དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 29 March 2012
ཨ་འགྱུར་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ལ་གདམས་པ་
ཀུན་ཕན་སྨན་མཆོག་བདུད་རྩི། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ལས་ཉོན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས། །
ཐར་ལམ་རིན་ཆེན་གླིང་དུ་འཁྲིད་མཛད་པའི། །
བླང་དོར་གནས་སྟོན་བདེ་བར་གཤེགས་པའི་སྐུ། །
དཀོན་མཆོག་ཀུན་འདུས་བླ་མ་རིན་ཆེན་རྒྱལ། །
བདག་ལ་དམ་པའི་ཡོན་ཏན་མི་ལྡན་རུང་། །
དམ་པའི་སྐྱེས་བུའི་ལས་བྱུང་དམ་ཆོས་དོན། །
མ་ནོར་ཉམས་སུ་བླངས་པའི་གྲུབ་འབྲས་ཤིག །
སྒོ་གསུམ་དམ་ཆོས་མཐུན་པར་འདི་ན་སྤྲོ། །
སྙིང་སྲོག་དམ་ཚིག་འབྲེལ་བའི་རྡོ་རྗེའི་མཆེད། །
སྙིགས་ལྔའི་དུས་མཐར་སྐྱོབས་པའི་དགེ་བའི་བཤེས། །
བཤད་སྒྲུབ་ཕྲིན་ལས་ཞིང་འདིར་སྤེལ་མཛད་པའི། །
ཨ་འགྱུར་ཐུབ་བསྟན་སྙན་གྲགས་བདག་ལ་དགོངས། །
ཆུང་ནས་དགེ་བའི་བཤེས་དང་འཕྲད་པའི་སྟོབས། །
ཐོས་བསམ་སྒོམ་པའི་གནས་ལ་བརྩོན་པའི་མཐུས། །
བཀའ་བསྟན་མན་ངག་བཤད་པའི་སྙིང་པོའི་དོན། །
སོར་བྱང་སྔགས་ཀྱི་སྙིང་པོའི་དོན་འདི་ན་འཆད། །
དེ་ཡང་དལ་འབྱོར་རྙེད་དཀའ་མི་རྟག་ཆོས། །
ལས་འབྲས་བསླུ་མེད་འཁོར་བའི་བདེ་སྡུག་ལ། །
ཡང་ཡང་བསམ་ཚེ་སྲིད་ལས་ངེས་པར་འབྱུང་། །
སྲིད་གསུམ་ལས་རྒྱལ་སོ་ཐར་བསྟན་པ་འཛིན། །
རྒྱུ་འབྲས་མན་ངག་བདུན་ནམ་སྨོན་འཇུག་གིས། །
བྱང་ཆུབ་སེམས་མཆོག་དམ་པ་ལེགས་གོམས་ནས། །
མཐའ་ཡས་ཕ་མ་མཁའ་མཉམ་སེམས་ཅན་དོན། །
རྣམ་མཁྱེན་བྱང་སེམས་ཐུགས་བསྐྱེད་རྟག་ཏུ་སྐྱོངས། །
སྣང་སྲིད་རྣམ་དག་ལྟ་བའི་བསྐྱེད་རིམ་གཅིག །
སྒྱུ་ལུས་ཐབས་ལྡན་སྒྲུབ་པའི་རྫོགས་རིམ་གཉིས། །
བསྐྱེད་རྫོགས་དབྱེར་མེད་རྟོགས་པའི་རྫོགས་ཆེན་གསུམ། །
ཡང་ཟབ་གསང་སྔགས་བསྟན་པ་དར་སྤེལ་མཛོད། །
འདི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང༌། །
དེ་བཞིན་ཚོར་དང་འགོག་པའི་བདེ་སྟོང་དང་། །
དེ་ཉིད་རྟོགས་དང་མ་རྟོག་རིག་སྟོང་གི །
རང་བཞིན་རྣམ་དག་ལྷུན་གྲུབ་རྫོགས་ཆེན་པ། །
རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །
ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །
ཕྱོགས་དུས་ཀུན་ཏུ་ནམ་ཡང་གྲུབ་པ་མེད། །
ནམ་མཁའི་དཔེ་དོན་རྟགས་ལས་རང་གིས་རྟོགས། །
དེ་ཉིད་དུས་གསུམ་རྒྱལ་བའི་དགོངས་པའི་དོན། །
དོན་གཅིག་མིང་གི་རྣམ་གྲངས་གྲངས་མེད་ཀྱང་། །
བདེན་གཅིག་རང་བྱུང་ཀུན་བཟང་ཆོས་ཀྱི་སྐུ། །
དེ་ཉིད་རྟོགས་པ་ལྷན་སྐྱེས་ཆོས་ཉིད་དོ། །
ཆོས་རྣམས་ཐམས་ཅད་རང་གི་སེམས་ཉིད་ཡིན། །
སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །
གང་གིས་གདོད་མའི་གཉུག་སེམས་རྟོགས་པ་ན། །
ཀུན་བཟང་གདོད་མའི་མགོན་པོ་དེ་ཀའོ། །
ལྟ་བ་ཀློང་ཆེན་རབ་འབྱམས་དེ་ཉིད་ཡིན། །
སྒོམ་པ་མཁྱེན་བརྩེ་འོད་ཟེར་དེ་ཁོ་ན། །
སྤྱོད་པ་རྒྱལ་བུའི་མྱུ་གུའི་རང་གཤིས་ཉིད། །
རང་བྱུང་རིག་པའི་རྒྱན་དུ་དག་རྫོགས་སྨིན། །
ཨེ་མ་བདག་ཅག་སྐལ་བ་ཤིན་ཏུ་བཟང་། །
བརྒྱུད་གསུམ་རིག་འཛིན་བླ་མའི་གྲལ་དུ་ཚུད། །
སྔ་འགྱུར་རྫོགས་ཆེན་བསྟན་པ་མཇལ་བ་འདི། །
བསྐལ་མང་ཚོགས་བསགས་མཐུ་ལས་བྱུང་བར་ངེས། །
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །
མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །
དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །
རང་བཞིན་རྫོགས་པ་ཆེན་པོའི་ཐེག་པ་ལས། །
ཀ་དག་ཁྲེགས་ཆོད་གདོད་མའི་དགོངས་བརྙེས། །
ལྷུན་གྲུབ་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས། །
རིག་འཛིན་རྣམ་བཞིའི་ས་ལམ་མཐར་ཕྱིན་ཤོག །
ཅེས་པའམ་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཡར་ཚེས་དགེ་བར་ཨ་འགྱུར་རིན་པོ་ཆེའི་བསྐུལ་བ་ལྟར་རྐྱེན་ལས་གདམས་པའི་གསང་མཛོད་ཅེས་བྱ་བ་རང་བཞིན་རྫོགས་པ་ཆེན་པོའི་མན་ངག་འདི་ཉིད་རི་ཁྲོད་པ་བིརྱ་དྷྰ་ར་ཤྲྰི་ཨ་ནནྟས་མཛད་པ་རྫོགས་སོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment