་གྱི་ལམ་ལ་བཀོད། སླར་ཡང་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་སྟོན་པའི་སླད་དུ། ༡ གནས་ཕུན་སུམ་ཚོགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། ༢དུས་ཕུན་སུམ་ཚོགས་པ་ནག་པ་ཟླ་བའི་ཉ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་ཚེ། ༣ སྟོན་པ་ཕུན་སུམ་ཚོགས་པ་ལྷར་བཅས་འགྲོ་བའི་དེད་དཔོན་ཆེན་པོ་དེ་ཉིད་རྡོ་རྗེ་སེངྒེའི་ཁྲི་ལ་ཞལ་ཤར་དུ་ཕྱོགས་ནས་བཞུགས་ཏེ། ༤ འཁོར་ཕུན་སུམ་ཚོགས་པ་ཞི་དང་ཁྲོ་བོ་རྒྱལ་དང་རྒྱལ་སྲས་ལྷ་ཀླུ་མི་ཡི་ཚོགས་དཔག་ཏུ་མེད་པའི་དབུས་སུ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཤམ་པ་ལའི་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་བཞིན། ༥ ཆོས་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་ཚིགས་བཅད་སྟོང་ཕྲག་བཅུ་གཉིས་པ་སྟོན་པར་མཛད། རྩ་རྒྱུད་དེ་ལ་ཆོས་རྒྱལ་ཟླ་བ་བཟང་པོས་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་བརྩམས་ནས་ཤམ་བྷ་ལ་དང་ཨོ་རྒྱན་ཡུལ་ལ་སོགས་པའི་སྐད་དུ་གླེགས་བམ་བྲིས་ནས་ཡུལ་དེའི་གྲོང་བྱེ་བ་ཕྲག་དགུ་བཅུ་གོ་དྲུག་ན་གནས་པ་རྣམས་ལ་བསྟན་ནས་སྨིན་གྲོལ་གྱི་ལམ་མ་བཀོད། དེ་ནས་ཆོས་རྒྱལ་གཞན་དྲུག་གི་རིང་ལ་འཆད་ཉན་སྒོམ་སྒྲུབ་སོགས་ཀྱིས་འཛིན་སྐྱོང་སྤེལ་བ་རྒྱ་ཆེར་མཛད། རྩ་རྒྱུད་བསྟན་པའི་དུས་དེ་ནས་ལོ་དྲུག་བརྒྱ་ན་དེ་བཞིན་གཤེགས་པས་ལུང་བསྟན་པ་བཞིན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་རིགས་ལྡན་མཇམ་དཔལ་གྲགས་པ་ཉིད། །ཀ་ལ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་ཚལ་དུ། ཟླ་བཟང་གིས་བཟང་གིས་བསྐྲུན་པའི་དུས་ཀྱི་འཁོར་ལོའི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་གྱི་སྒོ་ཆེན་དང་ཉེ་བའི་ནོར་བུ་རིན་པོ་ཆེའི་ཁྱམས་ཆེན་པོར་རིན་པོ་ཆེའི་ཁྲི་ལ་བཞུགས་ཏེ། ཡུལ་ཆེན་དགུ་བཅུ་རྩ་དྲུག་གི་རྒྱལ་པོ་ཆེན་པོ་རྣམས་དང་ལུས་ཅན་དག་པའི་འཁོར་གྲངས་མེད་པའི་དབུས་སུ། དྲང་སྲོང་ཉི་མའི་ཤིང་རྟས་ཞུས་ཤིང་གསོལ་བ་བཏབ་པའི་ངོར། རྩ་རྒྱུད་ཀྱི་དོན་མཐའ་དག་བསྡུས་པའི་རྒྱུད་ཕྲེང་འཛིན་སྡེབ་སྦྱོར་གྱིས་བཅིངས་ལེའུ་ལྔའི་བདག་ཉིད་ཅན་མཛད་། དེའི་དགོངས་འགྲེལ་དུ་འཕགས་བོད་ཀུན་ཏུ་རྒྱུ་སྐར་གྱི་ཕྲེང་བ་བཞིན་མང་དུ་བྱོན་པ་ལས།
ཁྱད་པར་དུ་འཕགས་པའི་ལེགས་བཤད་རྣམ་གཉིས་ནི།
འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ལས།
རྡོ་རྗེ་ཉི་མ་སྣང་བ་ཆེ། །
རྡོ་རྗེ་ཟླ་བ་དྲི་མེད་འོད། །
ཅེས་གསལ་བོར་ལུང་བསྟན་པས་བསྔགས་པ་བཞིན། འཇམ་དཔལ་གྲགས་པ་རང་གི་སྐུ་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོས་གསུངས་པའི་འགྲེལ་ཆེན་དྲི་མེད་འོད་དང་། བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་སྲས་འཇམ་དཔལ་གཞོན་ནུ་བསམ་བཞིན་དགེ་བའི་བཤེས་གཉེན་གྱི་སྐུར་བསྟན་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་བཀྲལ་བའི་འགྲེལ་པ་རྡོ་རྗེ་ཉི་མའི་སྣང་བ་འདི་གཉིས་ཡིན་ལ། གཏེར་མ་ནི། ཀུན་མཁྱེན་མི་ཕམ་རིན་པོ་ཆེས། དུས་གསུམ་རྒྱལ་བའི་སྤྱི་དཔལ་ཨོ་རྒྱན་ཆེན་པོ་ཉིད་རང་བྱུང་གདོད་མ་ཆོས་ཀྱི་སྐུ་ཡེ་ནས་རྣམ་པར་གྲོལ་བ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་ཆོས་སྐུའི་དབྱིངས་ལས་། ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་ཅིང་། དེའི་རང་མདངས་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་ཤར་བ་ཉིད་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་པའི་ཡུལ་མིན་པར་རྡོ་རྗེ་ལུང་མཐའ་ཡས་ལས་གསུངས་པ་ལྟར་དང་། ཞིང་འདི་ཉིད་ཀྱི་དབང་དུ་བྱས་ན། སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་དང་། དེ་དག་གི་སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་སོ་དྲུག་དང་། སོ་སོའི་ཁྱད་པར་གྱི་གནས་རིས་རིགས་དྲུག་སོགས་སུ་མཚན་དང་སྐུ་ཡི་བཀོད་པ་ཐ་དད་པའི་རྣམ་རོལ་སྣ་ཚོགས་སུ་སྣང་བ་དང་། རང་ཅག་གི་གནས་འཛམ་བུའི་གླིང་འདིར་ཡང་སྐུ་གཅིག་ལ་མཚན་བརྒྱད་དང་རྣམ་འཕྲུལ་མཚན་ཉི་ཤུ་སོགས་ཀྱི་བཀོད་པ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་མཛད་པ་དང་། ད་ལྟ་རྔ་ཡབ་གླིང་དུ་་དབུས་ན་ཟངས་མདོག་དཔལ་རི་པདྨ་འོད་ལ་སྟེང་འོག་བར་གསུམ་དུ་སྤྲུལ་བའི་བཀོད་པ་གསུམ་དང་། སྲིན་པོའི་གླིང་ཆེན་པོ་ཉེར་གཅིག་ཏུ་མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་པའི་སྤྲུལ་པ་རེ་རེ་བཞུགས་པ་སོགས་ཀྱིས་མཚོན་ནས། མདོར་ན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་མཛད་པ་མཐའ་ཡས་ཤིང་། སྔར་འདས་པའི་སངས་རྒྱས་རྣམ་ཀྱི་དུས་སུའང་བྱུང་། ད་ལྟ་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཡང་འཕགས་ཡུལ་དང་། རྒྱ་ནག་དང་། ཤམ་བྷ་ལ་དང་། ཟངས་གླིང་སོགས་ཡུལ་སྣ་ཚོགས་སུ་སྤྲུལ་པས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་དང་། བོད་ཡུལ་འདིར་ཡང་ཡུལ་ཕྱོགས་ཐམས་ཅད་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་བརླབས་ནས་ཟབ་ མོའི་གཏེར་ཁ་དུ་མ་སྦས་ཏེདུས་དང་དུས་སུ་འབྱིན་པར་ལུང་བསྟན་། ལྷ་སྲིན་རྣམས་རྡོ་རྗེའི་དམ་འོག་ཏུ་བཙུད། མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པ་ནམ་གནས་པའི་བར་དུ་སྤྲུལ་པས་བོད་འབངས་སྐྱོང་ བར་ཞལ་གྱིས་བཞེས། བོད་ཡུལ་བརྟན་མ་བཅུ་གཉིས་ལ་གཏད་དེ་མུ་སྟེགས་པ་མི་འོང་བར་བྱས།
མ་འོངས་ཀླ་ཀློས་ཉན་པའི་ཚེ།
སྟག་ཤམས་གསང་ལུང་ལས། །
པད་འབྱུང་ང་ཉིད་དྲག་པོ་འཁོར་ལོ་ཅན།
 རྗེ་འབངས་ཉེར་ལྔ་རིགས་ལྡན་དཔུང་དང་བཅས།
སོགས་རྣམ་བཤད་པདྨ་དཀར་པོ་ལས་ཤེས་པར་བྱའོ།
དགོངས་བརྒྱུད་སྙིང་པོ་ཆིག་དྲིལ་ལས། འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་གི་རྒྱལ་པོའི་རྩེ་མོ་སྟོན་པའི་སླད་དུ། ༡ གནས་ཕུན་སུམ་ཚོགས་པ་མཆིམས་ཕུའིརྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། ༢ དུས་ཕུན་སུམ་ཚོགས་པ་ནག་པ་ཟླ་བའི་ཉ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་ཚེ། ༣ སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་གཉིས་པ་པདྨ་ཀ་ར་ལྷར་བཅས་འགྲོ་བའི་དེད་དཔོན་ཆེན་པོ་དེ་ཉིད་རྡོ་རྗེ་སེངྒེའི་ཁྲི་ལ་ཞལ་ཤར་དུ་ཕྱོགས་ནས་བཞུགས་ཏེ། ༤ འཁོར་ཕུན་སུམ་ཚོགས་པ་རྗེ་འབངས་སྙིང་གི་བུ་དགུ་དང་ཞི་དང་ཁྲོ་བོ་རྒྱལ་དང་རྒྱལ་སྲས་ལྷ་ཀླུ་མི་ཡི་ཚོགས་དཔག་ཏུ་མེད་པའི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་གཟུགས་ཀྱི་སྤྲུལ་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསོལ་བ་བཏབ་པ་བཞིན། ༥ ཆོས་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀྱི་རྩ་རྒྱུད་དང་དེ་ལ་ཉེ་མཁོའི་གསང་སྒྲུབ་ཡིད་བཞིན་ནོར་བུ་སོགས་རྒྱས་པར་གསུངས་པར་མཛད། །རྩ་རྒྱུད་དེ་ལ་དབུ་མའི་དགོངས་པ་བཞིན་དང་། ཕྱག་རྒྱ་ཆེན་པོ་ལྟར་དང་། ཁྱད་པར་ཡང་གསང་རྫོགས་པ་ཆེན་པོའི་རི་ཤན་དང་སྦྱར་བའི་དགོངས་དོན་བཞིན་རྒྱས་པ་གསང་སྒྲུབ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་གསུངས། ཆོས་རྗེ་ཡིད་བཞིན་ནོར་བུ་༧ འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཕྱི་དུས་ཀྱི་འཁོར་ལོ་ལས།
དེང་སང་བདུད་རིས་ཧ་ཅང་དཔུང་བཙན་པས། །
ཆོས་བཞིན་སྨྲས་ན་སྲོག་ལའང་རྒོལ་སྲིད་ཕྱིར། །
མི་སྨྲའི་དམ་བཅའ་ཕྲག་པར་བརྟེན་འོས་ཀྱང་། །
ཕན་སེམས་སྤྱོད་པའི་ངང་ཚུལ་འགོག་མ་ནུས། །

སྡུག་འབད་དཔྱད་པའི་ཁུར་གྱིས་ནོན་མིན་པར། །
དགོངས་བརྒྱུད་བཅུད་མཆོག་སྙིང་དབུས་སོན་མ་ཐག །
རབ་འབྱམས་གསུངས་རབ་མཇལ་བའི་སྤྱན་ཐོབ་པའི། །
བརྒྱུད་གསུམ་བླ་མའི་བརྟུལ་ཞུགས་ཁོ་བོས་རྙེད། །
 སོགས་ནས།
ཆོས་ཚུལ་འདི་ལ་འབྲེལ་བ་ཐོགས་ཚད་ཀུན། །
མི་རིང་རིགས་ལྡན་འདུས་པའི་གྲལ་འཁོད་ནས། །
ཁ་སྦྱོར་རྒྱལ་ཐབས་མཆོག་ལ་དབང་བསྒྱུར་ནས། །
ཀླ་ཀློའི་སྡེ་དཔུང་འཇོམས་པའི་མཐུ་ཐོབ་ཤོག །
ཅེས་དང་། མཆོག་གི་དག་སྣང་ཆོས་སྡེ་ལས། རྒྱ་གར་སྐད་དུ། །ཀ་ལ་ཙཀྲ་ཏནྟྲ་སྱ་གྷརྦྷ། །བོད་སྐད་དུ། དུས་འཁོར་རྒྱུད་ཀྱིི་ཡང་སྙིང་། །དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། ཞེས་སོགས་དང་།
དེ་ལྟ་བུའི་རྒྱུད་དགོངས་འགྲེལ་དང་བཅས་པའི་བརྗོད་བྱ་ནི། ཕྱི་དུས་ཀྱི་འཁོར་ལོ་རི་གླིང་གཟའ་སྐར་གྱི་རྣམ་གཞག་འདི་རྣམས་མེད་སྣང་སྟོང་པའི་རང་གཟུགས་ནང་རྩ་རླུང་ཐིག་ལེའི་འདུ་འཕྲོད་ལས་ཤར་ཞིང་། ནང་དུས་ཀྱི་འཁོར་ལོ་ནང་ཆོས་ཀུན་ཀྱང་རང་བཞིན་གྱི་རྣམ་པར་དག་པ། གཞན་དཀྱིལ་འཁོར་ལྷ་ཡི་ངོ་བོར་གནས་པ། དེ་ཡང་འགྱུར་མེད་བདེ་བ་ཆེན་པོ་དང་སྟོང་ཉིད་ཕྱག་རྒྱ་ཆེན་པོ་དབྱེར་མི་ཕྱེད་པ་འཁོར་འདས་ཀུན་ལ་ཁྱབ་པའི་ཧེ་རུ་ཀར་གཏན་ལ་འབེབས་པ་དང་གནས་ལུགས་རང་བྱུང་གི་རིག་པ་ཀ་དག་ལྷུན་གྲུབ་དབྱེར་མེད་པའི་རིག་པ་མཐར་ཐུག་ཆོས་སྐུ་ངོ་བོ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་་སྐུ་བསྟན་པ་ཡིན་ནོ།
དཔལ་དུས་ཀྱི་འཁོར་ལོའི་སྙིང་པོའམ་གཟུངས་སྔགས་ཡི་གེ་འབྲུ་བཅུ་པ་ལ་རྣམ་བཅུ་དབང་ལྡན་ཅེས་ཟེར། ཡི་གེ་བཅུ་པོ་འདི་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས།  ནང་བཅུད་ཀྱི་རྡོ་རྗེའི་ལུས། གཞན་སེམས་ཀྱི་དཀྱིལ་འཁོར་རྣམ་པ་བཅས་མཚོན་བྱེད་ཡིན་ནོ།
༡ ཕྱི་འཇིག་རྟེན་གྱི་ཁམས་དང་སྦྱར་ན།  ཡི་གེ་རྣམ་པ་བཅུ་པོ་བརྩེགས་མར་གནས་པའི་འོག་གི་ཡ་ཡིག་ནི། འོག་གཞི་རླུང་གི་དཀྱིལ་འཁོར་མཚོན་བྱེད། དེའི་སྟེང་གི་ར་ཡིག་ནི་མེའི་དཀྱིལ་འཁོར་མཚོན་བྱེད། དེའི་སྟེང་གི་ཝ་ཡིག་ནི་ཆུའི་དཀྱིལ་འཁོར་མཚོན་བྱེད།  དེའི་སྟེང་གི་ལ་ཡིག་སའི་དཀྱིལ་འཁོར་མཚོན་བྱེད།   དེའི་སྟེང་གི་མ་ཡིག་འདོད་པ་མཚོན་བྱེད། དེའི་སྟེང་གི་ཀྵ་ཡིག་གཟུགས་ཁམས་པ་མཚོན་བྱེད།  དེའི་སྟེང་གི་ཧ་ཡིག་གཟུགས་མེད་ཀྱི་ཁམས་མཚོན་བྱེད།  དེའི་སྟེང་གི་སྣ་ལྡན་ཟླ་ཚེས་ཟླ་བའི་དཀྱིལ་འཁོར་མཚོན་བྱེད། དེའི་སྟེང་གི་ཐིག་ལེ་ཉི་མའི་དཀྱིལ་འཁོར་མཚོན་བྱེད།  དེའི་སྟེང་གི་ནཱ་ད་ནི་སྟོང་པ་སྒྲ་གཅན་གྱི་ཁམས་མཚོན་བྱེད་བཅས་ཡིན།
  ནང་རྡོ་རྗེའི་ལུས་དང་སྦྱར་ན།  འོག་གི་ཡ་ཡིག་ལུས་ཀྱི་རྒྱུ་ཕ་མ་གཉིས་ཀྱི་ཀུན་རྟོག་གི་འབྱུང་བ་རླུང་ཁམས་མཚོན་བྱེད།  དེའི་སྟེང་གི་ར་ཡིག་ནི་ལུས་རྒྱུ་ཕ་མ་གཉིས་པོའི་ཆགས་པའི་དྲོད་འབྱུང་བ་མེའི་ཁམས་མཚོན་བྱེད།
དེའི་སྟེང་གི་བ་ཡིག་ནི་ལུས་ཀྱི་རྒྱུ་ཕ་མ་གཉིས་པོའི་ཆགས་དྲོད་འབར་བ་ལས་བྱུང་བའི་ས་བོན་འབྱུང་བ་ཆུ་ཡི་ཁམས་མཚོན་བྱེད།  དེའི་སྟེང་གི་ལ་ཡིག་ནི་ཕ་མ་གཉིས་ཀྱི་ས་བོན་འདུས་པའི་ཁམས་རག་པ་ལུས་ཁམས་ཀྱི་འབྱུང་བ་སའི་ཁམས་མཚོན་བྱེད།  དེའི་སྟེང་གི་མ་ཡིག་ནི་རྣམ་ཤེས་ཚོགས་དྲུག་མཚོན་བྱེད། དེའི་སྟེང་གི་ཀྵ་ཡིག་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མཚོན་བྱེད།  དེའི་སྟེང་གི་ཧ་ཡིག་ནི་ལུས་ཁམས་ཀྱི་སྲོག་ཟུང་དྲི་མ་རྣམས་རྒྱུ་བའི་བུ་ག་ནམ་མཁའི་ཁམས་མཚོན་བྱེད།  དེའི་སྟེང་གི་སྣ་ལྡན་ཟླ་ཚེས་ནི་རྩ་རྩ་རོ་མ་མཚོན་བྱེད། དེའི་སྟེང་གི་ཐིག་ལེ་ནི་རྩ་རྐྱང་མ་མཚོན་བྱེད།  དེའི་སྟེང་གི་ནཱ་ད་ནི་རྩ་དབུ་མ་མཚོན་བྱེད་ཡིན་ནོ།
  གཞན་དཀྱིལ་འཁོར་དང་སྦྱར་ན།  འོག་གི་ཡ་ཡིག་རླུང་བུམ་པ་ཅན་འཛིན་པ་ལ་སོགས་པ་རླུང་སྦྱོང་བའི་ལས་མཚོན་བྱེད།  དེའི་སྟེང་གི་ར་ཡིག་ནི་གཏུམ་མོའི་མེ་ཁམས་ཀྱིས་བདེ་དྲོད་སྦར་བ་མཚོན་བྱེད།  དེའི་སྟེང་གི་བ་ཡིག་ནི་སྤྱི་བོའི་ཐིག་ལེའི་ཁམས་འབར་འཛགས་ཀྱི་ལས་མཚོན་བྱེད།   དེའི་སྟེང་གི་ལ་ཡིག་ནི་དྭངས་མའི་ཁམས་ཀྱི་རྡོ་རྗེའི་ལུས་གྲུབ་པར་མཚོན་བྱེད།  དེའི་སྟེང་གི་མ་ཡིག་འདོད་ཁམས་སུ་སྐྱེས་པའི་བག་ཆགས་སྦྱོང་བ་མཚོན་བྱེད། དེའི་སྟེང་གི་ཀྵ་ཡིག་ནི་གཟུགས་ཁམས་སུ་སྐྱེས་པའི་བག་ཆགས་སྦྱོང་བ་མཚོན་བྱེད།  དེའི་སྟེང་གི་ཧ་ཡིག་ནི་གཟུགས་མེད་ཁམས་སུ་སྐྱེས་པའི་བག་ཆགས་སྦྱོང་བར་མཚོན་བྱེད། དེའི་སྟེང་གི་སྣ་ལྡན་ཟླ་ཚེས་ནི་ཐབས་ཀྱི་ཆ་མཚོན་བྱེད། དེའི་སྟེང་གི་ཐིག་ལེ་ནི་ཤེས་རབ་ཀྱི་མཚོན་བྱེད།  དེའི་སྟེང་གི་ནཱ་ད་ནི་ཟུང་འཇུག་སྟོང་པ་ཉིད་ཀྱི་དོན་མཚོན་བྱེད་ཡིན་ནོ། ཤེས་བྱ་ཀུན་ཁྱབ་ལས་བཏུས།  གཞན་ཡང་ཨོཾ་ཨྰཿཧྰུྃ་ཧོའམ་ཨོྃ་ཨྰཿཧྰུྃ་ཧྲྰིཿཞེས་བཟླས་དམིགས་དང་སྦྱང་བྱ་སྦྱང་བྱེད་ཚུལ་དུ་རི་ཤན་དང་སྦྱར་བ་གཏེར་གསར་ལྟར་བཤད་པ་རྣམས་དེ་དག་ལས་ཤེས་པར་བྱའོ། ཞེས་པ་འདི་ནི་རབ་རྒྱན་ས་གླང་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་ཙྰ་བ་དཔལ་ལྡན་ཕུན་ཚོགས་དང་དཔལ་ལྡན་རིན་ཆེན་ནས་བསྐུལ་མ་བཞིན་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྨྲས་པས་ཤྲྰི་ཛྙྰ་ན་ཀ་ལ་ཙཀྲ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ