དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 April 2012
རྫོགས་ཆེན་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན།


༈ རྫོགས་ཆེན་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་མཐུ་སྟོབས་དབང་པོ་ཕྱོགས་ལས་རྣམ་རྒྱལ་མཆོག་ནི། གྲུབ་དབང་རིན་པོ་ཆེ་ཞིང་ཁམས་གཞན་དུ་དགོངས་པ་ཕྱོགས་པའི་ཚེ།
སྐལ་ལྡན་གྱི་སློབ་མ་རྣམས་ཀྱིས་སྤྲུལ་བའི་སྐུའི་སྣང་བརྙན་བཞེངས་པའི་གསོལ་འདེབས་དྲག་པོས་ཐུགས་རྗེ་བསྐུལ་བས་ཚད་མེད་སྙིང་རྗེའི་གཟིགས་པ་ཆེན་པོས་དག་པའི་ཆོས་ཀྱི་དབྱིངས་ལས་རྣམ་རོལ་མ་འགགས་པའི་སྒྱུ་འཕྲུལ་སྐྱེ་བ་སྤྲུལ་བའི་སྐུར་བཞེངས་པར་མཛད་དེ། དེ་ཡང་བྱང་ཕྱོགས་ཟླ་ཀླུང་གི་འགྲམ་དུ་གུར་དཀར་པོའི་བདག་པོ། ཨོ་རོད་ཚོ་བ་བཞི་བཅུའི་ནང་ཚན་ལས་གྱེས་པ། རྒྱལ་པོ་ཀུན་དགའ་དའི་ཆིངས་དང་། ནོམ་ཆི་ཐའི་ཇི་ལ་སོགས་པའི་སྲས་ཀྱི་བདག་གཉེར་འཚོ་བ་ལ་ཡུལ་སྐད་དུ་དར་ཁན་ཨུར་ལུག་ཏུ་གྲགས་པའི་རིགས་སུ། རབ་བྱུང་བཅུ་གཉིས་པའི་ནང་ཚན་མྱོས་ལྡན་ཞེས་པ་ས་མོ་ཡོས། སྤྱི་ལོ་ ༡༦༩༩ ལ་སྐུ་འཁྲུངས། འཇིགས་བྲལ་བའི་ཚངས་པ་སྡེ་དགེའི་སྐུ་ཞབས་དང་། གོང་མའི་ཐུགས་སྲས་རྣམས་ཀྱིས་བོད་ཡུལ་དབུས་ལྗོངས་ཀྱི་བླ་མ་ཆོས་སྐྱོང་རྣམས་ལ་བརྟག་ཞུས་ཕུལ་བས། དེ་དག་གིས་གོང་མའི་སྐྱེ་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང་། སྐུ་རིམ་ཞབས་བརྟན་ལ་འབད་ན་སྐུ་ཚེ་བསྟན་སྲིད་དར་རྒྱས་སུ་འབྱུང་ཚུལ་དང་། སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་རྡོ་རྗེས་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྡོར་བྲག་རིག་འཛིན་ཆེན་པོ་སྐལ་བཟང་པདྨ་དབང་ཕྱུག་གིས་པདྨ་བསྟན་འཛིན་ཐེག་མཆོག་རྒྱ་མཚོའི་སྡེ་ཞེས་མཚན་གྱི་ཅོད་པད་དང་བཅས། ཐེ་ཚོམ་གྱི་དྲ་བ་རྣམ་པར་བསལ་བར་མཛད་པ་བཞིན། དེར་མཚུངས་ངོས་འཛིན་ཕུལ་བ་དང་བཅས་སོམ་ཉིའི་མུན་པ་མིང་གི་ལྷག་མར་བཏང་བའི་ངེས་ཤེས་ཀྱི་ཉིན་བྱེད་དགུང་ནས་ཤར་བའི་ཚེ། གདན་ས་ཆེན་པོར་གསེར་ཁྲི་ལ་མངའ་གསོལ། དེ་སྐབས་གོང་མའི་ཐུགས་སྲས་གཏེར་ཆེན་དམ་པ་རིག་འཛིན་ཉི་མ་གྲགས་པ་གདན་ས་འདིར་མི་བཞུགས་པས་རྒྱལ་ཚབ་དམ་པ་དཔོན་སློབ་རིན་པོ་ཆེ་དང་། རབ་འབྱམས་པ་སོགས་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་པདྨ་དབང་ཆེན་དང་། པདྨ་དབང་དྲག་སོགས་ཕུལ། བླ་མ་རྣམ་གཉིས་ཀྱིས་ཡི་དམ་ཁ་ཤས་ཀྱི་དབང་བཀའ་སོགས་ཕུལ་ནས་ཉམས་བཞེས་མཛད། དགུང་ལོ་བཅུ་གཅིག་པ་ས་མོ་གླིང་གི་ལོ་ལ་དབུས་ལྗོངས་སུ་ཆིབས་བསྐྱོད་གནང་། ཐོག་མར་སྲིན་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། གོང་མའི་ཞལ་སློབ་ཀྱི་གཙོ་བོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ་མཇལ་ནས། རྗེ་དེ་ཉིད་ཀྱི་གཏེར་ཆོས་ཕལ་ཆེར་གསན། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ལས་ཀྱང་ནོར་བདག་ཡིད་བཞིན་ནོར་བུ་སོགས་གསན། གཏེར་ཆེན་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ། རིམ་པར་འབྲི་གུང་དཀོན་མཆོག་འཕྲིན་ལས་བཟང་པོ་ལས་གཤིན་རྗེ་ཁྲོ་ཆུ་སོགས་བཀའ་ཆོས་འགའ་ཞིག་གསན། ལྷ་སར་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་གཙུག་ལག་ཁང་རྣམས་སུ་མཆོད་པ་རྒྱ་ཆེར་ཕུལ། དེ་ནས་རྡོ་རྗེ་བྲག་དང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་རྣམས་སུ་ཞབས་བསྐྱོད་གནང་ནས། པདྨའི་གདུང་གསོབ་ཆོས་རྒྱལ་གཏེར་བདག་གླིང་པ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། བྱང་སྡོམ། སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་དུ་མའི་དབང་ལུང་སོགས་ཀྱིས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་བསྟེན། རྗེ་དེ་ཉིད་ཀྱིས་ཤ་འུག་སྟག་སྒོའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལུང་བསྟན་ལས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་༔ རྣལ་འབྱོར་འཛིན་པ་མདོ་ཁམས་ཕྱོགས་ནས་འབྱུང་༔ ཞེས་རྩ་བའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཞིང་། སྔར་གྱི་མཚན་འཕྲོར། མཐུ་སྟོབས་དབང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་བསྩལ། རྗེ་གཏེར་ཆེན་བླ་མ་དེ་ཉིད་དང་། ཁྱབ་བདག་རིགས་བརྒྱའི་དབང་ཕྱུག་དཔོན་སློབ་དམ་པ་གཉིས་བཀའ་དྲིན་ཁྱད་པར་འཕགས་པའི་རྩ་བའི་བླ་མ་རྣམ་གཉིས་སུ་འཛིན་པ་ཡིིན་ནོ། །
གཞན་ཡང་ཞབས་དྲུང་པདྨ་འཕྲིན་ལས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། དབུས་ཕེབས་ཕྱི་མའི་དུས་ཞབས་དྲུང་སྐལ་བཟང་པདྨ་དབང་ཕྱུག་ལས་བསྙེན་རྫོགས་བཞེས། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ་སོགས་མཆེད་ལྕམ་རྣམས་ལས་མདོ་སྒྱུ་སེམས་གསུམ་སོགས་བཀའ་མ་དང་། སྨིན་གླིང་གཏེར་ཆོས་གཙོ་བོ་གྱུར་པའི་ཆོས་བཀའ་མང་དུ་གསན། དཔལ་རི་སྤྲུལ་སྐུ་ངག་དབང་ཀུན་བཟང་པདྨ་ལས་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་དང་། ལྷོ་བྲག་པད་གླིང་ལྔ་པ་ངག་དབང་ཀུན་བཟང་རྡོ་རྗེ་ལས་རྙིང་བརྒྱུད་གཙོ་བོར་གྱུར་པའི་བཀའ་ཆོས་གསན་བསམ་རྒྱ་ཆེར་གྲུབ་ནས་ཕྱིར་ཕེབས། དེ་ནས་རིགས་བདག་དཔོན་སློབ་ནམ་མཁའ་འོད་གསལ་གཙུག་ཏུ་བསྙེན་ནས་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཉམས་ཁྲིད་ཟབ་བཞེས་ཐུགས་ཉམས་སུ་བསྟར་པའི་དུས་སུ་རྗེ་གོང་མའི་གསུང་སྒྲོས་དང་ཕྱག་བཞེས་ཕྲ་རགས་ཀྱི་གནད་མ་ཉམས་པར་སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་ཟབ་བྱིན་རླབས་ཀྱི་ཚན་ཁ་ཅན་ཐམས་ཅད་མ་ཚང་བ་མེད་པ་གསན་ནས་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་ཆོད་པར་མཛད། གཞན་ཡང་རིས་མེད་ཀྱི་བླ་མ་མང་དུ་བསྟེན་ཏེ་གཙོ་བོ་གོང་དུ་སྨོས་པ་རྣམས་དང་། གཞན་ཡང་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང་། ཁམས་སྤྲུལ་རིན་པོ་ཆེ་གོང་འོག་གཉིས། འབྲི་གུང་མཆོག་སྤྲུལ་རིན་པོ་ཆེ་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཞྭ་དམར་ཅོད་པན་འཛིན་པ་ཆོས་ཀྱི་དོན་གྲུབ། གླིང་གཏེར་སྟོན་པདྨ་དབང་ཕྱུག་སྟག་བླ་ཀུན་བཟང་བློ་གྲོས། གྲ་ཐང་མཁན་པོ་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས། དཔལ་རི་བ་ཀུན་བཟང་འོད་ཟེར། ཆོས་ཀྱི་སྤྱན་ལྡན་འགྱུར་མེད་སྐལ་བཟང་སོགས་ཡོངས་འཛིན་བཅུ་ཕྲག་བཞི་དང་ཉག་མ་གཅིག་གིས་ལྷག་པ་ལས་རྒྱལ་བའི་བཀའ་རིན་པོ་ཆེ་འགྱུར་རོ་ཅོག་གིས་གཙོས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་ཏེ་གསན་ཡིག་པུ་ཏི་གཉིས་སུ་ལོངས་པས་གསན་རྒྱ་ཤིན་ཏུ་ཆེ། གཞན་ཡང་རྩིས་དཀར་ནག་སྙན་ངག་སོགས་རིགས་ལམ་མང་པོར་ཡང་སྦྱོང་བརྡར་མཛད་པས་མཁས་པའི་ཕུལ་དུ་གྱུར། དེ་ལྟར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་གཅིག་ཏུ་བརྩོན་པར་མཛད་དེ། སྔོན་སྐུ་ཆུང་ངུའི་དུས་བསྙེན་མཚམས་ཁོ་ན་ལོ་གཅིག །བསྐྱེད་རྫོགས་གཉིས་ཀའི་ཉམས་བཞེས་ལོ་སྦྲེལ་མ་གཅིག །ཕྱིས་སུ་སྐུ་ཚེའི་གེགས་འཕྲང་དང་བར་ཆད་དག་སེལ་བའི་ཚེ་སྒྲུབ་གཙོར་སྨོས་ཀྱི་བཅད་རྒྱ་ལོ་གཅིག་ལས་རིང་དུ་བརྒལ་བ། ཁྱད་པར་རབ་བྱུང་བཅུ་གཉིས་པའི་བློ་ལྡན་ཞེས་པ་ལྕགས་བྱ། སྤྱི་ལོ་ ༡༧༤༡ མཇུག་ནས། རབ་བྱུང་བཅུ་གསུམ་པའི་ཤིང་ཕག་གི་ཧོར་ཟླ་དང་པོའི་ཡར་ཚེས། སྤྱི་ལོ་ ༡༧༥༥ བར་དུ། བསྟན་འཛིན་གྱི་སྐྱེས་ཆེན་དུ་མར་ཟབ་རྒྱས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བ་དང་། ལོ་ངོ་གཉིས་ཙམ་གཞན་དོན་གྱི་ཕྱོགས་སུ་ལྗོངས་རྒྱུ་ཙམ་མ་གཏོགས་ལོ་རིལ་པོ་བཅུ་གཉིས་ཀྱི་ཁོངས་དང་སྔ་ཕྱིའི་བཅད་རྒྱ་ཐམས་ཅད་དུ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་དག་པ་རབ་འབྱམས་སྒྱུ་འཕྲུལ་ལྷའི་ཕྱག་རྒྱས་མི་ཕྱེད་པར་བཅིངས་པའི་བརྟན་པ་ཐོབ་པར་མཛད། རྒྱུད་སྡེ་བཞིའི་ལྷག་པའི་ལྷ་དུ་མ་དང་། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་རྩ་གསུམ་ཆོས་སྲུང་ཕལ་ཆེར་ལ་དུས་གྲངས་མཚན་མའི་བསྙེན་པ་གསུམ་པོ་ཅི་རིགས་པ་མ་སོང་བ་མེད་པ་ལྟ་བུ་དང་། ཡི་དམ་ལ་ལར་བསྙེན་སྒྲུབ་གཉིས་གསུམ་བསྐྱར་མ་མཛད་པ་ཡང་མང་ཞིང་། རྒྱུན་གྱི་ཐུགས་དམ་ཆགས་མེད་ཀྱང་། ལྟུང་བཤགས། སྒྲོལ་མ། བསམ་པ་ལྷུན་གྲུབ་སོགས་འབུམ་ཕྲག་ལོངས་པ་དང་། བཤགས་རྒྱུད། སྐལ་བཟང་རྒྱན་ཕྲེང་། སྤང་སྐོང་ཕྱག་རྒྱ། བཏགས་གྲོལ་བསྟན་པ་བུ་གཅིག་གི་རྒྱུད་སོགས་སྟོང་ཕྲག་ལོངས་པ་དང་། ཡིག་དྲུག་དུང་ཕྱིར་གཉིས་ལྷག་བཅས་དང་། ཁྱད་པར་དུ་རྫོགས་ཆེན་ཁྲེགས་ཆོས་ཀ་དག་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ཟབ་བཞེས་རྒྱུན་ཆགས་སུ་བསྟར་བས་རྟོགས་པ་མངོན་དུ་གྱུར་པས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པ་ལ་དབང་འབྱོར།
བྱ་བ་ལས་ཀྱི་འཁོར་ལོ་ཡང་། བསོད་ནམས་ཀྱི་ཞིང་དུ་སངས་རྒྱས་བྱང་སེམས་དང་ཡི་དམ་ཆོས་སྲུང་གི་སྐུ་དང་ཞལ་བརྙན་འབུར་བཞེངས་མང་པོ་དང་། རིས་སུ་བྲིས་པ་ཞལ་ཐང་བཟོ་བཀོད་རྒྱུ་དངོས་ཕུན་སུམ་ཚོགས་པ་བརྒྱ་ཕྲག་ལ་ཉེ་བ། བཀའ་འགྱུར་གཉིས། བསྟན་འགྱུར་ཆ་གཅིག །རྙིང་རྒྱུད་རྣམས་ཀྱིས་གཙོས་འབུམ་དང་། བཀའ་དགོངས་མཛོད་བདུན་སོགས་འཕར་མ་ཆ་གཉིས་གསུམ་དང་། གཞན་ཡང་བཀའ་བསྟན་གྱི་གླེགས་བམ་བཅས་སྟོང་ཕྲག་ལྷག་པ། ཆུ་བྱ་ལོར་ཞུགས་ཀྱི་གནོད་པ་བྱུང་དུས་སླར་ཡང་རྟེན་གསུམ་ཆ་ཚང་བ་ཞིག་བཞེངས་ཏེ་སྔར་ལས་ལྷག་པ་གསར་བསྐྲུན་མཛད་པ་དང་། རྒྱལ་ཀུན་སྤྱི་གཟུགས་ཁྱབ་བདག་བླ་མ་ནམ་མཁའ་འོད་གསལ་གྱི་གསེར་གདུང་ཁྱད་འཕགས་སོགས་སྐུ་གསུང་ཐུགས་རྟེན་དུ་མ་ལྷ་ཁང་དང་རྟེན་གསུམ་རྣམས་ཀྱི་སྤྱན་སྔར་ཡོ་བྱད་ཀྱི་དངོས་པོ་རྣམ་པར་དག་པའི་བཟང་དགུའི་མཆོད་སྤྲིན་དཔག་ཏུ་མེད་ཕུལ་ཞིང་། ལྷག་པར་མར་མེའི་རྒྱུན་འཛུགས་རྒྱ་ཆེན་མཁའ་ཀླས་པ་དང་། སཙྪ། ཆུ་སྦྱིན། སྦྱིན་སྲེག ཁྱད་པར་དངོས་པོ་གཏོས་ཆེན་མང་དག་ལས་བསྐྲུན་པའི་དྲི་མེད་རས་དཀར་ཡུག་སྟོང་ཕྲག་གི་གཞི་ལ་ཡིག་དྲུག་གིས་གཙོས་པའི་སྙིང་པོ་ཐམས་ཅད་འབྱུང་བ་རླུང་གི་བྱེད་ལས་ཀྱི་རྐྱེན་གྱིས་ཞིང་ཁམས་ཐམས་ཅད་སྔགས་སྒྲས་འགེངས་པའི་རླུང་ཕྱོགས་ཀྱི་སེམས་ཅན་མཐའ་དག་བྱང་གྲོལ་དུ་བཀྲི་བའི་ཐབས་མཆོག་དར་ལྕོག་ལུས་ཚད་ཁྲི་ཕྲག་ལས་བརྒལ་བ། རིས་བྲལ་ཕྱོགས་ཀྱི་ཆོས་སྡེ་མཐའ་དག་ལ་བསགས་སྦྱང་དང་། དབོན་རིན་པོ་ཆེ་དང་བཀའ་བགྲོས་ནས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་རྩོམ་བསྟན་བཅོས་ཆེན་པོ་མཛོད་བདུན། ངལ་གསོ་སྐོར་གསུམ་གྱི་རྩ་འགྲེལ། གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་མཆོད་སྦྱིན་མཛད་མེད་སྒྲུབ་ཕྱིར་པར་དུ་བཞེངས་པའི་ཡོ་བྱད་དངོས་སྨར་ཟོང་རྟ་ནོར་སོགས་གཏོས་ཆེ་བ་སྡེ་དགེ་ས་སྐྱོང་ཆེན་པོར་ཕུལ་ནས་ལེགས་པར་བསྐྲུན། ལྕགས་སྤྲེལ་ལོར་དབུས་ལྗོངས་སུ་ཚོགས་བསགས་ཆེན་མོར་ཆིབས་བསྒྱུར་གནང་སྐབས་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ཕྱིན་ཆད། ལྷོ་མོན་ཡུལ་བུམ་ཐང་ཚུན་ཆད། ཤར་མདོ་ཁམས་བོད་ཆེན་གྱི་ཆགས་མེད་གདན་ས་གནས་མདོ། གཏེར་ཆེན་ཉི་མ་གྲགས་པའི་གདན་ས་དཔལ་གྱི་ཙ་རི་ཏྲ་གཉིས་པ་ཁམས་སྲིན་མོ་རྫོང་ཡན་ཆད་དབུས་གཙང་ལྷོ་ཀོང་མདོ་ཁམས་ཐམས་ཅད་ཀྱི་རིས་བྲལ་ཆོས་སྡེ་དུ་མ་ལ་འགྱེད་ཡང་བཀོལ། གངས་ཅན་བསྟན་པའི་བདག་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ། ཐུབ་བསྟན་ཕན་བདེའི་རྩ་ལག་འཇམ་དབྱངས་མིའི་གཟུགས་ཅན་ས་སྐྱ་གོང་མ་རིན་པོ་ཆེ། ས་གསུམ་འགྲོ་བའི་འདྲེན་མཆོག་རྒྱལ་དབང་ཀརྨ་པ་ཡབ་སྲས། འབྲི་སྟག་འབྲུག་པ་པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་ཆེ་དགུ་དུ་མ། རྡོར་སྨིན་བྱང་གསུམ། ལྷོ་བྲག་དཔལ་རི་སོགས་རང་ལུགས་ཀྱི་རིས་བྲལ་སྐྱེས་ཆེན་དུ་མར་མཆོད་སྤྲིན། ཁྱད་པར་དབུས་འགྱུར་ལྷ་ལྡན་དུ་མཉམ་ཡོད་མཆོད་པའི་དུས་སྟོན་དང་། རྒྱལ་དབང་ལྔ་པའི་དུས་ཀྱི་མཆོད་པ་ཚོགས་མཆོད་ཆེན་མོ་གཉིས་ལ་མང་བསྐོལ་ལན་གཉིས། མཆིམས་ཕུར་དཔལ་རི་སྒྲུབ་སྡེར་གསེར་གྱི་གཉྫི་ར་དང་། གཙུག་ལག་ཞིག་གསོས་ཀྱི་རྟེན་དཔངས་མཐོ་བ་དང་། གཞན་ཡང་གནས་རྟེན་ཁྱད་འཕགས་རྣམས་ལ་སྙན་ཤལ། གསེར་གསོལ། མཆོད་པ། ཉམས་པ་རྣམས་ཞིག་གསོས་ཀྱི་རྟེན་སོགས་དངོས་ཇ་སྟོང་དང་ལྔ་བརྒྱ། གསེར་དངུལ་སྲང་ཆེན་ལྔ་བརྒྱ། རྟ་དྲེལ་ཉིས་བརྒྱ། མཛོ་ཁལ་ཉིས་བརྒྱ། དར་གོས་ལྤགས་རིགས་ལྔ་བརྒྱ། གཞན་ཡང་ཡོ་བྱད་ཀྱི་དངོས་པོ་བགྲང་ལས་འདས་པ་སོགས་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེན་པོ་ཕྱེ་བའི་ལེགས་བྱས་དཔེ་ཟླ་དང་བྲལ་བ། གངས་ཅན་སྐྱེ་དགུའི་རྣ་ལུང་ཤིན་ཏུ་མཛེས་པའི་གྲགས་སྙན་ཕྱོགས་ཀྱི་ཁོར་ཡུག་ཏུ་ཁྱབ་པར་མཛད།
༸གོང་ས་རྒྱལ་དབང་མཆོག་གིས་རྟེན་གསུམ་གདམས་ཀ་གནང་བའི་སྔ་ནུབ་ཏུ། དམ་ཅན་ནོར་སྒྲུབ་ཀྱིས་རང་གཟུགས་དངོས་སུ་བསྟན་ཏེ་ལུང་བསྟན་པ་ལྟར་ཐུབ་སྐུ་གཡུ་ཐོད་མ་སོགས་སྲིད་ན་འགྲན་བྲལ་གྱི་སྐུ་རྟེན་མང་པོ་སྤྱན་དྲངས། ཟླ་བ་དུས་མེས་སྒྲིབ་པ་ཉིན་གཅིག་ཕྱིར་བསྣུར་བ་སོགས་ཐུན་མོང་མ་ཡིན་པའི་གྲུབ་རྟགས་མཐོང་ཆོས་སུ་གྱུར་བ་བསམ་གྱིས་མི་ཁྱབ། མདོ་སྨད་ཀྱི་ཕྱོགས་འདིར་ཡང་རང་ལུགས་བརྒྱུད་འཛིན་གྱི་ཆོས་སྡེ་སྟག་དགོན་དུ་ཀཿ ཐོག་དགོན་སོགས་གསར་བཞེངས་ཆ་ཤས་དང་། ཉམས་པ་གསོ་བ་སོགས་ཀྱང་མང་ཞིག་མཛད་པ་སོགས་དང་། ཀླག་ལུང་སོགས་ལའང་འཆད་པ་རྡོ་རྗེའི་ལྗགས་ནི་ལྷག་པའི་ལྷ་དངོས་གྲུབ་ཏུ་སྟེར་བ་ལྟ་བུས་འགྲན་ཟླ་དང་བྲལ་ཞིང་། གཞན་ཡང་དབང་ཁྲིད་སོགས་རྣམ་དབྱེ་ཚུལ་ལྡན་དུ་མཛད་པར་དེ་དག་ཀྱང་ཕྱག་ལེན་འདེབས་མྱུར་ཞིང་། ལོངས་སྤྱོད་འཁོར་ལོའི་རྩ་འདབ་རྣམ་པར་གྲོལ་བས་འཆད་བདེ་བ་སོགས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལན་གཅིག །རྙིང་རྒྱུད་ལན་ལྔས་བཙོས་བཀའ་དགོངས། མདོ་དབང་། མཛོད་བདུན། སྟོང་ཕྲག་བརྒྱ་པ་སོགས་ལན་གྲངས་ལྔ་དྲུག་རེ་དང་། གཞན་ཆོས་བཀའ་རེ་རེ་ལའང་ལན་གྲངས་དུ་མ་དང་། གང་གསན་པ་ཐམས་ཅད་ལ་ལན་རེ་གཉིས་མ་འཆད་པ་ནི་གཅིག་ཀྱང་མེད་པས། མདོར་ན་འཆད་རྩོད་རྩོམ་གསུམ། མཁྱེན་བརྩེ་ནུས་གསུམ། མཁས་བཙུན་བཟང་གསུམ་སོགས་དམ་པའི་ཡོན་ཏན་དུ་མ་དང་ལྡན་པས་ལྗགས་རྩོམ་བསྟན་བཅོས་ཀྱང་པུ་ཏི་གཉིས་ཙམ་ཡོད་ལ། གསུང་གི་བདུད་རྩི་འཐུང་བའི་ཞལ་སློབ་ཀྱང་། རྡོ་རྗེ་བྲག་མཆོག་སྤྲུལ་རིན་པོ་ཆེ་སྐལ་བཟང་པདྨ་དབང་ཕྱུག་འཇིགས་མེད་གྲུབ་པའི་སྡེ། དཔལ་རི་སྤྲུལ་སྐུ་བློ་བཟང་པདྨ། ཟུར་སྤྲུལ་གསུམ་པ་འཕྲིན་ལས་བློ་ལྡན་རྒྱ་མཚོའི་སྡེ། ཀཿ ཐོག་རྒྱལ་སྲས་མཆོག་སྤྲུལ་དྲི་མེད་ཞིང་སྐྱོང་མགོན་པོ། ཉི་གྲགས་མཆོག་སྤྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། འདྲེན་མཆོག་ནམ་མཁའ་འོད་གསལ་གྱི་སྤྲུལ་སྐུ་གསང་སྔགས་བསྟན་འཛིན། རབ་འབྱམས་སྤྲུལ་སྐུ་འགྱུར་མེད་ཀུན་བཟང་རྣམ་རྒྱལ། བདེ་གཤེགས་འཁོར་བ་འཇིག་མིའི་སྲིད་པ་བཟུང་བ་ཁམས་སྤྲུལ་རིན་པོ་ཆེ་སྐུ་གོང་འོག་གཉིས། ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། སྨིན་གླིང་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན། དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་བཟང་པོ། བཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ། བདུད་འདུལ་གདུང་བརྒྱུད་ལྔ་པ་རྒྱལ་སྲས་པདྨ་རྣམ་རྒྱལ། གཞན་ཡང་ཆེན་པོའི་གོ་འཕང་མཐོ་བ། མཁས་པའི་གྲགས་སྙན་ཐོན་པ། སྒྲུབ་པའི་རྒྱལ་མཚན་བསྒྲེང་བ། བསྟན་པ་དར་རྒྱས་སུ་སྤེལ་བ་སོགས་ཀྱི་སྐྱེས་བུ་དུ་མ་དང་། གཞན་ཡང་རྩ་བ་གསུམ་གྱི་ལྷག་པའི་ལྷ་མང་པོས་ཞལ་གཟིགས་པ་དང་། མངོན་པར་ཤེས་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང་སྦས་པའི་ཚུལ་སོགས་མ་གནང་བས་ད་ལྟ་ཇི་ལྟ་བ་འཆད་དཀའ་བར་འདུག་ཅིང་། ངག་རྒྱུན་ཙམ་ལ་བརྟེན་ནས་འབྲི་བར་མ་སྤོབས་སོ། །
རྡོ་རྗེ་ཆོས་སྲུང་ཐམས་ཅད་བྲན་དུ་ཁོལ་བས་འཕྲིན་ལས་རྣམ་པ་བཞི་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང་ཁྱད་པར་དུ་ཡང་དྲང་སྲོང་ཆེན་པོ་འབྲལ་མེད་དུ་འགྲོགས་པ་སོགས་ཀུན་གྱི་སྣང་ཚུལ་མཐུན་པར་མངོན་སུམ་ཚད་མའོ། རྫོགས་ཆེན་གདན་སར་ཕུར་པ་ཡང་གསང་གི་སྒྲུབ་ཆེན། བླ་མ་བདེ་མཆོག་འཁོར་ལོ། གཤིན་རྗེ། ཁྲོ་བཅུ། ཀིང་ཀང་། མ་ཏིའི་སེང་དམར། བཀའ་བརྒྱད་ཁྲོ་བོ་རོལ་བའི་གཏོར་བཟློག་སོགས་བཀའ་གཏེར་སྒྲུབ་མཆོད་ཀྱི་རྒྱུན་བཙུགས་ཏེ་བསྟན་སྲིད་ཀྱི་འཕྲིན་ལས་གོང་འཕེལ་ཏུ་གྱུར། དེ་ལྟར་འཕྲིན་ལས་རྣམས་པ་བཞིའི་བསྟན་འགྲོའི་དོན་ཡུན་རིང་དུ་མཛད་ནས་འགྲོ་དོན་ཐོག་གཅིག་མཛད་པ་རྫོགས་པའི་ཚུལ་བསྟན་ནས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཕྱོགས་པ་ན་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་ནས་འདུས་པའི་ཚོགས་པ་རྣམས་ལ་སོ་སོའི་སྐལ་བ་དང་འཚམས་པའི་ལུགས་གཉིས་ཀྱི་བསླབ་བྱ་ཞལ་ཆེམས་ཀྱི་ཚུལ་དུ་རྒྱ་ཆེར་བསྩལ་བའི་མཐར་རྗེ་དཔོན་རིན་པོ་ཆེར་གདན་སའི་ཁུར་དང་དོན་རྒྱུད་ཀྱི་བསྟན་པ་གཏད་ནས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རོལ་པ་ལ་མངའ་དབང་འབྱོར་བས་ཆོས་ཅན་སྒྱུ་མའི་རང་གཟུགས་བཤིགས་ནས་ཟག་མེད་བདེ་བ་ཆེན་པོའི་དབྱིངས་སུ་གཤེགས་པར་གྱུར་ཏོ། །དེ་ནས་མཆོད་སྤྲིན་རྒྱ་ཆེར་སྤྲོ་བས་དགོངས་པ་རྫོགས་པའི་ཐབས་ལ་བརྩོན་ཏེ། ལྷོ་མོན་ཚུན་གྱི་རིས་མེད་ཆོས་སྡེ་མང་པོར་མང་བསྐོལ་དང་བླ་མའི་རིགས་ལ་མཆོད་བསྔོ་རྟེན་སོགས་དང་གསེར་གདུང་རིན་པོ་ཆེ་ཁྱད་མཚར་བཞེངས་པ་སོགས་རྗེས་ཀྱི་བྱ་བ་མཐའ་རྒྱས་སུ་སྒྲུབ་དགོས་ཐམས་ཅད་རྗེ་དབོན་རིན་པོ་ཆེས་འགན་བཞེས་མཛ་པ་ཡིན་ནོ། ། ། །

0 comments:

ཟིན་བྲིས་འཚོལ་ཡུལ