དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 18 March 2012
༄༅། །ཨ་མ་དྲིན་ཆེན་ཨོ་རྒྱན་སྒྲོན་མའི་བྱམས་བརྩེ། །
ན་མོ་གུ་རུ་ཨོ་ཌྱི་ཏྰ་ར་ཡེ། །
དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་ཆེན། །
ཕངས་མེད་བྱམས་པས་གནང་བའི་ཨ་མ་ཁྱེད་ལ། །
བཀའ་དྲིན་ཆེ་ཞེས་བུ་ངས་སྙིང་ནས་གསོལ་བས། །
མ་གྱུར་འགྲོ་ཀུན་སྐྱོབ་པའི་མཐུ་སྟོབས་སྩོལ་ཤོག །



གར་འགྲོའི་རང་དབང་བྲལ་བའི་སེམས་པ་ཁེར་རྐྱང་། །
ངེས་མེད་བར་དོར་འཁྱམ་པའི་མིང་བཞིའི་ཕུང་པོ། །
འཇིགས་སྐྲག་ལས་ཀྱིས་དེད་པའི་འཁྲུལ་སྣང་དག་ལས། །
ངལ་གསོས་སྐལ་བཟང་སྟེར་བའི་ཨ་མ་དྲིན་ཆེན། །
བཀྲེས་སྐོམ་ཚ་གྲང་མྱོང་བའི་ཤ་ཁྲག་རང་གཟུགས། །
ཟླ་དགུ་ངོ་བཅུར་ལུས་ཟུངས་བཅུད་ཀྱིས་སྐྱོང་ཞིང་། །
རང་ལས་བུ་ལ་བྱམས་པའི་བརྩེ་ལྡན་མ་ལོ། །
བཟང་དགུའི་ལུས་མཆོག་སྟེར་བའི་ཨ་མ་དྲིན་ཆེན། །
དབྲ་ཆེན་བུ་ངའི་ངུ་སྐད་ཐོག་མར་སྒྲག་ས། །
སྦྲ་ནག་གྲུ་བཞིའི་ཕུག་ནས་གླུ་ཆུང་ལེན་ཚེ། །
བརྩེ་བ་ཆེན་པོས་ཁྲུས་དང་གོས་བཟང་གསོལ་ནས། །
སྙིང་ལས་གཅེས་འཛིན་གནང་བའི་ཨ་མ་དྲིན་ཆེན། །
ཉམ་ཆུང་ཁོ་ལག་ཞན་པའི་བྱིས་པ་བདག་ལ། །
ཞིམ་མངར་འོ་མ་དང་ནི་དྲོད་ཀྱིས་གསོས་ཞིང་། །
དཀར་མངར་གྲོ་རྩམ་ཅི་དགོས་ཕུད་ཀྱིས་མཆོད་པའི། །
བཀའ་དྲིན་གཞན་དུ་མེད་པའི་ཨ་མ་དྲིན་ཆེན། །
རིན་ཆེན་གསེར་ལས་དཀོན་པའི་ཚེ་སྲོག་འཚོ་བ། །
རིན་ཐང་བརྗོད་དུ་མེད་པའི་མི་འཇིགས་སྦྱིན་པ། །
ན་ཟུག་ཕྲ་མོ་ཡན་ཆོད་ཐབས་ཀྱིས་བསལ་ཞིང་། །
འབག་གཙོག་འཚེར་སྣང་མེད་པའི་ཨ་མ་དྲིན་ཆེན། །
ཉིན་མཚན་བདེ་བའི་གཉིད་དང་དུས་ཚོད་མེད་པས། །
བུ་ངར་བྱམས་པ་ཆེན་པོས་བདག་ཏུ་བཟུང་ནས། །
ཞིམ་མངར་འོ་མའི་རྒྱུན་བཟང་ལོངས་སུ་སྤྱོད་པས། །
ཁམས་དྲུག་མྱུ་གུ་སྨིན་པའི་ཨ་མ་དྲིན་ཆེན། །
དུད་འགྲོ་བཞིན་ཡང་རྐང་གཉིས་མི་རུ་འདྲེན་ཞིང་། །
བརྡ་སྤྲོད་སྐད་ཡིག་སློབ་པའི་དགེ་རྒན་ཐོག་མར། །
བླང་དོར་ཚུལ་བཞིན་སྟོན་པའི་བླ་མ་དང་པོ། །
བསྟན་སྲིད་ལམ་རིམ་བསྩལ་བའི་ཨ་མ་དྲིན་ཆེན། །
དྭ་ཕྲུག་ལོ་གསུམ་ལོན་པའི་དཔལ་དགྱེས་རྡོ་རྗེར། །
ཨ་མས་ཅི་དགོས་འགྲོ་འདུག་ཟས་གོས་འཚོ་བས། །
མི་ཞན་ན་ཟླ་ཚོ་ལས་བདག་ལྷག་གནང་བའི། །
ལྟོ་སྐྱ་གོས་ཧྲུལ་མཛད་པའི་ཨ་མ་དྲིན་ཆེན། །
མི་ཚེའི་མདུན་ལམ་ཤེས་བྱའི་སྣང་བར་གསལ་ནས། །
བློ་གྲོས་ཟབ་མོ་རྒྱལ་བའི་རྗེས་འཇུག་སྐུལ་བས། །
མི་ཚེའི་སྙིང་པོ་ཡང་དག་ལོན་ཐབས་མཛད་པའི། །
མཁྱེན་རབ་དབང་ཕྱུག་བདག་པོ་ཨ་མ་དྲིན་ཆེན། །
འུར་སྒྲོག་མིང་བྱང་བརྫིག་པོའི་སྤྲུལ་ལོ་ག་གེ །
ཆོས་མིང་དཀོར་ཁ་བསྡུད་པའི་ཡི་དྭགས་གཏེར་སྲུང་།
མི་དགོས་དམ་པ་གོང་མའི་ཐུགས་སྲས་ཞིག་ཏུ། །
མ་ནོར་ལམ་བཟང་སྟོན་པའི་ཨ་མ་དྲིན་ཆེན། །
དཀའ་སྤྱད་ཆོས་ལ་གནང་བའི་ཁྲིམས་ལྡན་ཨ་ནེ། །
འཁོར་བ་སྤང་དག་མཛད་པའི་བྱ་བཏང་རི་ཁྲོད། །
ཚེ་དང་སྒྲུབ་པ་མཉམ་པའི་མཚན་ལྡན་རྣལ་འབྱོར། །
བུ་ངའི་བར་ཆད་བསལ་མཛད་ཨ་མ་དྲིན་ཆེན། །
ད་ནི་ཚེ་གཅིག་གྲོལ་བའི་ཐུགས་དམ་མཛོད་དང་། །
བུ་ངས་ཚེ་གཡོག་ཅི་དགོས་བྱམས་བརྩེ་ཆེན་པོས། །
ཨ་མའི་དྲིན་ལན་མཇལ་མའི་སྐལ་བཟང་རིན་ཆེན། །
མི་ཚེ་འདི་ལ་བྱུང་བས་དགའ་སྤྲོ་བརྟས་སོ། །
ཞེས་པ་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཚེས་བཟང་ངམ་དབྱིན་ཡུལ་བྷ་གྷོར་ནས་ཨ་མའི་དུས་ཆེན་ཉིན་གང་དྲན་དུ་ཤྲྰིས་བྲིས་པ་དགེའོ། ། ཕྱི་ལོ་༢༠༡༢ ༣ ༡༨་ཉིན་བྲིས། །

0 comments:

ཟིན་བྲིས་འཚོལ་ཡུལ