དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 28 September 2011
༄༅། །ཤྲྰི་ཨ་ནནྟ་བཛྲའི་རྣམ་ཐར་སྣང་སྲིད་གསལ་བའི་མེ་ལོང་ཞེས་བྱ་བ། །

ན་མོ་གུ་རུ་བུདྡྷ་ཛྙྰ་ཡ་མཉྫུ་ཤྲྰི་ཡེ། །
རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་རྨད་བྱུང་བ། །
མདོ་སྔགས་བསྟན་པའི་བདག་པོ་ཆོས་ཀྱི་རྗེ། །
སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་པོ་དང་། །
གངས་ཅན་མགོན་གཅིག་པདྨ་ཀ་ར་རྒྱལ། །

འཁོར་འདས་ཆོས་ཀུན་མཁྱེན་པའི་ཀུན་མཁྱེན་དང་། །
མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་རྗེའི་དཔལ། །
ཐུབ་བསྟན་ཡོངས་ལ་དུང་བའི་ལྷག་བསམ་དག །
རང་བློར་ལྐོག་གྱུར་མིན་པས་འདི་ན་འགོད། །

རང་རྣམ་ངེས་བརྗོད་སྙིང་དོན་དྲང་སྲོང་གིས། །
རྣམ་ཐར་བདུད་རྩིའི་གཏམས་པའི་བུམ་བཟང་ཞིག །
དོན་གཉེར་སྐལ་ལྡན་ཚོགས་ལ་ལེགས་འབུལ་ན། །
གཟུར་གནས་ཆོས་མཆེད་དགྱེས་པའི་མཆོད་སྤྲིན་ལགས། །

བོད་ཡུལ་མདོ་དབུས་ཁམས་ཀྱི་དཀྱིལ་འཁོར་ནས། །
དབྲ་ཆེན་ཨ་མྱེ་ཞི་ཁྲོ་རབ་འབྱམས་དང་། །
གླིང་བཟང་ཨོ་རྒྱན་སྒྲོན་མའི་རྟེན་འབྲེལ་ལས། །
ཁྲ་ཁོག་དབང་རི་མཁར་དམར་བདག་ཏུ་བཟུང་། །

རབ་དཀར་ཁ་བའི་ཞིང་གི་མདོ་ཁམས་སྟོད། །
རབ་རྒྱལ་ལྕགས་ཁྱི་དུས་ཆེན་སུམ་འཛོམས་ཟླའི། །
རབ་རྒྱལ་གཟའ་སྐར་ལེགས་པའི་ཉི་ཤར་ལ། །
རབ་གསལ་དལ་འབྱོར་སྙིང་པོ་གསར་དུ་བཞད། །

རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་འཁྱིལ་བའི་བདག །
བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་གྱིས། །
བྱིན་རླབས་དབང་བསྐུར་རྟེན་འབྲེལ་ཉེས་སེལ་མཛད། །
དཔལ་དགྱེས་རྡོ་རྗེའི་མཚན་གསོལ་རྗེས་སུ་བཟུང་། །

དཔལ་ཡོན་མི་ཟད་རྒྱན་པའི་རང་བྱུང་སྐུ། །
དགྱེས་པ་སྙིང་བརྩེ་ཡིད་འོང་རྒྱལ་བའི་སྲས། །
རྡོ་རྗེ་ཐེག་པའི་གསང་བའི་མཛོད་འཛིན་པའི། །
སངས་རྒྱས་ཐོད་པ་ཞེས་གསུངས་ཐུགས་བརྩེ་གནང་། །

ཕྱི་ལ་ནག་ཕྱོགས་དགྱ་དམར་དབང་བཙན་ཀྱང་། །
ནང་དུ་ཆོས་མཐུན་བཟང་པའི་སྐྱེན་པོའི་སྡེ། །
དགེ་འདུན་འདུས་སྡེ་སྐལ་བ་བཟང་པོའི་མཐུས། །
ལེགས་མཛད་ཡར་ངོའི་ཟླ་བའི་དཔལ་དུ་འགྲན། །

སྲིད་ཞིའི་གདུང་སེལ་ལྷག་བསམ་འོད་དཀར་ཅན། །
དོན་གྱི་འཕེལ་འགྲིབ་བྲལ་བའི་བྱང་ཆུབ་སེམས། །
ནམ་ཡང་ཉམ་པ་མེད་པའི་རྒྱལ་བའི་ཐུགས། །
སངས་རྒྱས་ཡེ་ཤེས་སྤྲུལ་པར་ལུང་གིས་བསྔགས། །

སྣང་སྲིད་ཟིལ་གནོན་རྟུལ་ཞུགས་ཡང་སྤྲུལ་རྗེ། །
ཁྲོམ་དགེ་ཨ་རིག་བཀྲ་ཤིས་རྡོ་རྗེ་སོགས། །
ངེས་དོན་མཁས་གྲུབ་བླ་མ་དམ་པ་ཡིས། །
བདེན་གསུང་ཚངས་པའི་དབྱངས་ཀྱིས་ལུང་དུ་བསྟན། །

བདག་ནི་དྲིན་ཆེན་ཨ་མའི་བཀའ་བཞིན་དང་། །
བདག་ཉིད་སྲིད་པའི་གནས་ལ་འཇིགས་དྲག་ནས། །
བདག་གི་སྐྱབས་གཅིག་མ་ཧྰ་གུ་རུ་རྗེར། །
བདག་སྙིང་དྲན་པའི་གསོལ་འདེབས་ཡང་ཡང་བྱས། །

སྙིགས་ལྔའི་དུས་ཀྱི་རྒུད་པའི་མཐར་སྐྱེས་ཀྱང་། །
ཡང་ཟབ་ཀུན་བཟང་བླ་མའི་ཞལ་ལུང་ཉིད། །
ཆུང་ནས་ཐོས་པའི་ཕན་ཡོན་བདག་ལ་ཐོབ། །
དེས་ན་མཆོག་གསུམ་དད་གུས་ངེས་པར་ཤེས། །

མཚན་གྱི་རྨི་ལམ་བཟང་པོས་བསྐུལ་མ་གཅིག །
ཉིན་གྱི་ཕ་མ་བཟང་པོས་ཞལ་གདམས་གཉིས། །
ཁྱད་པར་མཁས་བཙུན་བཟང་པོའི་ཡོན་ཏན་ཅན། །
མཚན་ལྡན་བཤེས་གཉེན་མཇལ་བའི་ལས་འཕྲོ་བྱུང་། །

སྐད་ཡིག་ཐོག་མར་སུམ་རྟགས་དག་གསུམ་དང་། །
རྣམ་ཐར་གླིང་སྒྲུང་མི་ལ་རས་པའི་མགུར། །
ལོ་རྒྱུས་ཆོས་འབྱུང་ཞི་ཁྲོ་ཆོས་སྤྱོད་ལ། །
ཕྱུགས་རྫིས་ཞོར་དུ་མགོ་བོ་དེ་ལ་འཁོར། །

དད་པའི་འདབ་མ་ཐུབ་པའི་སྐྱེད་ཚལ་དུ། །
གུས་པའི་ཕྱག་རྒྱ་སྙིང་གི་གེ་སར་བཞད། །
སྲིད་པའི་འབྱུང་གནས་འཁོར་བའི་སྡུག་བསྔལ་ལས། །
ཐར་པའི་སྦྲང་རྩི་ལེན་ལ་དུང་བས་འབྲེལ། །

བཅུ་གསུམ་རང་སྐེག་བར་ཆད་མགོ་ལ་ཕོག །
འཆི་བའི་ལམ་དུ་གོམས་པ་ཕྱེད་དུ་སྤོས། །
མི་འདོད་ན་ཚ་དྲག་པོས་གཟིར་བའི་སྐབས། །
རྡོ་རྗེའི་གོ་ཁྲབ་གདམས་པས་རྒྱལ་ཁ་བླངས། །

དགེའུ་དགོན་དུ་བརྩེ་བའི་མཁན་ཆེན་དང་། །
དགེ་མང་རི་ཁྲོད་པདྨ་དབང་གི་རྒྱལ། །
དགེ་འདུན་འདུས་པའི་སྡེ་དང་མ་འབྲལ་ཞིང་། །
དགེ་བཅུ་ཡང་དག་སྤྱོད་པའི་དཔལ་དུ་གྲུབ། །

དམ་ཆོས་རྩ་བ་སོ་ཐར་བྱང་སེམས་ཀྱི། །
དོན་གྱི་སྡོམ་པ་སེམས་ཀྱི་གནས་ཡིན་མོད། །
སྡོམ་རྒྱུན་མི་ཉམས་བསྟན་པའི་རྒྱུད་འཛིན་ཕྱིར། །
དགེ་མང་མཁན་ཆེན་མདུན་ནས་རབ་ཏུ་བྱུང་། །

རིག་སྟོང་ཆོས་སྐུའི་རྒྱལ་ས་ཟིན་པའི་སྐུ། །
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ཉིད། །
རྒྱ་ནག་རི་བོ་རྩེ་ལྔའི་ཞིང་ནས་མཇལ། །
ཆོས་དབྱིངས་བློ་གྲོས་བདེན་གཅིག་བཙན་ས་ཟིན། །

ཟླ་རྒྱུད་པན་ཆེན་པདྨ་ཚེ་དབང་ལས། །
སྒྲ་ཚད་བཟོ་གསོ་ནང་དོན་རིག་པའི་གཞུང་། །
མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་བྱས། །
དབང་ཁྲིད་བཀའ་གཏེར་མན་ངག་ཆ་ཚང་ཞུས། །

ཉེར་ལྔའི་ཚེ་སྐེག་འཆི་བའི་དུས་སླེབས་ཀྱང། །
དམ་པས་ལུང་བཞིན་སྒ་ཡི་མཆོད་རྟེན་དྲུང་། །
མར་པ་ཆོས་དབྱིངས་རྡོ་རྗེས་བྱིན་རླབས་ཀྱིས། །
འཆི་མེད་ཚེ་ཡི་ལྷག་མ་གསར་དུ་བསྐྲུན། །

བླ་མས་ལུང་བསྟན་དུས་ཀྱི་ཕོ་ཉས་བསྐུལ། །
ཀུན་སྤངས་བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་ལས། །
གསང་ཆེན་རྒྱུད་སྡེ་ཕྱི་ནང་གསང་བའི་སྐོར། །
དྲི་མེད་ཡེ་ཤེས་རིག་པའི་ཀློང་དུ་གཏམས། །

ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དང་། །
བསྟན་འཛིན་རྒྱ་མཚོ་ཡེ་ཤེས་ཕུན་ཚོགས་སོགས། །
མཚན་ཉིད་ཀུན་ལྡན་མཁས་བཙུན་གྲུབ་པའི་དབང་། །
གཙུག་གི་རྒྱན་དུ་མཛེས་པའི་དགེ་ལེགས་ཤར། །

འཐའ་གཉིས་ཕྱོགས་སུ་མ་ལྷུང་ཆོག་ཤེས་དང་། །
ཐོས་བསམ་སྒོམ་པའི་གནས་ལ་དུས་འདས་ནས། །
བགྲང་བྱ་ཉེར་ལྔར་བརྩོན་པ་བདག་གིར་བཞེས། །
བཅུ་ཕྲག་རིག་པར་སྦྱང་འབྲས་མཐར་ཕྱིན་མཛད། །

སྔ་འགྱུར་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་། །
ཕུན་ཚོགས་ནོར་བུའི་དགའ་ཚལ་ག་ལ་བར། །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ལེགས་བསྒྲེངས་ནས། །
ཆེ་རྒུའི་རལ་བའི་ཅོ་པན་གདན་དུ་བཤམས། །

འོད་གསལ་སྙིང་པོའི་སྒྲུབ་པའི་ཆོས་སྡེ་ཆེ། །
སྔ་འགྱུར་ཨ་མྱེ་དགོན་པའི་ཆོས་གླིང་དུ། །
ཟབ་ཁྲིད་བཀའ་གཏེར་བྱེ་བའི་སྒོ་འཕར་ཕྱེས། །
ལས་ཅན་སྐྱེས་བུར་སྨིན་གྲོལ་ཆོས་སྦྱིན་སྤེལ། །

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱེ་སྔ་དང་། །
ལམ་མཁྱེན་རྒྱལ་པོ་མཆོག་གི་དགོངས་གསོལ་བཞིན། །
དཔལ་ལྡན་ཕག་གྲུ་ནང་བསྟན་སློབ་གཉེར་ཁང་། །
གསར་བཞེངས་བསྟན་པ་འཛིན་སྐྱོང་སྤེལ་བར་བྱས། །

སྐྱབས་མགོན་རྗེ་དང་ལམ་ཁྱེན་རིན་པོ་ཆེས། །
བཀའ་རྟགས་ཕྱག་རྒྱས་ཐེམ་ཀ་བསྟོད་བསྔགས་བཅས། །
ཕག་གྲུའི་མཁན་ཆེན་དཔལ་དགྱེས་རྡོ་རྗེ་ཞེས། །
དགེ་འདུན་མི་ཕྱེད་འདུན་པའི་རྒྱན་དུ་མཛེས། །

དྭགས་བརྒྱུད་བྱང་ཆུབ་གླིང་གི་མཁན་སྤྲུལ་དང་། །
གདན་ས་ཆེན་པོ་གནས་པའི་དགེ་བའི་བཤེས། །
ཞི་བྱེད་བེེ་རོ་ཨ་ཕྱི་ཆོས་གླིང་སོགས། །
རྒྱ་བལ་དད་ལྡན་ཆོས་འབྲེལ་གང་དགོས་ཕུལ། །

ཁྱད་པར་ཚེ་རབས་ལས་ཀྱི་འབྲེལ་བའི་མགོན། །
གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་དང་། །
དམ་ཚིག་གཙང་མའི་ཕྱག་རྒྱ་ཡོངས་པའི་ཀློང་། །
ཐུགས་བརྩེ་མཁྱེན་པའི་རང་མདངས་གཅིག་ཏུ་འདྲིས། །

བསྟན་པའི་བདག་པོ་༧གོང་ས་མཆོག་གིས་ཀྱང་། །
བསྟན་པ་ཡོངས་རྫོགས་དབང་བའི་དགེ་སློང་ཆེར། །
བསྟན་འཛིན་དགེ་ལེགས་ཡར་འཕེལ་ཆོས་རྒྱལ་ཞེས། །
བསྟན་འགྲོར་ཕན་བདེའི་དཔལ་དུ་བསྙེན་པར་རྫོགས། །

དྲི་མེད་རི་བོ་མ་ལ་ཡ་ཡི་གནས། །
དུས་བཞི་དབྱར་དུ་མཆིས་པའི་དགའ་ཚལ་དུ། །
དཔལ་ལྡན་ཆོས་ཀྱི་སྒྲོན་མའི་ཐུགས་བསྐྱེད་བཞིན། །
ཏྰ་ར་དྷརྨའི་ཆོས་ཚོགས་གསར་དུ་གཙུགས། །

ཕྱོགས་བཅུའི་རྒྱལ་ཁམས་འདུ་བའི་གཡང་གི་དཔལ། །
འཇམ་དབྱངས་ཕྱག་གི་རལ་གྲིས་བྱིན་པའི་གནས། །
སེངྒེའི་གླིང་ཕྲན་མཛེས་པའི་དཀྱིལ་འཁོར་དུ། །
རིག་འཛིན་ཞི་ཁྲོའི་སྒྲུབ་སྡེ་འོད་དུ་འབར། །

ཉེར་བདུན་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །
ལྷན་སྐྱེས་བདེ་སྟོང་བསྐྱེད་པའི་གྲོགས་མཆོག་གིས། །
ཕྱི་ནང་གསང་བའི་བརྡ་དོན་རྟགས་ཀྱི་དོན། །
ཟབ་གསང་རྟེན་འབྲེལ་མ་རལ་ཨེ་མ་ཧོ། །

མཁན་པོའི་མཁྱེན་རྒྱ་ནམ་མཁའི་མཐའ་དང་མཉམ། །
བརྩེ་ཆེན་སྙིང་རྗེ་བདག་ལས་གཞན་གཅེས་མཛད། །
མཚན་ལྡན་བླ་མ་མདོ་སྔགས་བསྟན་པའི་བདག །
མཁན་ཆེན་བླ་མ་ཞེས་པའི་མིང་དུ་གྲགས། །

རྟེན་འབྲེལ་གནད་ལ་དབང་བའི་པདྨ་གླིང་། །
བྱང་ཕྱོགས་ཆོས་ལྷར་དཔལ་དགེ་རི་ཁྲོད་སོགས། །
ཆོས་ཀྱི་གྲགས་པའི་བཤད་སྒྲུབ་བསྟན་པའི་གནས། །
རབ་གསལ་ཟླ་བའི་འོད་མདངས་ཤིན་ཏུ་བཀྲ། །

ཁྱད་པར་ནུབ་ཕྱོགས་གླིང་གི་ཝ་ཡེལ་ན། །
བོད་བརྒྱུད་བསྟན་པའི་སྙིང་པོ་མདོ་སྔགས་ཀྱི། །
རྣལ་འབྱོར་ཆོས་གླིང་ཀུན་བཟང་ཞིང་ཁམས་སུ། །
ཡང་དག་ཆོས་པའི་དགེ་འདུན་བླ་ན་མཐོ། །

བསིལ་ལྡན་བོད༵་ནས་ལེགས་བརྒྱུད༵་མདོ་སྔགས་ཀྱི། །
ཐུབ་བསྟན་སྙིང་པོ་ཟབ་ལམ་རྣལ༵་འབྱོར༵་ཆེའི། །
སྒྲུབ་ལ་སྦྱོར་བའི་བསྟི་གནས་ཆོས༵་ཚོགས༵་འདིའི། །
མཛད་ཕྲིན་དཀར་ཕྱོགས་ཟླ་བའི་རྗེས་འགྲོར་གསུངས། །

སྒྱུ་འཕྲུལ་དྲ་བའི་རྨི་ལམ་འོད་གསལ་ལས། །
ཀུན་ཕན་གངས་ལྗོངས་བསོད་ནམས་དཔལ་གྱི་འབྲས། །
ཡོངས་སྨིན་ཨེ་ཝྃ་ཆོས་སྨན་བདུད་རྩི་ཆེའི། །
ལྔ་རིག་ནོར་བུའི་ཆོས་སྡེ་འཛུམ་དཀར་ངོམས། །

འོན་ཀྱང་ནང་རུལ་མུན་པ་སོལ་བའི་རང་མདངས། །
རྣམ་དཀར་དགེ་བའི་དངོས་པོ་ན་ཕྲ་བར། །
མཁྲིས་ནད་ཅན་ལ་དུང་དཀར་སེར་འཛིན་བཞིན། །
ལོག་པའི་ཆགས་སྡང་རྨོངས་རྣམས་ཨ་ཙ་མ། །

བདག་ལ་བཟང་ངན་ལས་ཀྱི་འབྲེལ་བ་ཀུན། །
ཀུན་བཟང་རྒྱལ་སྲིད་ཆེན་པོར་ལེགས་ཐོབ་ནས། །
ཀུན་ཀྱང་ཀུན་བཟང་སྤྱོད་པ་རྒྱ་མཚོའི་ཀློང་། །
ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །

ཅེས་པ་རབ་རྒྱན་ལྕགས་ཡོས་ཟླ་ཚེས་ངན་པའི་རླུང་ཕྱོགས་ཀྱིས་འབྲི་གུང་པ་འབྲུག་ཚེ་རིང་ཟེར་བ་དང་རྙིང་མའི་སྐྱབས་རྗེ་རུ་གྲགས་པའི་མིང་རྫུན་ལ་ཀརྨ་ཡེ་ཤེས་སུ་འབོད་པ་སོགས་ཀྱིས་ཁ་བརྡ་དྲ་མཆན་དུ་རང་གི་རྨི་ལམ་དུ་ཡང་རྨིས་མ་མྱོང་པའི་རྫུན་ཞྭ་ནག་པོ་དགུ་བརྩེགས་ཞིག་བདག་ལ་གནང་བའི་རྐྱེན་དང་། ཤེས་རབ་ཀྱི་མིག་ལོང་བའི་དོན་མེད་རྨོངས་རྒྱུགས་ལོག་ལམ་དུ་སོང་བ་དུ་མ་ཡང་ཚིག་ནག་དེ་དག་ལ་འཇུས་ཤིང་ཁྱི་རྒན་ཀི་ཅོ་སྒྲོག་པའི་དཔེ་མཚོན་ཞིག་གིས་རྐྱེན་དང་། སྙིང་ནས་བརྩེ་དུང་དད་མདུན་ལ་ངོ་ལྐོག་གཞི་ནས་བྲལ་ཞིང་བདག་ལ་སྙིང་དང་མིག་ལས་གཅེས་པའི་རྡོ་རྗེ་ཆོས་མཆེད་ལྕམ་དམ་པ་འགས་བསྐུལ་བ་ལ་བརྟེན་ནས་དབྱིན་ལན་བུདྡྷ་ཛྙྰ་ནའི་ཆོས་ཚོགས་ཁང་དུ་ཅི་དྲན་རང་རྣམ་མདོར་བསྡུས་ཞིག་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གླུ་རུ་བླངས་པས་གཞི་མེད་རྫུན་གཏམ་གྱི་འཇའ་རིས་དབྱིངས་སུ་དེངས་པའི་བརྡ་རུ་སྨྲས་པ་དགེའོ། དགེའོ། ། དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ