དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 April 2012
༈ གྲུབ་དབང་རྫོགས་ཆེན་པ་ཆེན་པོ་པདྨ་རིག་འཛིན་ཞེས་ཡོངས་སུ་གྲགས་པའི་གྲུབ་པའི་དབང་པོ་འདི་ཉིད་ངེས་པའི་དོན་དུ་སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་གྲངས་མེད་གསུམ་དུ་དཀའ་བ་སྤྱད་པའི་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་གྲངས་མེད་གསུམ་གྱི་དང་པོའི་སངས་རྒྱས་བདུན་ཁྲི་ལྔ་སྟོང་ཡོངས་སུ་མཉེས་པར་མཛད་པའི་རྗེས།
སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱོན་ཏེ། རྒྱལ་བ་གཞན་ལས་ཀྱང་ཐུགས་བསྐྱེད་ཁྱད་པར་འཕགས་པས། སེམས་ཅན་ཐ་མ་དུད་འགྲོ་ལྟ་བུ་ཡང་འཆི་ཀ་མའི་རྣ་བར་མཚན་བསྒྲགས་པ་ཙམ་གྱིས་ཐུགས་རྗེའི་བསིལ་ཟེར་གྱིས་གནས་ངན་ལེན་པའི་སྐྱེ་བའི་སྒོ་བཅད་དེ་སྡུག་བསྔལ་གསུམ་རྒྱུ་དང་བཅས་པ་འཇོམས་པར་ནུས་པའི་ཚད་མེད་ཐུགས་རྗེའི་དཔལ་མངའ་བ་དེ་ཉིད་དུ་མངོན་པར་སངས་རྒྱས་ཟིན་པ་ཡིན་ཡང་། ཇི་སྐད་དུ་། མདོ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་དང་ཚུལ་མཐུན་པར། གདུལ་བྱའི་སེམས་ཅན་རྣམས་ཀྱི་དད་པའི་ཆུ་མཚོར་རྒྱལ་བའི་ཐུགས་རྗེའི་ཟླ་གཟུགས་འགོག་པ་མེད་པར་འཆར་བ་ཆོས་ཉིད་ཡིན་ཏེ། དེའི་ཕ་མཐའ་སུ་ཞིག་གིས་འཚོལ་བར་ནུས་ཏེ་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་དུ་མ་གྱུར་ཏེ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་མཁྱེན་པ་ཉིད་ཀྱིས་མཁྱེན། །ས་གཞི་ཡི་ནི་ལྕི་བའི་ཚད། །མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིིན། །ཞེས་གསུངས་པ་ལྟར་རོ། །
འོན་ཀྱང་། ཐུབ་དབང་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ཉིད་ལ་འཕགས་བོད་གཉིས་སུ་བསྟན་འགྲོའི་ཕན་བདེ་སྒྲུབ་པའི་སྐྱེས་སྤྲུལ་ཇི་སྙེད་ཅིག་སྟོན་པར་མཛད་པའི་ཚུལ་དག་ལས་འགའ་ཙམ་ཞིག་རྗེ་ཉིད་ཀྱི་གསུང་ལས་བྱུང་བ་དང་། ཁུངས་ཐུབ་ཀྱི་གཏེར་ལུང་སོགས་ལས་བྱུང་བ་སྒོ་བསྟུན་ཅུང་ཟད་བརྗོད་ན། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས། སྤྲོས་བྲལ་ཕྱག་བརྒྱ་ཆེན་པོའི་བསྟན་པའི་ཆུ་མགོ་བྲམ་ཟེ་ཆེན་པོ་ས་ར་ཧ་ཞེས། བྲམ་ཟེའི་རིགས་ལས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ནས་ན་ལེནྡྲའི་མཁན་པོ་མཛད། ཕྱིས་སྔགས་སྤྱོད་ཀྱིས་གྲུབ་པ་བརྙེས་པས་མཚན་ས་ཧ་ར་སྟེ་མདའ་སྣུན་ཞབས་སུ་གྲགས། གྲུབ་ཐོབ་འདིའི་དུས་སྔགས་ཀྱི་རྒྱུད་སྡེ་ཕལ་ཆེར་ཀྱང་མི་ཡུལ་དུ་བྱུང་བར་གྲགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་བི་རུ་པ་ཞེས་ཆུ་བོ་གྱེན་ལ་ཟློག་ཅིང་ཉི་མ་བརྟོད་ལ་གནོན་ནུས་པའི་གྲུབ་ཐོབ་ཀྱི་རྒྱལ་པོ་དེ་དང་། ལྷོ་ཕྱོགས་དུག་མཚོའི་གླིང་ན་དུག་མཚོའི་ཁ་གནོན་དུ་བཞུགས་པའི་གྲུབ་པའི་འཁོར་ལོས་བསྒྱུར་བ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་གྲུབ་ཆེན་ཀུ་ཀུ་རི་པ་དང་། ཟག་མེད་འོད་གསལ་ཆེན་པོར་མངའ་དབང་འབྱོར་བའི་གྲུབ་ཆེན་ལ་བ་པ་དང་། བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནག་པོ་སྤྱོད་པ་དང་། ན་རོའི་སློབ་མ་རྣལ་འབྱོར་གྱི་དབང་ཕྱུག་གཏི་མུག་ལམ་དུ་སློང་བའི་གྲུབ་ཆེན་ཕག་ཚང་པར་གྲགས་པའི་གྲུབ་ཐོབ་ཆེན་པོ་དང་། སྡེ་གསུམ་ཀློང་དགུའི་ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་ཉི་གཞོན་མཁའ་ཁྱབ་ཏུ་འདྲེན་པའི་ཤིང་རྟ་ཆེན་པོ། འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པཎ་ཆེན་བི་མ་མི་ཏྲ་ལ་སོགས་དང་། གངས་ཅན་བོད་ཀྱི་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་སྲས། དངོས་འཛིན་འཁྲུལ་སྣང་གི་བྲག་རི་རྫུ་འཕྲུལ་གྱི་ཐོག་མདས་གཏོར་མཛད་ལང་གྲོ་ཙཱ་བ་དཀོན་མཆོག་འབྱུང་གནས་དང་། ལྷ་སྲིན་བྲན་དུ་ཁོལ་བའི་རླང་ཆེན་དཔལ་གྱི་སེང་གེ །རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲི་ཞུས་མཆོད་པ་ལ་གཞན་གྱི་འགྲན་བྱར་མ་གྱུར་པའི་གངས་ལྗོངས་བསྟན་པའི་ཉིན་བྱེད་མངའ་བདག་བཙན་པོ་ཁྲི་རལ་པ་ཅན་སོགས་དང་། བསྟན་པ་ཕྱི་དར་གྱི་དུས་དཔལ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་ཐུགས་སྲས་ཡོངས་ཀྱི་གཙོ་བོ་རས་ཆུང་རྡོ་རྗེ་གྲགས་པ་དང་། སྙན་རྒྱུད་ཀྱི་སྲོལ་འཛིན་ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་དང་། སྐལ་བཟང་རྣམ་འདྲེན་དྲུག་པའི་སྒྱུ་འཕྲུལ་ཞྭ་ནག་ཅོད་པན་འཛིན་པ་ཡོངས་ཀྱི་ཐོག་མ་ཀརྨ་པ་དུས་གསུམ་མཁྱེན་པ་དང་། གྲུབ་པའི་དབང་ཕྱུག་ཆེན་པོ་ཨོ་རྒྱན་པ་རིན་ཆེན་དཔལ་དང་། ཕག་གྲུའི་ཐུགས་སྲས་གྲུབ་ཐོབ་ཆེན་པོ་གླིང་རས་པདྨ་རྡོ་རྗེ་དང་། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྟག་ལུང་ཐང་བ་བཀྲ་ཤིས་དཔལ་དང་། ལུང་རྟོགས་ཡོན་ཏན་རྨད་དུ་བྱུང་བའི་འཕྲིན་ལས་ཀྱི་དཔུང་པས་ཐུབ་སྟན་རིན་པོ་ཆེའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པ་ལ་གཞན་གྱིས་འགྲན་བྱར་མ་གྱུར་པའི་ཀུན་མཁྱེན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སོགས་དང་། བསྟན་པ་ཐམས་ཅད་ཀྱི་བཀའ་བབས་པའི་རྒྱུད་འཛིན་གྲུབ་ཆེན་མི་ཉག་པ་བློ་གྲོས་རིན་ཆེན་སོགས། མཁས་པའི་ཡོན་ཏན་གྱི་རྒྱ་མཚོ་བརྒལ་ཞིང་། གྲུབ་པའི་ཉམས་རྟོགས་ཀྱི་གཏེར་ཁ་བརྡོལ་བའི་སྐྱེ་སྲིད་ཇི་སྙེད་ཅིག་བཞེས་ནས་གདུལ་བྱ་མང་པོ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེའི་སྐུ་དང་འཕྲིན་ལས་ཀྱིས་ལེགས་པར་བརྟུལ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་གཞོལ་ཞིང་འབེབས་པར་མཛད་ཅིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཐ་གྲུ་ཡངས་པོར་སྤེལ་ཞིང་དར་རྒྱས་སུ་མཛད་པ་སོགས་ལན་གཅིག་མ་ཡིན་པར་མཛད་དེ། དེ་ལྟ་བུའི་སྤྲུལ་པའི་ཟློས་གར་དེ་དག་ཀྱང་། སྐྱེ་རྒྱུད་རིམ་ཅན་དུ་བྱོན་པ་མ་ཡིན་ཞིང་། རྒྱལ་བའི་སྒྱུ་འཕྲུལ་གྱི་རོལ་པ་མཐའ་ཀླས་པའི་སྤྲུལ་པའི་ཆོ་འཕྲུལ་ཅི་ཡང་འཆར་བའི་ཚུལ་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པ་ནི་རབ་ཏུ་སྣང་། །སྐུ་ནི་འདས་པ་མ་ཡིན་ཏེ། །མ་འོངས་པ་ཡང་སྐུ་མ་ཡིན། །ཞེས་དང་། རྒྱུད་བླ་མའི་སྐབས་བཞི་པ་ལས། གང་ཕྱིར་གདུལ་བྱ་དག་པ་ཡིས། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་དང་། པཎ་ཆེན་བི་མ་ལ་མི་ཏྲས་མཛད་པའི་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་ཆུང་ལས། དཔེར་ན་བར་སྣང་ཟླ་བ་གཅིག་ཤར་བ། །འཛམ་གླིང་ཆུ་རྣམས་ཀུན་ཏུ་ཆུ་ཟླ་སྣང་། །ཆུ་གཅིག་ནང་གི་ནམ་མཁའི་ཟླ་བ་ཡང་། །འགྲོ་བ་སོ་སོ་རང་གི་མདུན་དུ་སྣང་། །དེ་བཞིན་སྤྲུལ་སྐུ་གཅིག་ལ་གླིང་རྣམས་སྣང་། །གླིང་རྣམས་གཅིག་ལ་འགྲོ་བ་དྲུག་ཏུ་སྣང་། །ཐ་དད་དེ་ཀུན་སྤྲུལ་པ་གཅིག་ཏུ་གྲགས། །དེ་འདྲའི་སྟོང་གསུམ་མཐའ་ཡས་མུ་མེད་ན། །དེ་འདྲའི་སྤྲུལ་སྐུ་རེ་རེས་འགྲོ་དོན་མཛད། །ཅེས་གདུལ་བྱ་གང་འདུལ་གྱི་སྣང་ངོར་འདུལ་བྱེད་སྤྲུལ་པའི་ཟློས་གར་ཀྱང་དེ་དག་རང་སྣང་དང་འཚམས་པར་འཆར་ཚུལ་དེ་ལྟ་བུ་ལས། པཎ་ཆེན་བི་མ་ལ་མི་ཏྲ་ཉིད་ལོ་བརྒྱ་རའི་མཚམས་ན་སྤྲུལ་པ་རེ་བྱུང་ནས་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བར་གསུངས་པ་བཞིན་སླར་ཡང་ངེས་དོན་སྙིང་པོའི་བསྟན་པའི་མེ་རོ་གསོ་ཞིང་ལྟ་གྲུབ་རྣམ་པར་དག་པའི་རིང་ལུགས་གཞིར་བཞེང་པའི་ཆེད་དུ། ངོ་མཚར་སྤྲུལ་པའི་ཟློས་གར་བསྒྱུར་བ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་རིག་འཛིན་ཞེས་མཚན་སྙན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ཏེ། རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བི་མ་ལ༔ ཤར་ཕྱོགས་མདོ་ཁམས་ཡུལ་ནས་འབྱུང་༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་སྨེ་བ་སྤྱན་འདྲས་མཚན༔ ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེས། རླང་དཔལ་སྤྲུལ་པ་རི་བོའི་ཕྱོགས་ནས་འབྱུང་༔ པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན༔ ཞེས་སོགས་གཏེར་ཁ་མང་པོ་ནས་ལུང་གིས་གསལ་བར་བསྟན་པའི་རྣལ་འབྱོར་གྱི་དབང་ཕྱུག་མཁས་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཉིད་འཁྲུངས་པའི་ཡུལ་ནི། བོད་ཆེན་པོའི་རྒྱལ་ཁམས་ལྷོ་ཕྱོགས་ནོར་འཛིན་གྱི་ཐིག་ལེ་དངུལ་རྫ་ཟལ་མོའི་སྒང་དུ་གཏོགས་པ། ཁམས་རི་བོ་ཆེའི་ཕྱོགས་སུ་ནཻ་པ་ལའི་བཟོ་རིགས་མཁས་པའི་ཡང་རྩེར་སོན་པ་བལ་པོ་བཀྲ་ཤིས་བྱ་བའི་སྲས་སུ་རབ་བྱུང་བཅུ་པའི་ནང་ཚན་ཤིང་མོ་གླང་གི་ལོ། སྤྱི་ལོ་ ༡༦༢༥ ལོར་སྐུ་འཁྲུངས་ཤིང་། སྐུ་ཆུང་ངུའི་ཚེ་ཡབ་ཉིད་རྒྱལ་བ་འཕགས་པ་ལྷའི་གདན་ས་དཔལ་ཆབ་མདོ་བྱམས་པ་གླིང་དུ་འཕྲུལ་ཆེན་གར་གྱི་རོལ་རྩེད་ལས་ངོ་མཚར་མིག་གི་བདུད་རྩིར་བསྐྲུན་པའི་བྱེད་པོར་བགྲང་བྱ་མང་ཙམ་བསྡད་པར། ཡབ་དང་ལྷན་ཅིག་པར་སྟན་ཆགས་པ་ལ། ཆུང་ངུའི་དུས་ནས་བསྟན་ལ་མོས་པའི་བག་ཆགས་བཟང་པོས་རབ་བྱུང་གི་ཆ་ལུགས་ལས་མ་འདས་ཤིང་། དགུང་ལོ་བཅུ་བཞེས་པ་ནས་ཡིག་ཀློག་ལེགས་པར་སྦྱངས། དེ་ལས་མི་རིང་བར་འཇིག་རྟེན་དབང་ཕྱུག་རྒྱལ་བ་ཀརྨ་པ་པདྨ་རྭ་གའི་ཅོད་པན་འཆང་བ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གསུང་གི་སྲས་མཆོག་ཀརྨ་ཆགས་མེད་ཀྱི་ཞབས་པད་བསྟེན་ཏེ། བཀའ་གཏེར་ཆོས་ཚུལ་རྒྱ་མཚོར་གསན་བསམ་མཐར་ཕྱིན་པར་མཛད་ཅིང་། ཁྱད་པར་ཉམས་ཁྲིད་སྐྱོང་བའི་ཚེ། གནས་དབེན་པར་རྩེ་གཅིག་ཏུ་བསྒོམས་པས་ཞག་ཉེར་གཅིག་ནས་འོད་གསལ་ཉིན་མཚན་ཁོར་ཡུག་འདྲེས་པ་དང་། བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་རྩོལ་མེད་དུ་སྐྱེ་བར་བྱུང་ཞིང་། སླར་ཡང་བླ་མ་མཆོག་གི་དྲུང་དུ་བཞུགས་ནས། རཏྣའི་བླ་མ་ཞི་དྲག་དང་ཕུར་པ། ཉང་གི་རྟ་ནག །ཀརྨ་གླིང་པའི་ཞི་ཁྲོ་སོགས་གཏེར་མའི་ཕྲིན་སྒྲུབ་ཕལ་ཆེར་གྱི་དབང་ལུང་གསན།
དེའི་ཚེ་ཆགས་མེད་རིན་པོ་ཆེ་ཉིད་ལའང་ཐུགས་དམ་གྱི་བོགས་ཐོན་པར་བྱུང་སྟེ། རྟོགས་ལྡན་པདྨ་རིག་འཛིན་ལ། །ལུང་ནི་མང་ཞིག་བྱས་པའི་ཚེ། །སེམས་ངོ་ལ་ཡང་བོགས་ཐོན་ཅིང་། །ལུང་དང་འདྲེས་ནས་འགྲོ་བ་བྱུང་། །ཞེས་གསུངས་སོ། །འདི་སྐབས་ཡི་དམ་ཐུགས་རྗེ་ཆེན་པོ་དང་། སློབ་དཔོན་རིན་པོ་ཆེ་གཉིས་གང་བྱེད་བླ་མ་ལ་བརྟག་པ་ཞུས་ཤིང་། རྗེ་ཉིད་ཀྱིས་ཀྱང་མཚན་ལམ་བརྟག་པས་ཨོ་རྒྱན་གྱི་ལྷ་སྐུ་ཞིག་བསྟན་བྱུང་བས་ཨོ་རྒྱན་སྒྲུབ་ན་ལེགས་པ་དགོངས་པ་དང་། ཆགས་མེད་རིན་པོ་ཆེས་ཐུགས་དམ་བརྟག་པར་ཡང་ཨོ་རྒྱན་ཉིད་བསྒྲུབས་ན་ལེགས་ཚུལ་བྱུང་བ་བཞིན། ཐུགས་དམ་གྱི་མཐིལ་རཏྣའི་ཐུགས་སྒྲུབ་ཞི་བ་ལ་རྩལ་བཏོན། བསྙེན་སྒྲུབ་མཛད་པས་མཆོད་རྟེན་བརྩེགས་པའི་རྩེར་ཕྱིན་པ་དང་། ཨོ་རྒྱན་རིན་པོ་ཆེ་ཡིད་ཡུལ་དུ་མཇལ་བར་བྱུང་གསུངས། བསྙེན་གྲངས་ས་ཡ་གཉིས་ལྷག །འཇའ་ཚོན་སྦྱི་འདུས་ཀྱི་བསྙེན་གྲངས་ས་ཡ་གཅིག་བྱེ་བ་གཉིས་བདུན་འབུམ་ཉིས་ཁྲི། གཞན་ཡང་སྐབས་སུ་རྩ་རླུང་གཏུམ་མོ་མུན་པའི་རྣལ་འབྱོར་སོགས་ཡུན་རིང་དུ་ལན་མང་པོར་ཡང་བསྐྱར་དུ་སྦྱངས། བསྐྱེད་རྫོགས་རྩ་རླུང་གི་སྐོར་གདམས་པའི་ཞུན་ཐར་བཅད་ནས་གནད་སྨིན་དུ་མཛད་པས། དུ་བ་ལ་སོགས་པའི་རྟགས་རྣམས་མངོན་དུ་གྱུར་ཞིང་། ཉིན་ཞག་དྲུག་རེ་ལ་རླུང་རྒྱུ་བ་གཉིས་རེས་ཆོག་པའང་ལན་འགའ་བྱུང་གསུངས། གཞན་ཡང་དེ་དག་གི་ཚེ་དངོས་ཉམས་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཇལ་བ་དང་ལུང་བསྟན་ཐོབ་པ་སོགས་ནི་ཤིན་ཏུ་རྒྱས་ཕྱིར་འདིར་སྨོས་མ་ནུས་སོ། །
དེ་ལྟར་ཡང་ཉིད་ཀྱི་གསུང་མགུར་དྲིས་ལན་དང་དྲང་སྲོང་དགྱེས་པའི་གླུ་དབྱངས་སུ། སྐྱེས་པ་རི་བོའི་ཕྱོགས་སུ་སྐྱེས། །འཚར་བ་ཆབ་མདོའི་ཕྱོགས་སུ་འཚར། །ལོ་བཅུ་ངོ་ཙམ་ནས་ཡི་གེ་བསླབས། །ཆུས་ནས་རབ་བྱུང་ཆ་ལུགས་བྱས། །དབང་ལུང་གདམས་པ་དཔག་མེད་ཞུས། །ཞེས་པ་ལྟར་རོ། །དེ་ལྟར་དགུང་ལོ་ཉེར་གསུམ་ནས་ཉེར་དགུའི་བར་སྟན་ཐོག་གཅིག་ཏུ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟན་པ་མ་ཐོབ་བར་ཉམས་བཞེས་རྩེ་གཅིག་ཏུ་མཛད། འདི་དུས་ཆགས་མེད་རིན་པོ་ཆེས་གནམ་ཆོས་མ་གསན་ཡན་ལ་རྫོགས་ཆེན་མི་འཆད་པས། རྗེ་འདིས་སྤྱིར་རྙིང་མ་དང་ཁྱད་པར་རྫོགས་ཆེན་ལ་ཐུགས་ཀྱི་བག་ཆགས་སད་པའི་སྟོབས་ཀྱིས། དགུང་ལོ་ཉེར་དགུ་བཞེས་དུས་ལྷོ་ཕྱོགས་ཀྱི་སྐྱེས་ཆེན་འགའ་ཞིག་མཇལ་བ་དང་རྫོགས་ཆེན་གྱི་ཉམས་ཁྲིད་སོགས་གསན་པར་དགོངས་ནས། བླ་མ་མཆོག་ལ་བཀའ་གྲོས་ཞུས་པས། བླ་མ་ཉིད་ཀྱིས་ཀྱང་དེ་བཞིན་ཤིན་ཏུ་ལེགས་ཚུལ་དང་བཅས་ཆེད་དུ་སྐུལ་བའང་མཛད་པས། བྱ་བཏང་གི་ཚུལ་གྱིས་སྤོ་བོའི་ཕྱོགས་སུ་ཕེབས་པས། ཆགས་མེད་ཉིད་ཀྱང་དགྱེས་ཏེ། འདི་སྐབས་པདྨ་རིག་འཛིན། །ཚེ་འདི་བློ་བཏང་བྱ་བཏང་བྱས། །དེ་ཡིས་འགྲོ་དོན་རྟེན་འབྲེལ་འགྲིགས། །ཞེས་རྣམ་ཐར་དུ་གསུངས་འདུག་པ་དང་། དེ་སྐབས་ཆགས་མེད་རིན་པོ་ཆེ་ལ་བླ་མ་ཀརྨ་དགེ་ལེགས་ཀྱིས་ཞུ་ལན་དུ་བསྔགས་བརྗོད་འདི་ལྟར་བསྩལ་འདུག་སྟེ། ན་མོ་གུ་རུ་ཡེ། ཁྱེད་བླ་མ་ཀརྨ་དགེ་ལེགས་ཀྱིས། །ཁོང་བལ་པོ་རྟོགས་ལྡན་དྲིས་པའི་ལན། །རྗེ་མཁས་པ་ནཱ་རོ་པཎ་ཆེན་དེས། །ཁོང་སྒྲ་བསྒྱུར་མར་པ་ལོ་ཙཱ་ལ། །བུ་སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང་། །ཞེས་གསུངས་ནས་ལུང་བསྟན་བསྔགས་པ་མཛད། རྗེ་རྨོག་ཅོག་རིན་ཆེན་བརྩོན་འགྲུས་པས། ཁོང་གྲུབ་ཐོབ་སྐྱེར་པ་སྒང་པ་ལ། །ཉམས་རྟོགས་པ་ང་བས་ཁྱོད་རང་བཟང་། །བ་ལ་མཛོ་སྐྱེས་ཡིན་ནོ་གསུངས། །དཔེ་དེ་བཞིན་ལབ་པོ་རྟོགས་ལྡན་པ། །ཕ་ང་བས་ཉམས་རྟོགས་བུ་དེ་བཟང་། །ངེད་ཕ་སྤད་ཕ་གླང་བུ་མཛོ་ཡིན། །མི་ང་བས་བུ་དགའ་བལ་པོ་དེ། །སེམས་ཤེས་རབ་རིག་པའི་བློ་ཁ་ཕྱེ། །ལག་ཅི་བཟོས་སྤྲུལ་པའི་ལྷ་བཟོ་འདྲ། །སེམས་ངེས་འབྱུང་སྐྱོ་ཤས་རང་དབང་མེད། །ཚེ་འདི་ཡི་བྱ་བས་ཡིད་མི་འགྱུར། །ཟས་འདོད་ཡོན་ཞེན་པ་གཏིང་ནས་ལོག །ཚེ་འདི་ཡི་བྱས་བས་ཡིད་མི་འགྱུར། །ཟས་འདོད་ཡོན་ཞེན་པ་གཏིང་ལས་ལོག །ཟས་དཀའ་ཐུབ་བཅུད་ལེན་སྙིང་ལ་འཆང་། །ཚེ་འདི་ཡི་སྙན་གྲགས་འདོད་པ་མེད། །ལུས་བཙུན་ཚུགས་མི་འཛིན་སྨྱོ་སྤྱོད་བྱེད། །ཆོས་ལུས་ངག་དགེ་སྦྱོར་ཞེ་མི་ཚིམ། །དོན་རོ་གཅིག་ཆེན་པོ་སྙིང་ལ་འཆང་། །ཆོས་བརྩམ་ཆོས་བོད་གཞུང་ཞེ་མི་ཚིམ། །དོན་གཏེར་ཆེན་སེལ་མེད་སྙིང་ལ་ཆང། །ལུས་སོས་དལ་མཚམས་སྒྲུབ་ཞེ་མི་ཚིམ། །དོན་བརྩོན་འགྲུས་དྲག་པོ་སྙིང་ལ་འཆང་། །ལུས་འདུལ་ཁྲིམས་མཛེས་ཆོས་ཞེ་མི་ཚིམ། །སྔགས་གྲུབ་ཆེན་སྤྱོད་པ་སྙིང་ལ་འཆང་། །གནས་གྲོང་ལྟག་རི་ཁྲོད་ཞེ་མི་ཚིམ། །གནས་མི་མེད་ལུང་སྟོང་སྙིང་ལ་འཆང་། །དོན་ལྟ་བ་ནམ་མཁའ་གཡའ་དག་འདྲ། །སེམས་སྒོམ་པ་ཆུ་བོའི་རྒྱུན་དང་འདྲ། །ལུས་སྤྱོད་པ་ངེས་མེད་སྨྱོན་པ་འདྲ། །ཉམས་རྨི་ལམ་ཞལ་གཟིགས་འཇའ་ལྟར་བཀྲ །ངག་ངོ་སྲུང་མི་ཤེས་ཏོལ་ཚིག་སྨྲ། །ནོར་གསོག་འཇོག་མི་ཤེས་ཅི་དགར་གཏོར། །གནས་གཅིག་ཏུ་མི་སྡོད་རླུང་ལྟར་འཕྱོ། །མི་ང་ལ་མངོན་ཤེས་མ་མཆིས་ཀྱང་། །རྟགས་དེ་ཚོའི་དོན་ལ་རྗེས་དཔག་ན། །ཁོང་ལས་ཅན་སྐྱེས་བུ་གཅིག་ཡིིན་ངོ་ཤེས། །ངེས་མེད་སྤྲུལ་པ་གཅིག་ཡིན་ངོ་ཤེས། །ཚེ་སྲོག་ལ་བར་ཆད་མ་བྱུང་ན། །འབྲེལ་ཚད་དོན་ལྡན་ཞིག་འོང་ངོ་ཤེས། །རྗེ་པད་འབྱུང་གི་བསྟན་ལ་ཕན་ངོ་ཤེས། །རྒྱ་ཆེན་གྱི་འགྲོ་དོན་ཅིག་འགྲུབ་བམ་སེམས། །དོན་དེ་ཚོ་བལ་པོའི་སྤྱོད་འགྲོས་ལགས། །ཞེས་ཆེད་དུ་བསྔགས་པ་བརྗོད་པའི་གསུང་གི་རོལ་མོ་ངོ་མཚར་ཆེ་བ་དག་བསྩལ་ཞིང་ཐུགས་ཤིན་ཏུ་དགྱེས་པར་མཛད་དོ། །
སྤོ་བོར་གཏེར་སྟོན་རིན་པོ་ཆེ་བདུད་འདུལ་རྡོ་རྗེ་མཇལ་བས། གཏེར་ཆེན་དེ་ཉིད་ཀྱིས། གཏེར་ལུང་ལས། རླང་དཔལ་སྤྲུལ་པ་རི་བོའི་ཕྱོགས་ནས་འབྱུང་༔ པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན༔ ཆོས་འདི་ཉམས་བླངས་འགྲོ་དོན་བསྟན་པ་འཕེལ༔ ཞེས་པ་དམ་ཆོས་སྤྲུལ་སྐུ་སྙིང་ཏིག་གི་ཐེམ་མེད་སྐོར་གྱི་ཆོས་བདག་ཡིན་པར་ངོས་འཛིན་མཛད་ཅིང་ལུང་བསྟན་གྱིས་དབུགས་དབྱུང་། དབང་ལུང་གཏད་རྒྱ་དང་བཅས་པའི་བསྔགས་བརྗོད་རྒྱ་ཆེ་བའི་སྒོ་ནས་ཆོས་ཀྱི་བདག་པོར་མངའ་གསོལ། དེ་སྐབས་འཇའ་ཚོན་པའི་སློབ་མ་ཀུན་མཁྱེན་པ་ལས་ཀྱང་རྟ་ཕག་སོགས་དབང་ལུང་ཞུས། ཡང་དེ་སྐབས་སྦས་པའི་རྣལ་འབྱོར་ཚུལ་ཁྲིམས་བསྟན་འཛིན་ཞེས་བྱ་བས་ཀྱང་། བརྟུལ་ཞུགས་སྤྱོད་པ་བི་རུ་པ་དང་། ན་རོའི་སློབ་མ་ཕག་ཚང་པ་སོགས་ཡིན་ཚུལ་དང་བཅས་མཁའ་འགྲོའི་ལུང་བསྟན་དང་མཐུན་པར་སྐྱེས་ཆེན་དམ་པར་དབུགས་དབྱུང་གཟེངས་བསྟོད་མཛད།
གཞན་ཡང་སྦས་པའི་རྣལ་འབྱོར་སྐལ་ལྡན་སྙིང་པོའི་མཚན་ཅན་གྱིས་ཀྱང་། གླིང་རྗེ་རས་པའི་རྣལ་འཕྲུལ་མི་ཉག་བློ་གྲོས་རིན་ཆེན་གྱི་སྐྱེ་བ་ཡིན་ཚུལ་སོགས་བསྔགས་པ་རྒྱ་ཆེར་མཛད། འདི་སྐབས་རིག་འཛིན་འཇའ་ཚོན་སྙིང་པོས་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བའི་དག་སྣང་གསལ་པོར་ཤར་ནས་བྱིན་གྱིས་བརླབས་པར་མཛད། དེ་ནས་རྫོགས་ཆེན་བསོད་ནམས་དབང་པོའི་དངོས་སློབ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཞེས་རྫོགས་ཆེན་སྙིང་ཏིག་གི་བསྟན་པའི་བདག་པོ་ཡོངས་གྲགས་ཀྱི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་མཉེས་པ་གསུམ་གྱི་གུས་པས་བཏུད་ནས། ཟབ་ལམ་མཁའ་འགྲོ་སྙིང་ཏིག་གི་དབང་ལུང་ཀ་དག་ལྷུན་གྲུབ་ཀྱི་གདམས་ཁྲིད་སྨིན་རྒྱས་སུ་གསན་ནས། སྐུ་རྩ་དེར་ཡུན་རིང་པོར་བཅད་རྒྱ་བྱས་ནས་བསྒོམས་པས་འོད་གསལ་རྡོ་རྗེ་སྙིང་པོའི་གནས་ལུགས་ཇི་བཞིན་གཟིགས། ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར། ཁྱད་པར་ཐོད་རྒལ་གྱི་ཚེ། ཆོས་ཉིད་མངོན་སུམ་གྱི་སྣང་བའི་འཆར་སྒོར་ཐིག་ལེ་སྟོང་པའི་སྒྲོན་མ་མུ་ཁྱུད་ཅན་གཉིས་ཀྱི་གཅིག་ཏུ་རྡོ་རྗེ་སེམས་དཔའ་འགྱིང་བག་རྒྱན་ཆས་དང་བཅས་པ་ཚུལ་བཞིན་དང་། ཅིག་ཤོས་སུ་འཕགས་པ་ནམ་མཁའི་རྒྱལ་པོ་བཀྲ་ལམ་གྱིས་གསལ་བར་གཟིགས། བླ་མ་མཆོག་གིས་སྐུ་ཚེའི་བརྟག་པ་བསྐུལ་བར་དཔལ་མགོན་མ་ནིང་གིས་སྒྲིབ་མེད་དུ་ལུང་བསྟན། ཡེ་ཤེས་ཀྱི་ཌཱ་ཀི་ནི་རྒྱན་དང་ལྡན་པ་གཅིག་གིས་ལྡེ་མིག་ཅིག་གཏད་ནས། བླ་མའི་གཉེར་པ་དགོས་ཚུལ་གྱིས་བརྡ་ཐབས་ཀྱི་སྒོ་ནས་སྙིང་ཏིག་གི་བསྟན་པ་གཏད་པའི་ཐུགས་སྲས་སུ་མཁའ་འགྲོས་གནང་བ་བྱིན། དེ་ནས་བཟུང་སྟེ་རྫོགས་ཆེན་པ་ཞེས་ཆོས་ཀྱི་མིང་གང་ཟག་ལ་བྱུང་བའང་གྲགས་པ་དོན་དང་ལྡན་པ་ཡིན་ནོ།
སྤུ་བོའི་ཕྱོགས་སུ་ལོ་ངོ་གསུམ་ཙམ་བཞུགས་ནས་སླར་ཚུར་ཕེབས་པས་ཆགས་མེད་རིན་པོ་ཆེའང་ཐུགས་དགྱེས་རྩེར་སོན་ཞིང་བདུད་འདུལ་པའི་གཏེར་གསར་སྐོར་གྱི་དབང་ལུང་ཀྱང་གསན་པ་ཡིན་འདུག་སྟེ། ཆགས་མེད་རྣམ་ཐར་དུ། སྦྲུལ་ལོར་པདྨ་རིག་འཛིན་འགྲོ་དོན་ལ། །བྱོན་སོང་འགྲོ་དོན་རྒྱ་ཆེན་འགྲུབ་འདུག་ཅིང་། །གཏེར་སྟོན་མཇལ་ནས་གཏེར་གསར་མང་དུ་ཐོབ། །ལས་ཅན་ཆོས་བདག་ཡིནཔར་མངའ་གསོལ་ནས། །ཟང་ཟིང་འབུལ་བ་བཅས་ཏེ་ལུག་ལོར་སླེབས། །མཚམས་ཀྱི་ཁུང་དུ་གཏེར་ཆོས་གསན་པའང་ཞུས། །དེ་དག་རྣམས་ཀྱིས་བསྙེན་སྒྲུབ་ཐེམས་པར་བྱས། །ཞེས་གསུངས་སོ། །དེ་སྐབས་གཏེར་སྟོན་མི་འགྱུར་རྡོ་རྗེའི་གནམ་ཆོས་ཐོག་མར་བཀའ་གྲོལ་གྱི་སྐབས་ཡིན་པས། ཆགས་མེད་རིན་པོ་ཆེ་དང་། གྲུབ་དབང་དམ་པ། བླ་མ་འཕྲིན་ལས་གསུམ་ལ་ཆོས་སྒོ་ཕྱེ་ནས་སྨིན་གྲོལ་གྱི་བདུད་རྩི་བསྩལ་བ་བཞེས་པས་ཆོས་བདག་ཏུ་མངའ་གསོལ། ཆགས་མེད་རིན་པོ་ཆེས་ཀྱང་རྡོ་རྗེའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་ཟབ་ཁྲིད་ཀྱང་ཆིག་བརྒྱུད་དུ་བསྩལ། དེ་ནས་མི་རིང་བར་ཆགས་མེད་རིན་པོ་ཆེའང་སྐུ་མཚམས་ལས་བཞེངས་ནས་ཕྱོགས་བྲལ་གྱི་གདུལ་བྱ་སྐྱོང་བར་ཕྱོགས་མཐའ་ངེས་མེད་དུ་ཕེབས་པར་བཞེད་པས། རྗེ་འདི་ཡང་དགུང་ལོ་སོ་དགུ་བཞེས་པ་ཆུ་ཡོས་ཀྱི་ཁོར་དབུས་ཕྱོགས་སུ་ཞབས་པད་བསྐྱོད་མཛད་པས་ལམ་བར་དུ་འཁོད་པའི་འགྲོ་བ་མཆོག་དམན་ཐམས་ཅད་གྲགས་སྙན་གྱིས་ཡིད་རབ་ཏུ་དད་ཅིང་གུས་པས་བཏུད་པར་གྱུར་པས་འགྲོ་ཕན་ཆོས་སྦྱིན་སོགས་ཀྱང་དཔག་མེད་བསྩལ། འདི་དུས་ཐུགས་སྲས་ཀྱི་ཐུ་བོ་གཏེར་ཆེན་ཉི་གྲགས་ཀྱང་ཞབས་ཕྱིར་འབྱོར་བས་གཙུག་ཕུད་བཞེས། འདི་སྐབས་དབུས་སུ་ཕེབས་ཞོར་ལ་ནང་ཆེན་ཕྱོགས་དང་སྒྱོག་ཆེན་གདོང་ར་སོགས་བར་ཁམས་ཀྱི་གནས་ཆེན་དང་གཉན་ཁྲོད་འགའ་ཞིག་ལ་ཐུག་དམ་གྱི་བོགས་འདོན་དུ་གཉན་ས་གཅོད་ཕྱིར་རི་འགྲིམས་ཀྱང་མཛད། དེ་དུས་ཆགས་མེད་རིན་པོ་ཆེ་ནང་ཆེན་རྒྱལ་པོས་གདན་དྲངས་པ་དང་མཇལ་ནས་གཞི་ལེན་ཀྱང་མཛད་དེ། ཆགས་མེད་རིན་པོ་ཆེའི་རྣམ་ཐར་དུ། དེ་ནས་དབྲེ་ཁུ་བྲག་ཏུ་ཕྱིན་པ་ཡིན། །པདྨ་རིག་འཛིན་གཞི་ལེན་སྟོན་མོ་དང་། །ནང་ཆེན་པ་ཡི་ཁྲིད་ཀྱི་གཞི་བཏིངས་ནས། །ཞི་ཁྲོའི་དབང་ཁྲིད་ཕྱག་ཆེན་ཉུང་ཆོས་སྦྲེལ། །ཁྲོམས་ཚོགས་ཀྱང་ནི་ཤིན་ཏུ་ཆེ་བ་དང་། །དེར་འགྲོ་རན་ཡང་ཆོས་རའི་ཚེ་ལ་བསྡད། །ཅེས་གསུངས་པར་སྣང་ངོ་། །
གཏེར་སྟོན་བདུད་འདུལ་རྡོ་རྗེ་ནང་ཆེན་ཕྱོགས་སུ་ཕེབས་པས་ཡིས་ཕུག་ཏུ་མཇལ་འཕྲད་མཛད། དེ་ནས་རིམ་པར་འབྲུག་ལོར་དབུས་སུ་རིམ་གྱིས་ཕེབས་ཏེ། ར་བསྒྲེང་དང་སྟག་ལུང་རྣམས་སུ་གནས་གཟིགས་དང་སྙན་ཤལ་མང་འགྱེད་སོགས་མཛད། དེ་ནས་ལྷ་ལྡན་སྤྲུལ་པའི་ཞིང་ཁམས་ཅན་པོར་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་དྲུང་དུ་སྙན་ཤལ་གསེར་ཆབ། མཆོད་འབུལ་སོགས་རྒྱ་ཆེན་དང་བསྟན་འགྲོའི་དོན་དུ་དགོངས་པའི་སྨོན་ལམ་སོགས་གནད་སྨིན་མཛད། གངས་ཅན་བསྟན་པ་ཡོངས་ཀྱི་བདག་པོ་རྒྱལ་པ་ཐམས་ཅན་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ། རྟ་དང་ཁྲབ་ཀྱིས་གཙོས་པའི་སྔ་ཕྱིར་འབུལ་མཚོན་རྒྱ་ཆེར་ཕུལ། སྟོད་ལུང་མཚར་པུ་དང་། འུ་ཤང་རྡོའི་ལྷ་ཁང་། བོད་ཀྱི་གནས་ཅེན་རི་བོ་རྩེ་ལྔ། སྒྲག་ཡང་རྫོངས། རྡོ་རྗེ་བྲག་རྣམས་སུ་གནས་གཟིགས་དང་ཕྱག་མཆོད་སྙན་ཤལ་བླ་མ་རྣམས་ལ་འབུལ་བ། གྲྭ་ཚང་སོ་སོར་མང་འགྱེད་སོགས་ཀྱང་གང་རྒྱས་མཛད། བསམ་ཡས་ཞིག་གསོས་ཐེབས་སུ་རྟ་དགུ །ནོར་ནག་དྲུག་ཅུ་ཐམ་པ་གཞན་ཡང་དངོས་རྫས་མང་པོ་དང་བཅས་ཁྱོན་རྣམས་གྲངས་བརྒྱ་དང་ལྔ་བཅུ་ཙམ་འབུལ་བར་མཛད། བསམ་ཡས་ཅོས་སྐྱོང་ཆེན་པོས་ཀྱང་སྡོང་གྲོགས་དང་འཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས། དེ་ནས་ལྷོ་བྲག་ཕྱོགས་སུ་ཕེབས་པའི་ལམ་བར་གྱི་གནས་རྟེན་རྣམས་ལ་མཇལ་ཕྱག་དང་། ཨོ་རྒྱན་གཏེར་བདག་གླིང་པའི་དྲུང་དུ་དངོས་པོའི་འབུལ་མཚོན་བཟང་པོ་ཕུལ་ཏེ་དབང་ཆོས་ཀྱི་འབྲེལ་བ་ཟབ་མོ་ཡང་གསན། དེ་ནས་ལྷོ་བྲག་སྨྲ་བོ་ཅོག་ཏུ་ཕེབས་ནས་མངའ་བདག་ཆོས་ཀྱི་དབང་པོའི་དྲུང་དུ། རྟ་ནོར་སོགས་ཀྱིས་གཙོས་ཡོན་རྒྱ་ཆེར་ཕུལ་ནས། བཀའ་བརྒྱད་བདེར་འདུས་ཀྱི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་ལན་གྲངས་གཉིས་སུ་རྒྱས་པར་འཛུགས་པར་མཛད། བཀའ་བརྒྱད་བདེར་འདུས་དང་། དྲག་པོ་བདེ་གཤེགས་འདུས་པ། ཕག་མོ་ནག་མོ། གཏེར་མགོན་ནག་པོའི་གདམས་སྐོར་སོགས་ཀྱི་དབང་ལུང་ཡང་གསན། ཕར་ལ་ཡང་གཤིན་རྗེ་ཚེ་བདག་གུ་རུ་དྲག་པོ་རྣམས་ཀྱི་དབང་ལུང་དང་། ཚེ་དབང་བརྒྱ་རྩ་རྣམས་ཕུལ་ཏེ་ཐུགས་བཞེས་བསྐང་། པདྨ་གར་དབང་སྤྲུལ་སྐུའི་དྲུང་དུ་ཡང་དངོས་པོའི་འབུལ་བ་དང་། ཆོས་འབྲེལ་ཡང་གསན། དེ་ནས་ལ་ཡག་གུ་རུ་ལྷ་ཁང་དུ་ཕེབས་ནས། མཚུངས་མེད་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་དང་། ཐུགས་སྲས་ཟླ་བའི་སྤྲུལ་སྐུ་དང་བཅས་ཡབ་སྲས་གཉིས་ཀྱི་དྲུང་དུ། རྟ་དང་ཁྲབ་རྨོག་གོས་དར་སོགས་ཀྱིས་གཙོས་སྔ་ཕྱིར་དངོས་པོ་གཏོས་ཆེ་བར་ཕུལ་ནས། ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་དང་། འདུས་པ་མདོ་དབང་ཆེན་མོ། ཀུན་མཁྱེན་ཆེན་པོའི་མཛོད་བདུན་སོགས་ཀྱི་དབང་ལུང་ཟབ་རྒྱས་མང་དུ་གསན་པར་མཛད། དེ་གའི་ཡས་ཕྱིན་ལྷ་རྟེན་རྣམས་ལའང་ཕྱག་མཆོད་སྙན་ཤལ་སོགས་ཀྱང་ཕུལ། སྒྲུབ་མཚོ་པདྨ་གླིང་གི་བཀའ་བརྒྱུད་ཀྱི་ལྷ་ཁང་ཞིག་མཇལ་ཚེ་གྲུབ་ཆེན་གླིང་རས་ཀྱི་སྐུ་བརྙན་བཞད་འཛུམ་ལྟ་སྟངས་སོགས་མཛད་པ་དང་། ལྷོ་བྲག་གྲོ་བོ་ལུང་དང་སྲས་མཁར་དགུ་ཐོག་རྣམས་མཇལ་ཚེ། མར་པ་དང་མི་ལ་ཡབ་སྲས་རྣམས་གཟི་མདངས་འབར་ཞིང་ལྟ་སྟངས་སོགས་མཛད་པའི་ངོ་མཚར་གཟིགས། སྙན་ཤལ་དང་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཡང་རྒྱ་ཆེར་ཕུལ།
དེ་ནས་ལྷོ་བྲག་མཁར་ཆུ་དང་། ཚེ་ལམ་དཔལ་རི། ལྷ་མོ་མཁར། ལྕགས་ཕུར་ཅན། དཔལ་གྱི་ཕུག་རིང་། དུར་ཁྲོད་ལ་ཁ་རྣམས་སུ་གནས་འབྲེལ་དུ་ཟླ་བ་རེ་རེ་སྐུ་མཚམས་མཛད། ཁྱད་པར་དུར་ཁྲོད་ལ་ཁར་བཞུགས་སྐབས་ཐོ་རངས་སིག་ཤར་ཕྱོགས་ཀྱི་ནམ་མཁའ་ནས་ལྷ་ལྕམ་མནྡ་ར་བ་དཀར་མོ་གར་ཐབས་ཅན། རུས་རྒྱན་དང་ལྡན་པ་ཞིག་ནུབ་ཕྱོགས་ཀྱི་ནམ་མཁའི་ངོ་ལ་བརྡ་ཆོས་མང་པོ་སྟོན་བཞིན་བུན་ནེར་གཤེགས་པའི་ཉམས་སྣང་བྱུང་བ་མཁའ་སྤྱོད་ད་རེས་སྒྲུབས་ཤིག་ཅེས་པའི་བརྡ་རྟགས་སུ་དགོངས། སྒམ་པོ་སྤྲུལ་སྐུ་བཟང་པོ་རྡོ་རྗེ་ཡང་དེར་བཞུགས་པ་དང་འགྲིག་པས་རོ་སྙོམས་ཀྱི་གདམས་ངག་སོགས་ཀྱང་གསན། གནས་དེའི་སྒྲུབ་པ་བ་རྣམས་ལའང་དབང་ཆོས་དང་གདམས་ངག་མང་པོ་གནང་ནས་ཕན་གདག་པར་མཛད། དེ་ནས་མཁོན་མཐིང་ལྷ་ཁང་གི་གནས་གཟིགས་དང་མཆོད་པ་མཛད། དེ་ནས་ལྷོ་བྲག་བན་ས་ཐིག་ཕྱི་དང་། བཙན་སྒྲོ་གནས་གཞི་རྣམས་སུ་ཕེབས་ནས། ཆོས་དབང་གདུང་བརྒྱུད་དཔལ་འབྱོར་རྒྱལ་པོའི་དྲུང་དུ། དངོས་འབྱོར་གྱི་འབུལ་བ་རྒྱ་ཆེན་དང་བཅས། བླ་མ་གསང་འདུས་ཀྱི་ཆོས་སྐོར་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་སོགས་དང་། སངས་རྒྱས་མཉམ་སྦྱོར་སོགས་དབང་ཆོས་དང་གདམས་ངག་མང་པོ་གསན་པར་མཛད། ཚུར་ལམ་ཡར་ལུང་དུ་ཕེབས་ཏེ་གནས་རྟེན་རྣམས་མཇལ་ཕྱག་མཆོད་འབུལ་སྙན་ཤལ་སོགས་ཀྱང་གཟབ་རྒྱས་མཛད། རས་ཆུང་སྤྲུལ་སྐུའི་དྲུང་དུ་རྟ་ཞིག་གིས་གཙོས་སྔ་ཕྱིར་དངོས་རྫས་བཟང་པོ་ཕུལ་ནས། རས་ཆུང་སྙན་བརྒྱུད་ཀྱི་དབང་དང་གདམས་པ་རྣམས་གསན། དེ་ནས་ཟངས་རི་མཁར་དམར་དང་། གདན་མཐིལ་རྣམས་ཀྱི་གནས་གཟིགས་དང་སྙན་ཤལ་མཆོད་འབུལ་སོགས་ཀྱང་ཞིབ་རྒྱས་མཛད།
དེ་ནས་བསམ་ཡས་མཆིམས་ཕུར་བཞུགས་སྐབས། མཁའ་འགྲོ་ཡེ་ཡུལ་གྲུབ་ཆེན་ཀུ་ཀུ་རི་པ་དང་། བོད་ཀྱི་ཡུལ་འདིར་རྒྱལ་བ་སྟག་ལུང་ཐང་པ་རྣམས་ད་ལྟ་ཁྱེད་རང་ཡིན་ཞེས་པའི་ལུང་བསྟན་གསལ་བར་གནང་བ་དང་། ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས་པ་གསན། འདི་སྐབས་གྲྭ་པ་ཕལ་ཆེར་ཁམས་སུ་ཕྱིར་སློག །སྐུ་སྐྱེ་སོགས་ལྔ་ཙམ་ཞིག་འཕྱོངས་རྒྱས་དཔལ་རིར་སྒྲིག་ལ་བཞག །རྗེ་ཉིད་མཆིམས་ཕུར་ལོ་གསུམ་གྱི་བཅད་རྒྱ་མཛད་པས་ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཛོ་ལྟར་འཕེལ། བདེ་ཆེན་བྱང་སེམས་ཀྱི་ཀུནྡ་གཏུམ་མོ་སྟེ་ཙནྡྲ་ལིའི་དྲོད་ཀྱིས་བསྐུལ་བའི་ཞུ་བདེ་ལྷན་སྐྱེས་ཀྱི་ངོ་བོ་བཅུ་དྲུག་དགའ་བཞིའི་ཆ་ཤས་ཡོངས་སུ་གང་བའི་ཡེ་ཤེས་ཀྱི་སྣང་ཆ་དཀར་འཇམ་རྩའི་སྒྲོན་མའི་ལམ་ལས་བརྒྱུད་དེ། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལས་ཐོན་ཏ་དབྱིངས་རྣམ་པར་དག་པའི་དབུས་སུ་ཐིག་ལེ་སྟོང་སྒྲོན་གྱི་དཀྱིལ་དུ་རིག་པའི་ཡེ་ཤེས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་ནས་ཉམས་སྣང་གོང་འཕེལ་གྱི་རོལ་རྩེད་སྦྱངས། དབོན་རྩའི་སྲུང་མ་གནམ་ལྷ་བྱང་ཆུབ་ཀྱིས་བར་ཆད་བརྩམས་ཀྱང་དམིགས་མེད་དུ་བསྒྲལ་ནས་གནས་སྤར། དེང་སང་གནམ་ལྷ་འདི་གཞན་ཞིག་ཡིན་པར་གྲགས། འདི་སྐབས་སྐུ་སྐྱེ་དཔོན་གཡོག་འགའ་ཞིག་ཧོར་ནང་དུ་འབུལ་སྡུད་ལ་མངགས་པས་ཟང་ཟིང་གི་དངོས་རྫས་རྟ་ནོར་སོགས་མང་དུ་བྱུང་འདུག་པ་སྒྲུབ་རྒྱུགས་ཀྱི་མཐུན་རྐྱེན་མཛད།
ས་སྤྲེལ་ལོར་ཡུལ་ཉེར་བཞིའི་ནང་ཚན། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་། གནས་མཆོག་ཆེན་པོ་ཙ་རི་ཏྲའི་རོང་སྐོར་ལ་ཕེབས་པས་བདེ་མཆོག་བླ་མཚོ། སྟག་མ་ལ། བཀའ་བརྒྱུད་བླ་མཚོ། དཔལ་གྱི་རི་ཟླུམ་སོགས་སོ་སོར་ཕེབས་དུས་དཔོན་སློབ་ཐུན་མོང་གི་སྣང་ཆར་བདེ་མཆོག་ཕག་མོ་སོགས་ངོ་མཚར་གྱི་གཟིགས་སྣང་དུ་མ་དང་། སྲ་མཁྲེགས་ཀྱི་རྡོ་བ་འདམ་ལྟར་བརྫིས་པའི་ཞབས་རྗེས་ཀྱང་ཉིས་ཙམ་འཇོག་པར་མཛད་སྣང་། ཁྱད་པར་གནས་ཀྱི་གཙུག་ཏོར་དག་པ་ཤེལ་རིའི་གངས་ཞོལ་ཟབ་ལམ་རྡོ་རྗེ་ར་བ་ཞེས་པའི་དབེན་གནས་མེ་ཏོག་དང་འབྲས་བུ་ཅན་གྱི་ལྗོན་ཤིང་གི་ཕྲེང་བས་མཛེས་ཤིང་འཇིག་རྟེན་གྱི་གཡེང་བ་དང་བྲལ་བ། དགེ་སྦྱོར་ངང་གིས་འཕེལ་བའི་གནས་དེར་སྒྲུབ་པའི་སྡེ་བཙུགས་ནས་སྐུ་མཚམས་བཅད་རྒྱ་ལ་བཞུགས་པའི་ཐོག་མར་ཞིང་སྐྱོང་སེང་གདོང་ཡབ་ཡུམ་ནམ་མཁའ་ལ་ཡད་ཡུད་དུ་རྒྱུགས་པ་སོགས་ལྷོང་གི་རྣམ་པ་དུ་མ་བྱུང་ཡང་དགོངས་པའི་དབྱིངས་སུ་གཞིལ་བར་མཛད་པས་རིམ་གྱིས་ལྷོང་རྣམས་ཞི་སྟེ། བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཡང་ཞལ་དངོས་སུ་མཇལ་ཞིང་། སླར་ཡང་རྟོགས་པའི་བོགས་ཆེན་ཐོན་ཏེ། རིག་པ་སྐུར་སྨིན་ནས་ལུག་རྒྱུད་ཀྱི་ར་བར་པཎ་ཆེན་བི་མ་ལ་དང་། དེ་ཉིད་གནས་འགྱུར་ཏེ་རྡོར་སེམས་ཀྱི་སྐུ་དང་། གཞན་ཡང་རྒྱལ་སྲས་དང་བཅས་པའི་སྐུ་བརྙན་ཕྲ་མོ་དུ་མ་སྐུ་རྐྱང་དང་ཉིས་འབྲེལ། སུམ་ཚོམ། བཞི་སྒྲིག །ལྔ་ཚོམ་སོགས་བཅུ་ཕྲག་ནས། བརྒྱ་ཕྲག །གྲངས་མེད་ཀྱི་ཞིང་ཁམས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་བས་རིག་པ་ཚད་ལ་ཕེབས་པའི་ཀུན་བཟང་དགོངས་པའི་གནད་གསང་གི་ལམ་མཆོག་ཕུལ་དུ་ཕྱིན་པ་བརྙེས། འདི་སྐབས་ཀོང་པོར་རྒོད་ཚང་བ་སྣ་ཚོགས་རང་གྲོལ་ལ་ཉམས་རྟོགས་ཕུལ་བས། གསུང་ལན་དུ་བསྔགས་བརྗོད་འདི་ལྟར་གནང་འདུག་སྟེ། གྲངས་མེད་ཀྱི་སྐྱེ་བའི་གོང་རོལ་ནས། །ཚོགས་གཉིས་ཀྱི་བྲེ་ཁ་ལེགས་ཁེངས་ཤིང་། །ཐོས་བསམ་དང་བསྒོམ་སྒྲུབ་མཐའ་དག་ལ། །དབང་འབྱོར་གྱི་འབྲས་སུ་ཕྱུག་པ་ཁྱེད། །ཅེས་དང་། ཁྱོད་ཟབ་དོན་གྱི་ཉམས་བཞེས་མཐར་ཕྱིན་ནས། །གྲུབ་ཐོབ་ཀྱི་གདན་ས་སྙེགས་པ་ལ། །འདི་འདྲ་ཡི་སྙན་འབུལ་མ་དགོས་ཚེ། །ཚད་ཕེབས་དེ་ཟད་སར་འཁྱོལ་མཛད་ནས། །རྩོལ་མེད་ཀྱི་གཞན་དོན་མཁའ་ཁྱབ་ཞུ། །ཞེས་སོགས་ཚད་ཕེབས་ཆེན་པོར་དབང་འབྱོར་བའི་བསྔགས་བརྗོད་རྒྱ་ཆེར་མཛད་འདུག་ཅིང་། ད་དུང་ཆོས་ཉིད་ཟད་པར་འབྱོར་བར་མཛད་དགོས་པའི་ཞབས་བསྐུལ་དང་བཅས་བསྩལ། གྲུབ་དབང་རིན་པོ་ཆེ་ཉིད་ཀྱི་གསུང་ལས་ཀྱང་། འོང་པ་དེ་སྟོད་ཀྱི་ཕྱོགས་སུ་བྱས། །ཐོས་བསམ་གྱི་ཡར་ལྟ་རྒྱ་ཆེར་བྱུང་། །ཐོས་དོན་དེ་ཉམས་ལེན་གནད་ཐོག་ཏུ། །སྲུང་བ་ཡི་ངང་ཚུགས་བླ་མའི་དྲིན། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང་། །ཡེ་ཤེས་ཀྱི་མཁའ་འགྲོས་བརྡ་ཆོས་བསྟན། །བསམ་གཏན་གྱི་སྒོམ་ཚུགས་བཟུང་པ་ཡིས། །མཐར་ཐུག་གི་ལམ་སྣ་ཟིན་ངེས་བྱུང་། །སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །ཀ་དག་དང་ལྷུན་གྲུབ་ཀྱི་རང་ངོ་མཐོང་། །གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། །ཚིག་དོན་བསྙེལ་བ་མེད་དམ་སྙམ། །བོགས་འདོན་དེ་ཙ་རི་ཏྲ་རུ་བྱས། །རིག་པ་ཡི་ཡེ་ཤེས་སྐུར་མཐོང་ནས། །རྡོ་རྗེ་ཡི་རྩེ་མོའི་གནད་ཤེས་པས། །སྣང་སྟོང་ལ་འགལ་བ་མེད་པར་རྟོགས། །ཞེས་གསུངས་སོ། །འདི་སྐབས་ཙ་རི་ནས་གྲུབ་དབང་རིན་པོ་ཆེས་གསུང་མགུར་གནང་བ་གནས་མདོར་ཆགས་མེད་རིན་པོ་ཆེ་ནས་ལྷང་ངེར་གསན་པ་བྱུང་གསུངས་པ་རྣམ་ཐར་ན་འདུག
འདི་དུས་གཏེར་ཆེན་ཉི་གྲགས་ཀྱང་སྐུ་སྐྱེ་ཞེས་ཟེར་ཞིང་ཞབས་ཕྱི་རྒྱུན་ཆགས་དང་གྲུབ་དབང་རིན་པོ་ཆེའི་སྒྲུབ་པའི་མཐུན་རྐྱེན་དུ་དྭགས་ཀོང་སོགས་སུ་འབུལ་སྡུད་ཕྲན་བུ་དང་དེ་སྐབས་ཧོར་དང་ནག་ཆུ་ཁ་སོགས་ལ་འབུལ་སྡུད་ལ་བྱོན་ཡོད་པར་གྲུབ་དབང་རིན་པོ་ཆེ་སྐུ་མཚམས་གྲོལ་བསྟུན་སྐུ་སྐྱེ་གདན་འདྲེན་ལ་བྱུང་བས་རིམ་གྱིས་ནག་ཆུ་ཁར་ཕེབས་པར་མཛད། དེ་ནས་ནག་ཆུ་ཁའི་མཁར་བར་བསམ་གཏན་བྲག་ཏུ་ཡུན་རིང་ཙམ་བཞུགས་ཤིང་། ཧོར་ལོ་ཆེན་སོགས་ཧོར་འབྲོག་གི་མི་དཔོན་བན་བོན་སེར་སྐྱ་སྣ་ཚོགས་བཀའ་ཆོས་ཞུ་མི་ཤིན་ཏུ་མང་བ་ལ་ཟབ་རྒྱས་ཆོས་ཚུལ་དུ་མའི་བཀའ་དྲིན་བསྩལ་ནས་ཐར་པའི་གྲོང་དུ་བཀྲི་བར་མཛད། ཐུགས་སྲས་དཔོན་སློབ་ནམ་མཁའ་འོད་གསལ་ཡང་འདི་དུས་ཞབས་ཕྱིར་འབྱོར་བ་ཡིན་འདུག འདི་སྐབས་ཤིག་རིན་པོ་ཆེ་ཆགས་མེད་པའི་དྲུང་དུ་བརྟན་བཞུགས་འབུལ་སྐྱེལ་དང་ཞུ་ཡིག་ཕུལ་བར་བཏང་སྟེ། ཆགས་མེད་ཉིད་ཀྱི་རྣམ་ཐར་དུའང་། རང་གི་བུ་ཆེན་པདྨ་རིག་འཛིན་པ། །མཆིམས་ཕུར་ལོ་གསུམ་ཙ་རིར་ལོ་གསུམ་བསྒྲུབས། །ཙ་རིའི་སྐོར་ལམ་ཞབས་རྗེས་གཉིས་བཞག་པས། །ཀུན་ཀྱང་དད་ཅིང་སློབ་མ་མང་དུ་འདུས། །ཆས་ཀ་རྣམས་གཏོར་རྒྱ་གར་འབྱོན་ཤོམ་ཚེ། །འབུལ་ཕུད་ཡིན་ཟེར་རྒྱ་སིལ་བཟང་པོ་དང་། །ཡོལ་བ་གསེར་སྐུ་རྒྱ་ནག་མ་གཉིས་དང་། །ཙ་རིའི་སིན་དྷུར་རྡོ་རྗེ་གདན་གྱི་རྩ། །བྱིན་རླབས་རྟེན་སོགས་འབུལ་བ་མང་པོ་བཅས། །རྟོགས་ལྡན་གཉིས་བཏང་བརྟན་བཞུགས་ཞུ་ཡིག་ནི། །ཞེས་པར་འདིར་ཞུ་ཡིག་དང་བཅས་བྲིས་འདུག་ཅིང་། ཞེས་པའི་ཞུ་ཡིག་གཏམ་སྙན་དང་བཅས་ཕེབས། ཞེས་གསུངས་འདུག་ལ། བླ་མ་མཆོག་གིས་ཀྱང་ཞབས་བརྟན་དང་བསྔགས་བརྗོད་འདི་བཞིན་བསྩལ་འདུག་སྟེ། པདྨའི་རྗེར་གསུངས་གནམ་ཆོས་ས་གཏེར་དང་། །རིག་འཛིན་རྣམ་གསུམ་ཞལ་ཆེམ་རྗེ་འབངས་སོགས། །སེམས་དཔའ་ཆེན་པོ་སྤྲུལ་སྐུ་སྦྲས་པའི་ཚུལ། །སྐལ་ལྡན་སྐྱེས་བུ་ལོ་བརྒྱར་ཞབས་བརྟན་གསོལ། །འཁོར་བའི་དོན་རིག་ཞེན་པ་གཏིང་ནས་ལོག །འཆི་བ་སྙིང་ལ་གཟེར་བས་སྒྲུབ་ལ་བརྩོན། །ཐོས་སྒོམ་སྤེལ་མར་བྱས་པས་གོལ་ས་ཆོད། །སྒྲུབ་བརྒྱུད་བསྟན་པའི་རྒྱན་ཁྱོད་རྒྱལ་གྱུར་ཅིག །རང་དོན་ཚགས་ཚུད་ཆོས་ཉིད་བདེན་པ་རྟོགས། །མ་རྟོགས་འགྲོ་ལ་བཟོད་མེད་སྙིང་རྗེ་ཡི། །འཆད་རྩོད་རྩོམ་ལ་ཐོགས་པ་མི་མངའ་བས། །འགྲོ་ལ་ཟབ་རྒྱས་ཆོས་ཆར་དབབ་དུ་གསོལ། །དེ་ལྟར་ཤིས་པ་བརྗོད་ནས་ཞུ་བའི་འབྲས། །བློ་སེམས་མི་དང་མི་མཐུན་དམ་པའི་རྟགས། །གསུངས་ལྟར་ཁྱེད་ལ་བློ་བཅོས་ཚད་དཀའ་ཞིང་། །དེ་སྔོན་གང་མཛད་བྱང་ཆུབ་ལམ་སོང་བས། །དེ་ཡང་ཉིད་ཀྱིས་ཐུགས་ཐག་གང་བཅད་ལས། །ཁོ་བས་གེགས་དང་བཤོལ་འདེབས་བྱ་མི་སྤོབས། །ཞེས་དང་། དེ་ནས་ཁམས་སུ་ཅིས་ཀྱང་འབྱོན་དགོས་ཏེ། །རང་དོན་གྲུབ་ནས་གཞན་དོན་མི་མཛད་པ། །ཐེག་དམན་ཉན་ཐོས་ལམ་གྱི་གོལ་ས་ཆེ། །རྫོགས་སངས་རྒྱས་ནས་འགྲོ་དོན་མ་གཏོགས་པ། །མཛད་རྒྱུ་གཞན་ནི་ཡོད་སྐད་མ་ཐོས་སོ། །ཞེས་དང་། ཁམས་སུ་བྱོན་པ་ཟང་ཟིང་དོན་གཉེར་མིན། །དབང་ལུང་རྒྱ་མཚོ་དེ་དག་སྤེལ་ཐུབ་ན། །འགྲོ་ལ་ཆོས་སྦྱིན་ཨོ་རྒྱན་བསྟན་ལ་ཕན། །བསྟན་འགྲོའི་དོན་འགྲུབ་རང་དོན་མཆོག་དེ་ཡིན། །བླུན་སྒོམ་ཟ་ཆོག་བརྒྱ་བས་དེ་ཉིད་ལྷག །ཅེས་སོགས་བསྔགས་བརྗོད་དང་ཞལ་གདམས་ཞབས་བསྐུལ་གྱི་ཆབ་ཤོག་ཞིབ་རྒྱས་བསྩལ། འདི་དུས་ཆགས་མེད་རིན་པོ་ཆེའང་དགུང་ལོ་དྲུག་ཅུ་རེ་ལྔ་ཙམ་བཞེས་དུས་ཡིན་འདུག དེ་སྐབས་དངོས་རྫས་གང་བྱུང་ཐམས་ཅད་ཡར་མཆོད་མར་སྦྱིན་གྱིས་ཚོགས་བསགས་གནང་ནས་ཀུན་སྤངས་ཀྱི་བརྟུལ་ཞུགས་ཀྱིས་གནས་ངེས་མེད་དུ་ཕེབས་བཞེད་གནང་སྟེ། སྐུ་སྐྱེ་ལའང་གཏེར་གྱི་ཁ་བྱང་བྱུང་ཚུལ་གསལ་བར་ཞལ་ཏ་དང་གཏེར་སྒྲུབ་ལ་བསྐུལ་བར་མཛད། དེ་ཡང་གསུང་ལས། དེ་ནས་རང་གི་བསམ་པ་ལ། །དཔེ་རྟེན་ཕྲན་བུ་མ་གཏོགས་པ། གཞན་གྱི་ཟང་ཟིང་མི་འཁྱེར་སྙམ། །འོན་ཏེ་སྐུ་སྐྱེ་རིག་འཛིན་གྱིས། །བརྩོན་འགྲུས་འབད་པ་བྱས་པའི་མཐུས། །རྟ་དང་ཇ་སོགས་རྣམ་མང་ཞིག །སྒྲུབ་པའི་རྒྱགས་སུ་ཁྱེར་ཏེ་འོང་། །རིམ་གྱིས་གནམ་མཚོ་ཁ་རུ་སླེབས། །ཞེས་གསུངས་པ་ལྟར། སླར་ཡང་བྱང་གནམ་མཚོ་དང་ཤངས་ཟམ་ལུང་སོགས་ལ་ཕེབས་ནས། ཐུགས་དམ་བོགས་འབྱིན་སྐུ་མཚམས་ལོ་མང་དང་འགྲོ་དོན་ཆོས་འཆད་སོགས་ཀྱང་མཛད་ནས་ལོ་ཤས་བཞུགས། དེ་ནས་བྲག་ཡེར་པར་ཐོག་གཅིག་བཞུགས། དེ་སྐབས་༸གོང་ས་མཆོག་གི་སྐུ་འཁོར་ཆེ་བགྲེས་གནས་བརྟན་འཇམ་དབྱངས་གྲགས་པ་སོགས་གྲྭ་ཚང་ཕལ་ཆེ་བ་དང་། སེ་འབྲས་སོགས་ནས་ཀྱང་རྗེ་འདིར་ལྐོག་ཆོས་ཞུ་བ་མང་དུ་བྱུང་ཞིང་། ཐུགས་སྲས་ཞ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཀྱང་འདི་སྐབས་ཞབས་འབྲིང་དུ་བྱུང་བ་ཡིན་ལ། འདི་དུས་ཉམས་རྟོགས་ཀྱི་བགྲོ་གླེང་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ལྔ་པ་ཆེན་པོ་ལ་ཞིབ་ཏུ་ཕུལ་བས་ཟབ་ཡངས་ཐུགས་ཀྱི་ཀློང་དུ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ། གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་འཆར་ཚུལ་བརྗོད་པ་བཅོས་མ་ལྟར་མ་ཡིན་པར་ཀློང་བརྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་། ཞེས་རྣམ་ཐར་པུ་ཏི་ཁ་པར་གསུངས་སྣང་ཞིང་། ཕྱིས་གྲུབ་དབང་འདི་ཉིད་ལ་འཕྲིན་ལན་གྱི་ཆ་ཤོག་བསྩལ་བ་ཀུན་བཟང་ཞལ་ངོམས་ཀྱི་ནང་དུ་འདི་ལྟར་བསྔགས་ཏེ། སུམ་ཅུའི་ཡོངས་འཛིན་ཨུ་དུམ་ཝ་རའི་ཕྲེང་། །ཐོད་བཅིངས་ཁྱད་པར་ཆོས་རྒྱལ་ལྷ་གྲལ་ནས། །སྙིང་ཏིག་བདུད་རྩིས་ངོམས་པའི་སྒྲ་གཅན་ཁྱེད། །ཐར་ལམ་སྲོག་གི་ཀ་བ་གཅིག་ཏུ་ཚུགས། །མཁའ་སྤྱོད་ཨོ་ཌི་ཡ་ནའི་གསང་མཛོད་དང་། །དབྱེར་མེད་པདྨ་ཀཱ་རས་བསྒྲུབས་པའི་ཁང་། །མང་པོར་ཏིང་འཛིན་མི་གཡོའི་གཡར་དམ་གྱིས། །གནས་ཀྱི་གང་ཟག་བརླབས་པར་གདོན་མི་ཟ། །ལོ་གསུམ་འདག་སྦྱར་བུག་སྒོ་ཙམ་བསྟེན་པར། །མཚར་དུ་བརྩི་ན་བགྲང་བྱ་བཅོ་ལྔའི་བར། །རྩེ་གཅིག་སྒྲུབ་ལ་རབ་བརྩོན་ངང་ཚུལ་དེར། །ལྷ་རྣམས་མཁའ་ངོས་ལེགས་སོའི་མེ་ཏོག་འཐོར། །དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལ། །བཻ་རོ་སོ་ཟུར་གནུབས་གཉགས་ལ་སོགས་པའི། །བཀའ་གཏེར་གནད་ལ་སྦྱངས་དམན་རྙིང་རློམ་འགས། །ཕྱག་རྫོགས་མ་ཕྱེད་འདྲེས་མའི་ཆོས་སྐད་མང་། །ཁྱོད་ཀྱིས་སྔོན་ཆད་བརྩོན་པས་ཉམས་བསྟར་ཀུན། །སྙིང་ཏིག་སྙིང་པོའི་དགོངས་དོན་ཇི་ལྟ་བར། །མ་རྟོགས་ལོག་རྟོག་མེད་པ་རྣམ་དག་ལམ། །ཁོ་ནར་སོང་བའི་ཚུལ་ལ་གཅིག་ཏུ་འདུས། །ཆོས་ཉིད་མངོན་སུམ་ཕ་མཐར་ཕྱིན་པ་དང་། །དཀོན་ན་གོང་འཕེལ་སྣང་བ་ཡོངས་ཤར་གང་། །སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུའི་ལྗོན་པ་ཁྱོད་དུ་ངེས། །ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་ས་རུ། །འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་བཏགས་པ་ཡོད། །དེ་ཕྱིར་སྔ་འགྱུར་གྲུབ་བརྙེས་ཆེས་མང་པོ། །ཕུང་པོ་འོད་སྐུར་གྲོལ་མོད་ཆེར་སྙིགས་དུས། །ཉིན་མོའི་སྐར་ལྟར་དཀོན་ཀྱང་མི་འབྱུང་མཐའ། །མ་བཀག་སྒྱིད་ལུག་མེད་པར་འབད་པས་སྒྲུབས། །ལོངས་སྐུའི་ཞིང་མང་ཉུལ་བ་ཐོད་རྒལ་གྱི། །དཀར་སེར་ཁྲ་མུན་སྒྲོན་མ་དུག་གི་གནད། །ནན་ཏན་བགྱིད་ཁྱོད་རང་རིག་ཀུན་ཏུ་བཟང་། །རང་ཞལ་མཐོང་བའི་རབ་དུ་དར་ཡོལ་ཙམ། །ཞེས་སོགས་བསྔགས་བརྗོད་ཀྱི་གླིང་བུ་སྙན་དབྱངས་འབུམ་དུ་བསྒྱུར་བར་མཛད་དེ། དེ་དག་ནི་སློབ་མ་དད་ཅན་གྱིས་བླ་མ་ཟོག་པོར་བཏང་བའི་བླུན་པོའི་རང་བསྟོད་མ་ཡིན་པར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པའི་དམ་པ་དག་གི་གསུང་ནི་གཟུ་བོར་གནས་པའི་དཔྱོད་ལྡན་དག་གིས་དཔྱད་ན་ཡིད་ཆེས་ཀྱི་དཔང་པོར་ངེས་སོ། །
དེ་ནས་སླར་ཡང་ནག་ཆུའི་མཁར་བར་དང་ཟི་རོ་ཆོས་ལུང་སོགས་ལ་བཅད་རྒྱར་ལོ་ཤས་ཤིག་བཞུགས་སོ། །དེ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་མ་ཟད། ཕྱི་ནང་གི་ཆོས་སྤྱི་དང་བྱེ་བྲག་གང་ལའང་མཁས་པའི་ཡང་རྩེར་སོན་པ་སྟེ། ཐ་སྙད་རིག་གནས་ལས། སྐར་རྩིས་སྙན་ངག་སོགས་ལེགས་པར་སྦྱངས་པས་མཁས་པར་མཁྱེན་ཅིང་། གཞན་ཡང་མཁྱེན་པའི་མེ་ལོང་གཙང་མར་མདོ་སྔགས་ཀྱི་གཞུང་ལུགས་དག་ཀྱང་ཚུལ་ཇི་བཞིན་མ་འདྲེས་པར་གསལ་བར་མཁྱེན་ཅིང་། བསྟན་བཅོས་ཀྱི་སྐོར་ལ་ཡང་སྔར་ཁམས་སུ་བརྩམས་པའི་རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གཞན་ལམ་ཡིག་གི་སྐོར། དགེ་བསྐུལ་ལྕགས་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་ཉམས་མྱོང་གི་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམས་ངོ་སྤྲོད་ཀྱི་སྐོར། སྒྲུབ་ཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོགས་དྲུག་གི་རིམ་པ་རྣམས་སོ། །གཞན་ཡང་གྲགས་པའི་མཚོ་ཆེན་བཞིའམ། མཚོ་སྨན་སྤུན་བཞིའི་ཡ་གྱལ་བྱང་གནམ་མཚོར་བཞུགས་པའི་ཚེ། གཟའ་ཀླུ་མ་མོ་དམ་ཅན་རྣམས་དང་། མཁར་བར་བསམ་གཏན་བྲག་ཏུ་སྒྲུབ་པ་ཡུན་རིང་གནང་ཚེ་སོག་གི་དགེ་བསྙེན་དང་། ཇོ་བོ་སྒྱོགས་ཆེན་གདོང་ར་རྣམས་ཀྱིས་འཕྲིན་ལས་བསྒྲུབ་པར་ཁས་བླང་པ་སོགས་རྡོ་རྗེ་ཆོས་སྐྱོང་རྣམས་དང་སྣང་སྲིད་ཀྱི་དྲེགས་ཚོགས་ཐམས་ཅད་བྲན་དུ་བཀོལ་ནུས་པ་སོགས་རྣམ་པར་ཐར་པ་ངོ་མཚར་ཅན་བགྲང་བ་ལས་འདས་པ་མངའ།
སླར་ཡང་སྐུ་ལུས་མི་སྤོང་བར་འོད་ལུས་གཞོན་ནུ་བུམ་སྐུ་འགྲུབ་པར་དགོངས་གཏད་ཀྱི་ཉམས་བཞེས་བསྐྱངས་ཚེ་༸གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་ལྔ་པ་མཆོག་གིས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེའི་གསུང་གིས་བསྐུལ་བ་སྟེ། ཨོ་རྒྱན་ལུང་ཟིན་པདྨའི་མཚན། །རྣལ་འབྱོར་དབང་ཕྱུག་ཁྱོད་ཉིད་ཀྱིས། །མདོ་སྨད་ཉི་མ་ཤར་ཕྱོགས་སུ། །རྒྱས་དང་རུ་དམ་ར་བ་དཀར། །གང་རུང་གདན་ས་གནས་གྱུར་ཚེ། །བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ། །མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལ། །ཞེས་སོགས་རྡོ་རྗེའི་བཀའ་ལུང་གིས་བསྐུལ་བ་ལྟར་དང་། ཆགས་མེད་ཡིན་པོ་ཆེས་ཀྱང་སྔ་ཐོག་ནས་མདོ་ཁམས་སུ་ཕེབས་ན་ལེགས་ཚོགས་ཆེ་ཚུལ་ཞུ་ཡིག་གི་ལམ་ནས་ཞབས་བསྐུལ་མཛད་པ་སོགས་ལ་བརྟེན་མདོ་སྨད་ཕྱོགས་སུ་ཆིབས་བསྐྱོད་གནང་བར་ཤར་ཏེ་གཙོ་བོར་རྒྱལ་དབང་མཆོག་གི་ལུང་བསྟན་བཞིན། རང་ཉིད་ཞི་བདེ་ལ་གཞོལ་བ་ལས་བསྟན་འགྲོའི་དོན་ཁོ་ན་ཐུགས་བསྐྱེད་ཀྱི་ཁུར་ཆེན་འཁྱེར་བ་དམ་པའི་ངང་ཚུལ་ཡིན་པ་ལྟར། ཇོ་བོ་དཱི་པཾ་ཀཱ་ར་བོད་དུ་བྱོན་པའི་རྣམ་ཐར་དང་མཚུངས་པར་བསྟན་པ་ཐུགས་ལ་བརྣག་པས། དགུང་ལོ་དྲུག་བཅུ་བཞེས་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་མདོ་སྨད་ཉི་མ་ཤར་ཕྱོགས་སུ་ཞབས་པད་བསྐྱོད་པ་ན། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྣམ་པར་དག་པའི་སྨོན་ལམ་གྱི་མཚམས་སྦྱོར་གཅིག་པའི་སྐྱེས་བུ་དུ་མའང་སྐྱེ་དགུའི་ལེགས་བྱས་ཀྱི་མགྲོན་དུ་ཆབས་ཅིག་ཏུ་འཛོམས་ཏེ། ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་སྤྲུལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་ཞེས་ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་དེ་ཉིད་ཀྱིས་གྲུབ་དབང་དམ་པའི་ཞབས་སྤྱི་བོར་བླངས་ཏེ་བསྟན་པའི་སྦྱིན་བདག་མཛད་ནས། ཨོ་རྒྱན་རྡོ་རྗེ་འཆང་གི་ཞབས་ཀྱིས་བཅགས་ཤིང་། དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་མཆོག་སྟེ། མདོ་ཁམས་ཆུ་བཞི་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་པ། དཀར་ཕྱོགས་སྐྱོང་བའི་ལྷ་དགེ་བསྙེན་ཆེན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱིས་སྲུང་བའི་ས་ཕྱོགས། ཨོ་རྒྱན་སངས་རྒྱས་གཉིས་པས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་གཏེར་རིགས་སྣ་ཚོགས་ཁ་བྱང་ཡང་བྱང་དང་བཅས་ཏེ་སྦས་པའི་གནས། ཕུ་ལྷུན་ཆགས་ཀྱི་གངས་རི་རྩེ་རྒྱལ་རྒྱལ་པོ་གདན་ལ་བཞུགས་འདྲ་དང་། བར་རྫ་བྲག་གི་གཡའ་རི་རྔམས་པ་བློན་པོ་གྲོས་ལ་ཚོགས་འདྲ། མདའ་སྤང་ཆེན་རི་ཡི་ཆ་ག་བཙུན་མོས་ཕྱག་རྒྱ་བསྣོལ་འདྲ། གཞན་ཡང་དྭངས་འཁྱིལ་གཡུ་ཡི་མཚོ་མོར་ཀླུ་རྒྱལ་ཕྱུག་མོས་རྟེན་འཆའ་ཞིང་། ལྗོན་ཤིང་ནགས་ཚལ་སྟུག་པོར་རྒྱ་སྟག་མ་བུས་ཚང་བཅའ་བ། ཤར་ཕྱོགས་ཉི་ཟླའི་གསེང་ལམ་ཡངས་ཤིང་དྭངས་བ། ལྷོ་ཆུ་གཡུ་འབྲུག་སྔོན་མོ་འབབ་རྒྱུན་གཡས་སུ་འཁྱིལ་བ། ནུབ་རི་རིན་ཆེན་སྤུངས་འདྲའི་རི་ཚོགས་འཐུག་ཅིང་རྔམས་པ། བྱ་རི་བཙན་པོའི་འགག་སྒོ་མཐའ་ནས་བསྡམས་པ། གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་དང་། ས་དབྱིམས་པདྨ་འདབ་བརྒྱད། ཕྱོགས་མཚམས་ཐམས་ཅད་བཀྲ་ཤིས་རྟགས་ཀྱི་ར་བས་ཕྱི་ནང་ཀུན་ནས་བསྐོར་བའི་ནོར་འཛིན་ཡངས་པའི་ཐིག་ལེ་རུ་དམ་སྐྱིད་ཀྱི་ལུང་པར། རྒྱབ་རི་གླང་ཆེན་བྲེས་ལ་ཉལ་བ་འདྲ་བའི་མཁལ་ཁུང་། མདུན་ཐང་ནེའུ་སེང་མར་ཁུའི་རྒྱ་མཚོ་འཁྱིལ་འདྲའི་ཟུར། སའི་དཔྱད་ཕུན་སུམ་ཚོགས་དགུ་མ་ཚང་བ་མེད་པའི་ནོར་འཛིན་གྱི་ཐིག་ལེ་དེ་ཉིད་དུ། རབ་བྱུང་བཅུ་གཅིག་པའི་ནང་ཚན་གྲུབ་པའི་དབང་པོ་ཉིད་དགུང་ལོ་དྲུག་ཅུ་རེ་གཅིག་བཞེས་པའི་ཁྲོ་བོ་ཞེས་པ་ཤིང་གླང་སྤྱི་ལོ་ ༡༦༨༥ ལོར། གདན་ས་གཉིས་པ་འོད་གསལ་སྒོམ་པའི་སྒྲུབ་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་འདི་ཉིད་བཏབ་སྟེ་སྒྲུབ་པའི་རྒྱལ་མཚན་བཙུགས་པས་ཕྱོགས་ཀྱི་དད་ལྡན་ཐམས་ཅད་པདྨའི་མཚོར་བུང་བཞིན་དུ་འདུ་བར་འགྱུར་ཏོ། །
འདི་སྐབས་གཏེར་ཆེན་ཉི་གྲགས་སྲིན་རྫོང་དུ་བཞུགས་པར་གདན་ས་གཏད་པར་བཞེད་ནས་ཆེས་གཏད་ཀྱིས་གདན་འདྲེན་པར་བཏང་བ་བཞིན་བྱོན་ནས་གུར་དཀར་མོ་སྟོང་ཤོངས་སོགས་འབུལ་ཆེན་མཛད་པས་གྲུབ་དབང་རིན་པོ་ཆེའང་ཐུགས་དགྱེས་རྩེར་སོན། འོན་ཀྱང་གཏེར་ལུང་གི་དོན་གྱིས་གདན་སའི་ཁུར་དགོངས་ཁྲོལ་ཞུས་པ་བཞིན་གནང་བར་མཛད་དོ། །གཞན་ཡང་དབུས་ཀོང་ཁམས་སོགས་སྔ་ཕྱི་ཐ་དད་ནས་སློབ་མ་དུ་མ་བྱུང་བའི་རགས་པ་ཙམ་ཞིག་སྨོས་ན། ཉི་མ་ལྟ་བུ་གསང་ཆེན་ཟབ་མོའི་གཏེར་གྱིས་འཁོར་ལོས་བསྒྱུར་བ་འཁོན་ཀླུ་ཡི་དབང་པོའི་རྣམ་སྤྲུལ་གཏེར་ཆེན་ཉི་མ་གྲགས་པ། ནམ་ཐོ་རང་གི་སྐར་ཆེན་ཤར་བ་ལྟ་བུ། རོང་སྟོན་ཤེས་བྱ་ཀུན་རིག་གི་སྐྱེ་མཐའ་སྨྲ་བའི་སེང་གེ་ཚད་མའི་སྐྱེས་བུ་ཞ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། ཟླ་བ་ལྟ་བུ་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་སྤྲུལ་རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་ཆེན་དཔོན་སློབ་ནམ་མཁའ་འོད་གསལ་སྟེ་ཐུགས་སྲས་བུ་ཆེན་གསུམ་དང་། ལྷོ་བྲག་སྨྲ་བོ་ཅོག་གདུང་བརྒྱུད་མངའ་བདག་ཆོས་ཀྱི་དབང་པོ། གནས་བརྟན་འཇམ་དབྱངས་གྲགས་པ། རྗོགས་ཆེན་ཀློང་རྫོགས་མཐའ་བྲལ། གཏེར་སྟོན་རིག་འཛིན་ཀློང་གསལ་སྙིང་པོ། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེ་བཙན། ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ། གཞན་ཡང་འཇའ་ཚོན་པའི་སློབ་མ་ཀུན་མཁྱེན་པ་སོགས་གསུང་གི་བདུད་རྩི་བཞེས་པའི་བླ་ཆེན་མང་པོ་དང་། ཉམས་རྟོགས་མཐའ་རུ་ཕྱིན་ཞིང་འགྲོ་དོན་རྒྱ་ཆེར་བྱུང་བའི་བསྟན་པ་འཛིན་སྤེལ་ནུས་པའི་སློབ་མ་མཐའ་ཀླས་པ་དག་དང་། བསྟན་པ་ལ་ཞབས་ཏོག་ཁྱད་པར་ཅན་སྒྲུབ་པའི་སྦྱིན་བདག་ཀྱང་བསྟན་པའི་རྩ་ལག་དམ་པ་ཆོས་སྐྱོང་རྒྱལ་པོ་སྡེ་དགེ་ཁུ་དཔོན། གླིང་ས་སྐྱོང་མགོན་པོ་ལྷུན་གྲུབ། ས་སྐྱོང་སྡེ་དགེའི་བཀའ་ཁྲིམས་ཀྱི་ཁ་ལོ་བསྒྱུར་བའི་གཉེར་པ་གད་ཐོག་ལྷ་ལུ་སོགས་ཕྱོགས་ཀྱི་མི་ཆེན་རྣམས་དང་། ཁྱད་པར་དུ་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པའི་བཀའ་བསྐུལ་ནས་མངའ་ཞབས་ཀྱི་རྙིང་དགོན་རྣམས་སུ་ཞབས་པད་བསྐྱོད་ནས་ལྟ་སྒོམ་གྱི་ཉམས་ལེན་སྐྱེད་ཙུལ་ལ་དག་ཐེར་མཛད་ནས་འཇིག་རྟེན་རྒན་པོའི་སྒྲོས་ཀྱིས་ལྷད་པའི་མ་དག་པའི་རྙོགས་མ་ཐམས་ཅད་བགྲུངས་ནས་པཎ་ཆེན་བི་མ་ལ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་བཞེས་པ་དྲི་མ་མེད་པའི་ལྟ་གྲུབ་རྣམ་པར་དག་པ་ལ་སྦྱོར་བའི་བཀའ་དྲིན་བསྩལ། གཞན་ཡང་བོད་ཆེན་པོའི་ལྗོངས་ཀྱི་མཆོག་དམན་གྱི་སྐྱེས་དགུ་མཐའ་དག་གདུལ་བྱའི་ཞིང་དུ་མ་གྱུར་པ་མེད་པས་ཐེག་མཆོག་སྙིང་པོའི་བསྟན་པ་མཁའ་ཁྱབ་ཏུ་གདལ་བར་མཛད་ནས། རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པར་གཟིགས་ནས། དགུང་གི་གྲངས་བདུན་ཅུ་རྩ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ནང་ཚན། སྤྱི་ལོ་ ༡༦༩༧ དབང་ཕྱུག་མེ་གླང་ལོའི་ཆོ་འཕྲུལ་ཟླ་བའི་རྫོགས་པ་དང་པོའི་ཚེས་ལ། འཇའ་ཚོན་གྱི་གུར་དང་། འབྱུང་བའི་སྒྲ་སོགས་ཟབ་གསང་རྒྱུད་སྡེ་དང་མཐུན་པའི་རྣལ་འབྱོར་མཆོག་གི་ལམ་རྟགས་ཇི་བཞིན་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཐེག་མཆོག་རྡོ་རྗེ་སྙིང་པོའི་གྲུབ་མཐའ་བསྙེགས་ནས་ཀུན་བཟང་གཞོན་ནུ་བུམ་སྐུའི་ཀློང་དུ་ཐིམ་པར་གྱུར་ཏོ། །དེའི་ཚེ་སྐུ་གདུང་རིན་པོ་ཆེར་ཞུས་ཕུལ་བ་ན་འོད་གསལ་ཐུགས་ཀྱི་ཁང་བཟང་ཙིཏྟའི་གོང་བུ་བྱིན་རླབས་ཀྱི་ཕུང་པོ་འདིའི་ཞུགས་མ་བཞེས་ཏེ་རྗེས་འཇུག་སྐལ་ལྡན་རྣམས་བརྩེ་བས་རྗེས་སུ་འཛིན་པའི་བརྡར་མཆོད་པའི་རྟེན་དུ་སྩལ་བའོ། །དེ་ནས་ཞལ་སློབ་རབ་འབྱམས་པ་དེ་སྐབས་མི་བཞུགས་ཀྱང་གཏེར་ཆེན་ཉི་མ་གྲགས་པ་དང་། དཔོན་སློབ་རིན་པོ་ཆེ་སོགས་བུ་སློབ་རྣམས་ཀྱིས་དགོངས་རྫོགས་བརྟེན་བཞེངས་སོགས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས་པར་མཛད་པ་ཡིན་ནོ། །

0 comments:

ཟིན་བྲིས་འཚོལ་ཡུལ