དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 26 April 2012
འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས།
ཚོགས་བསགས་པ།| ཀུ་སཱ་ལིའི་ཚོགས། |བླ་མའི་རྣལ་འབྱོར།|ཚོགས་ཞིང་གསལ་གདབ་པ། |
ཡན་ལག་བདུན་པ་འབུལ་བ་ནི།|ཕུར་ཚུགས་སུ་གསོལ་བ་འདེབས།|འཕོ་བ།|ཐིམ་རིམ།




སྒྲིབ་གཉིས་དྲི་མས་དབེན་ཀྱང་སྦྱོང་ཚུལ་སྟོན། །ལམ་མཆོག་མཐར་ཕྱིན་དེས་ཀྱང་སློབ་པའི་ཚུལ།
།སྲིད་ཞིའི་མཐའ་ལས་འདས་ཀྱང་སྲིད་ན་སྣང༌། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ།


།དོན་གསུམ་པ་སྒྲིབ་པ་སྦྱོང་པ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ། ཆོས་གསན་པའི་ཚུལ་ལ་སོགས་པ་འདྲ། དངོས་གཞི་གསན་པར་བྱ་བའི་ཆོས་ལ། ཟབ་པོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་སྒྲིབ་བག་ཆགས་ཡིན། དེ་ཡང་ཀུན་གཞིའི་མེ་ལོང་ལ་རྟོགས་པའི་གཟུགས་བརྙན་འཆར་བར་བྱེད་པ་ལ་སྒྲིབ་པ་སྦྱོང་བ་གལ་ཆེ་སྟེ། དཔེར་ན་མེ་ལོང་ལ་གཟུགས་བརྙན་འཆར་བར་བྱེད་པ་ལ་བྱི་དོར་བྱེད་པ་གལ་ཆེ་བ་ལྟར་ཡིན། དེའི་ཕྱིར་སྒྲིབ་པ་སྦྱོང་བའི་ཐབས་གྲངས་མེད་པ་ཞིག་རྒྱལ་བས་བསྟན་པ་ལས། དེ་དག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན། དེ་ཡང་སྤྱིར་སྡིག་པའི་ལས་གང་ཡང་བཤགས་པས་མི་འདག་པ་མེད་དེ། སྔོན་གྱི་དམ་པ་དག་གི་ཞལ་ནས། སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང༌། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས། དེས་ན་ཕྱི་སོ་ཐར་གྱི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་ཀྱི་བསླབ་བྱ་དང་འགལ་བ། གསང་བ་སྔགས་ཀྱི་དམ་ཚིག་ཉམས་པ་སོགས་སྡིག་པའི་ལས་ཅི་ཙམ་ཚབས་ཆེ་ཡང༌། བཤགས་པས་མི་འདག་པ་མེད་དེ། བྲམ་ཟེའི་ཁྱེའུ་མི་གདུང་བའམ་སོར་མོའི་ཕྲེང་བ་ཅན་གྱི་མི་སྟོང་དགུ་བརྒྱ་གོ་དགུ་བསད་པ་ཡང༌། བཤགས་པས་སོར་ཆུད་དེ་ཚེ་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ། རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་བསད་པ་ཡང་ཕྱིས་བཤགས་པས་སོར་ཆུད་དེ། དམྱལ་བ་དར་གྱི་ཕོ་ལང་བརྡབས་པ་ཙམ་མྱོངས་ནས་ཐར་པ་སོགས་དུ་མ་རྫོགས་པའི་སངས་རྒྱས་ཀྱིས་མདོ་སྡེ་རྣམས་ལས་གསུངས།

དེས་ན་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌།
གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ།
།ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན།


།ཞེས་གསུངས། དེ་ཡང་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས། སྙིང་ཐག་པ་ནས་ལེགས་པར་བཤགས་ན་འདག་པ་ཡིན་གྱི། རང་བཞིན་དུ་ཁ་ཡེངས་མིག་ཡེངས། སེམས་རྣམ་རྟོག་གཞན་གྱི་རྗེས་སུ་འབྲངས་བཞིན་དུ། ངག་ནས་མཐོལ་ལོ་བཤགས་སོ་སོགས་བཤགས་ཚིག་ཙམ་ཁ་ཏོན་བྱེད་པ་དང༌། ཕྱིས་ཀྱང་བཤགས་པས་ཆོག་པས་ཕྱིན་ཆད་སྡིག་པའི་ལས་བྱས་ཀྱང་མི་གནོད་དོ་སྙམ་པ་སོགས་ཀྱི་སྒོ་ནས་བཤགས་པ་བྱས་ཀྱང་མི་འདག་སྟེ། རྗེ་མི་ལའི་ཞལ་ནས། སྡིག་བཤགས་པས་ཨེ་འདག་སྙམ་པ་ན། །དགེ་བ་དྲན་ན་འདག་པ་ཡིན། །ཞེས་གསུངས། དེས་ན་བཤགས་པ་གང་ལ་ཡང་གཉེན་པོ་སྟོབས་བཞི་ཚང་བ་ནི། ཅི་ནས་ཀྱང་གལ་ཆེ། དེ་ལ་སྟོབས་བཞི་ནི། རྟེན་གྱི་སྟོབས། ཉེས་བྱས་སུན་འབྱིན་གྱི་སྟོབས། སྡོམ་པའི་སྟོབས། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་དང་བཞི་ཡིན། དང་པོ་རྟེན་གྱི་སྟོབས་ནི། སྐབས་འདིར་རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་བཟུང་ནས་སྨོན་འཇུག་གི་བྱང་སེམས་དང་ལྡན་པ་དེ་ཡིན། སྐབས་གཞན་ཏུ་ཡང་སྡིག་བ་བཤགས་པའི་ཡུལ་དེ་ཉིད་རྟེན་ཡིན་ཏེ། དཔེར་ན་ཕུང་པོ་གསུམ་བའི་དུས་སངས་རྒྱས་སོ་ལྔ་དང༌། དེ་བཞིན་དུ་དགེ་བའི་བཤེས་གཉེན་ནམ། སྐུ་གསུང་ཐུགས་རྟེན་ལ་སོགས་པ་གང་གི་དྲུང་ནས་བཤགས་པ་བྱེད་ཀྱང་དེ་ཉིད་རྟེན་གྱི་སྟོབས་ཡིན། དེ་བཞིན་དུ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། སྡིག་བཤགས་པ་ཐམས་ཅད་ལ་མེད་དུ་མི་རུང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་ན་སྡིག་ལྟུང་སྟོབས་བཞི་ཚང་བས་བཤགས་ཀྱང་ཅུང་ཟད་སྲབ་ཏུ་འགྲོ་བ་ཙམ་ལས་རྩ་བ་ནས་འདག་པར་མ་གསུངས། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་དེ་རྒྱུད་ལ་སྐྱེས་ན། སྔོན་ཆད་སྡིག་པའི་ལས་ཅི་ཙམ་བྱས་པ་ཐམས་ཅད་རང་བཞིན་གྱིས་དག་པར་གསུངས་ཏེ།

སྤྱོད་འཇུག་ལས།
སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར།
།གང་ལ་བསྟེན་ནས་ཡུད་ཀྱིས་གྲོལ་འགྱུར་ན། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན།
།དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་འགྱུར།


།ཞེས་གསུངས། ཉེས་བྱས་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་དེ་ཡིན། དེ་ལྟར་སྡིག་པ་ལ་སྡིག་ཏུ་མཐོང་ཞིང༌། དེ་ལ་འགྱོད་སེམས་དྲག་པོའི་སྒོ་ནས་མི་འཆབ་པར་བཤགས་པ་མེད་ན་མི་འདག་སྟེ།

ཕུང་པོ་གསུམ་པ་ལས་ཀྱང༌།
མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཞེས་གསུངས།


དེ་བཞིན་དུ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཀྱང༌།
འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོག་ཏུ་དུག་སོང་ལྟར།
།ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས།


།ཞེས་གསུངས། སྡོམ་པའི་སྟོབས་ནི།
རང་གིས་སྔར་བྱས་པའི་སྡིག་པའི་ལས་དེ་ཉིད་དྲན་ཏེ། ད་ཉི་མ་ཕྱིན་ཆད་སྲོག་དམར་པོ་འདི་ལ་བབ་ཀྱང༌།
དེ་ལྟ་བུའི་སྡིག་པའི་ལས་མི་འགྱོད་དོ་སྙམ་པ་དེ་ཡིན།


ཕུང་པོ་གསུམ་པ་ལས་ཀྱང༌།
སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིའོ།


།ཞེས་གསུངས་པ་དང༌། དེ་བཞིན་དུ་བདེ་སྨོན་ལས་ཀྱང༌།
ཕྱིན་ཆད་སྡོམ་སེམས་མེད་ན་མི་དག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས།
།ད་ནས་མི་བགྱི་སེམས་ལ་དམ་བཅའ་བཟུང༌།


།ཞེས་གསུངས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པའི་གཉེན་པོར་དགེ་བའི་ལས་གང་འསྒྲུབ་སྒྲུབ་པ་དང༌། ཁྱད་པར་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་བ། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡི་རངས་བ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ། སྨོན་པ་དང་འཇུག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ། གནས་ལུགས་མ་བཅོས་པའི་ངོ་བོ་སྐྱོང་བ་སོགས་ཡིན་ཏེ། སྔོན་མཉམ་མེད་དྭགས་པོ་རིན་པོ་ཆེའི་སློབ་མ་སྒོམ་པ་ཞིག་གིས། སྔར་གསུང་རབ་ཀྱི་བླུས་ཟོས་པ་དྲན་ནས་འགྱོད་དེ་ཞུས་པས། གསུང་རབ་དེ་ཉིད་བཞེངས་ཤིག་གསུངས། གསུངས་རབ་དེ་བཞེངས་པར་བརྩམས་པས་རྣམ་གཡེང་མང་དུ་བྱུང༌། དེས་སུན་ནས་སྐུ་མདུན་དུ་ཕྱིན་ཏེ། གསུང་རབ་བཞེངས་པ་ལ་ཡང་རྣམ་གཡེངས་མང་པོ་རང་བྱུང༌། སྡིག་པ་བཤགས་པ་ལ་ཡང་ངོ་བོ་སྐྱོང་བ་རང་ལས་ཟབ་པ་མེད་དམ་ཞུས་པས། དྭགས་པོ་རིན་པོ་ཆེ་དགྱེས་ཏེ། དོན་དུ་དེ་ག་རང་ཡིན། སྔར་བྱས་པའི་སྡིག་པའི་ཕུང་པོ་རི་རམ་ཙམ་ཡོད་ཀྱང༌། ངོ་བོ་མཐོང་བའི་སྐད་ཅིག་ལ་འདག་པ་ཡིན་གསུངས། དེས་ན་སྡིག་པ་སྦྱོང་བ་ལ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་གནས་ལུགས་མ་བཅོས་པའི་རྒྱུན་ཀྱོང་བ་གཉིས་ལས་ཟབ་པ་མེད་པས་འདིར་ཡང་དེ་གཉིས་དང་མ་བྲལ་བའི་སྒོ་ནས་རྡོ་རྗེ་སེམས་དཔའ་བསྒོམས་ཏེ་བདུད་རྩི་འབེབས་སྦྱོང་བྱེད་པ་དང༌། ཡིག་བརྒྱ་བཟླ་བ་སོགས་ཡིན། དེ་ལྟར་གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་ངང་ནས། རྡོར་སེམས་སྒོམ་བཟླས་བྱེད་པ་དངོས་ནི། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁར་པདྨ་དཀར་པོ་འདབ་མ་སྟོང་བརྡལ་ཞིག་བསྒོམ། དེའི་སྟང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བཞིག་བསྒོམ། ཉ་གང་ཟེར་བ་དེ་ཆེ་ཆུང་གི་ཚད་མ་ཡིན་གྱི། ཟླ་བའི་ཆ་ཤས་ཐམས་ཅད་ཁ་གང་བའི་ཚེས་བཅོ་ལྔའི་ཟླ་བ་ལྟ་བུ་ཕྱོགས་ཐམས་ཅད་ལ་ཡ་ཡོ་འཁྱག་འཁྱོག་མེད་པར་ཀྱི་ལེར་ཡོད་པའི་དོན་ཡིན། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་འོད་ཟེར་བཀྲག་མདངས་དང་ལྡན་པ་གཅིག་སྒོམ། གཞན་མའི་ལུགས་ལ་ཧཱུྃ་ཡིག་དེ་ལས་འོད་ཟེར་སྤྲོ་བསྡུ་སོགས་ཡོད་ཀྱང་རང་ལུགས་ལ་མེད། དེ་ནས་སྐད་ཅིག་གིས་ཧཱུྃ་ཡིག་དེ་ཉིད་གནས་འགྱུར་ནས། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། དེ་ཡང་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་རྒྱན་བརྒྱད་ལས། དང་པོ་དར་གྱི་ཆས་གོས་ལྔ་ནི། ཅོད་པན་དང་གཅིག །སྟོད་གཡོགས་དང་གཉིས། དར་དཔྱངས་དང་གསུམ། སྐུ་རེགས་དང་བཞི། སྨད་དཀྲིས་དང་ལྔའོ། རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་རྒྱན་དང་གཅིག །སྙན་རྒྱན་གཡས་གཡོན་གཉིས་གཅིག་ཏུ་བརྩིས་པ་དང་གཉིས། མགུལ་རྒྱན་དང་གསུམ། དཔུང་རྒྱན་གཉིས་གཅིག་ཏུ་བརྩིས་དང་བཞི། དོ་ཤལ་དང་སེ་མོ་དོ་གཉིས་གཅིག་ཏུ་བརྩིས་པས་ལྔ། ཕྱག་གདུབ་གཉིས་གཅིག་ཏུ་བརྩིས་པས་དྲུག །སོར་གདུབ་རྣམས་གཅིག་ཏུ་བརྩིས་པས་བདུན། ཞབས་གདུབ་གཉིས་གཅིག་ཏུ་བརྩིས་པས་བརྒྱད་དོ། །ཡུམ་སྙེམས་མ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ་སྣང་སྟོང་ཆུ་ཟླ་ལྟ་བུའམ། མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་བཀྲ་ལམ་མེ་ཡོད་པ། རང་གི་སྤྱི་བོར་རང་གི་ཁ་ལྟ་ཕྱོགས་སུ་ཞལ་གྱུ་ནས་བཞུགས་ཡོད་པ་དེ་ལྟ་བུ་ཞིག་བསྒོམ་པ་དེ་རྟེན་གྱི་སྟོབས་ཡིན། དེ་ནས་དེ་ལྟར་གསལ་བཏབ་པ་དེ་ཡང་ཐང་སྐུ་དང་གྱང་སྐུ་ལྟ་བུའི་ལེབས་ལ་བཅང་བཅར་པོ་ཡང་མ་ཡིན། ས་སྐུ་དང་གསེར་སྐུ་ལྟ་བུའི་དངོས་པོ་གདོས་བཅས་ཀྱི་རང་བཞིན་སེམས་མེད་བེམས་པོའི་རྣམ་པ་ལྟ་བུའང་མ་ཡིན། སྣང་ཆ་ནས་སྤྱན་གྱི་དཀར་ནག་ཚུན་ཆད་མ་དྲེས་བར་གསལ་བ་ལ། སྟོང་ཆ་ནས་དངོས་པོ་གདོས་བཅས་ཤ་ཁྲག་ནང་ཁྲོལ་ལ་སོགས་པའི་རྣམ་པར་གྲུབ་པ་སྤུ་ཙམ་ཡང་མེད་པ། ནམ་མཁར་འཇའ་ཚོན་ཤར་བའམ། ཤེས་བུ་མ་དྲི་མ་མེད་པ་ལྟ་བུ། དྲིན་ཆེན་རྩ་བའི་བླ་མ་དང་མགོན་པོ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་རང་བཞིན་ཐུགས་ཡེ་ཤེས་ཀྱི་མཁྱེན་ཆ་དང་བཅས་པས། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་དགོངས་ཏེ་བཞུགས་པའི་སྤྱན་སྔར། རང་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་ད་ལྟ་ལ་ཐུག་གི་བར་དུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཕྱི་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་

འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ། འཇིག་རྟེན་པའི་མནའ་ཟོས་པ། རྫུན་བཤད་པ། ཁྲེལ་དང་ངོ་ཚ་ཉམས་པ་ལ་སོགས་སྡིག་པའི་ལས་བསགས་ཚད་དངོས་སུ་དྲན་པ་ཐམས་ཅད་བློ་ལ་བླངས་ཏེ། བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་རང་ཉིད་ངོ་ཚ་འཇིགས་སྐྲག་འགྱོད་པ་དང་བཅས་པས་ཤ་ཟིང་སྤུ་ཟིང་བྱེད་ཅིང་མཐོལ་ལོ་བཤགས་སོ་སྙམ་པ་དང༌། དེ་བཞིན་དུ་རང་གི་ཡིད་ལ་མི་དྲན་པའང་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ཚུན་ཆད་ནས་བསགས་པ་དུ་མ་ཞིག་ཡོད་ངེས་པས། དེ་དག་ཐམས་ཅད་མི་འཆབ་བོ། །མི་སྦེད་དོ། །མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །སྡིག་པ་དང་སྒྲིབ་པ་དེ་དག་ཐམས་ཅད་དུས་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་རུ་ལྷག་མ་ཙམ་ཡང་མེད་པར་བྱང་ཞིང་དག་པ་ཞིག་ཐུགས་རྗེ་མ་ཆུང་སྙམ་པ་ནི་སུན་འབྱིན་པའི་སྟོབས། སྔོན་ཆད་ནི་བདག་མི་ཤེས་རྨོངས་པའི་དབང་གིས་སྡིག་པ་དང་མི་དགེ་བའི་ལས་དེ་དག་བསགས་པ་ལགས་ཀྱི། ད་ནི་དྲིན་ཆེན་གྱི་བླ་མའི་ཐུགས་རྗེ་ལ་བརྟེན་ནས་ཁེ་ཉེན་ཤེས་པའི་རང་བཞིན་ཅན་ཡིན་པས། ད་ཕྱིན་ཆད་ནི་སྲོག་ལ་བབ་ཀྱང་སྡིག་པའི་ལས་ལྟ་བུ་མི་བགྱིད་དོ།

།སྙམ་པ་ནི་སྡོམ་པའི་སྟོབས་ཏེ། དེ་ལྟ་བུའི་དག་པ་དྲན་པའི་ངང་ནས། ཨཱཿབདག་ཉིད་ཐ་མལ་སྤྱི་བོ་རུ། །སོགས་ནས། མ་ལུས་བྱང་པར་མཛད་དུ་གསོལ། །ཞེས་བརྗོད། དེ་ནས་རྡོར་སེམས་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་ཀར་གླེབས་བཙམ་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་ཞིག་གསལ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ཡི་གེ་བརྒྱ་པ་ཚར་གཅིག་བརྗོད་པས། ཧཱུྃ་གི་མཐའ་སྐོར་དུ་ཡི་གེ་བརྒྱ་པོར་ལངས་པ་ལྟ་བུ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྐོར་བར་བསམ། དེ་ནས་རང་གི་ངག་ནས་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཡིག་འབྲུ་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་འཁྱགས་རོམ་མེས་ཞུ་བ་ལས་ཆུའི་ཐིགས་པ་ལྟར། ཐིག་ཐིག་ཧྲམ་ཧྲམ་དུ་བབས་པ། སྐུའི་དབྱིབས་བརྒྱུད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཐོན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གི་ནད་ཐམས་ཅད་ཁྲག་རུལ་རྣག་རུལ། གདོན་ཐམས་ཅད་སྲོག་ཆགས་སྡོམ་སྡིག་པ་སྦལ་བ་ཉ་སྤྲུལ་ལྕོང་མོ་ཤིག་ལ་སོགས་པའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ་ཐལ་དུད་སྤྲིན་པ་རླངས་པའི་རྣམ་པར་ཆུ་སྣ་རྒྱུག་པས་ས་རྡུལ་དེད་པ་ལྟར་བདུད་རྩིའི་རྒྱུན་གྱིས་ཐོགས་པ་མེད་པར་དེད་དེ་རྐང་མཐིལ་འོག་སྒོ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་གྱིས་ཕྱིར་ཐོན། རང་གི་འོག་ཏུ་ས་གས་པའི་མར་ཞབས་ན། འཆི་བདག་ལས་ཀྱི་གཤིན་རྗེ་ལ་འཁོར་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་ཏེ་ཁ་ལག་སྦརགསུམ་ཟེད་ནས་ཡོད་པའི་ནང་དུ་སོང་བར་བསམས་ལ་ཡིག་བརྒྱ་བཟླ། དེ་ཡང་དམིགས་པ་ཐམས་ཅད་ཅིག་ཅར་དུ་གསལ་ནུས་ན་དེ་ལྟར་བྱ། དེ་ལྟར་མི་ནུས་ན་རེས་འགའ་རྡོ་རྗེ་སེམས་དཔའི་སྐུ་ཞལ་ཕྱག་སོགས་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་རྒྱན་ཆ་ལུགས་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་བདུད་རྩིའི་རྒྱུན་གྱིས་ནད་གདོན་སྡིག་སྒྲིབ་བཀྲུ་བ་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་འགྱོད་པ་དང་སྡོམ་སེམས་དྲན་པར་བྱས་ཏེ་བཟླ། དེ་ནས་མཐར་ས་འོག་ན་འཁོད་པའི་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་རྣམས་ཀྱང་ངོམས་ཤིང་ཚིམ། ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང༌། སྡིག་སྒྲིབ་དག་གཤིན་རྗེ་དེའི་ཁ་ལག་སྦར་གསུམ་ཡང་ཟུམ། ས་གས་པ་ཡང་སོས། རང་གི་ལུས་འདི་ཡང་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་ཡོད་པའི་ལུས་དབུས་སུ་རྩ་དབུ་མ་དང༌། དེ་ལས་གྱེས་པའི་འཁོར་ལོ་བཞི་པོ་གདུགས་ཀྱི་རྩི་བསམ་ལྟ་བུ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་ཡར་གྱུ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཁ་མར་གྱུ་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་ཁ་ཡར་གྱུ་བ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་མར་གྱུ་བ་དེ་ལྟར་གསལ་གདབ། སླར་ཡང་བདུད་རྩིའི་རྒྱུན་སྔར་ལྟར་བབ་པས། རང་གི་ལུས་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ནས་བཟུང་སྟེ་རྩ་འཁོར་ལོ་བཞི་པོ་ཐམས་ཅད་དང༌། དེ་ལས་གྱེས་པའི་ལུས་ཀྱི་ནང་ཐམས་ཅད་རྐང་ལག་གི་སོར་མོའི་རྩེ་ཚུན་ཆད། ཤེས་བུམ་འོ་མས་གང་བ་ལྟར་བདུད་རྩིའི་རྒྱུན་གྱིས་སྐྱ་ལྟེམ་མེ་གང༌། བུམ་པ་དབང༌། གསང་དབང་། ཤེར་དབང༌། ཚིག་དབང་རིན་པོ་ཆེ་སྟེ་དབང་བཞི་ཐོབ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིག་པ་སྟེ་སྒྲིབ་བ་བཞི་དག་པ་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེ་པའི་དགའ་བ་སྟེ་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་བསམ། དེ་ནས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས་སོགས་ནས། བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གནོང་ཚིག་བརྗོད་མ་ཐག་ཏུ། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་ཞལ་འཛུམ་པ་དང་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་པ་བྱིན་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱི་རང་ཉིད་སྔར་བསྐྱེད་པ་དང་འདྲ་བའི་རྡོ་རྗེ་སེམས་དཔར་གནས་འགྱུར། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་འབྲུ་གླེབས་པ་ཙམ་གྱི་སྟེང་དུ། དབུས་སུ་ཧཱུྃ་མཐིང་ག དེའི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་རྣམས་གསལ་ནས། །ཨོཾ་བཛྲས་ཏྭ་ཧཱུྃ། ཞེས་བཟླས་པ་དང་མཉམ་དུ་ཡིག་འབྲུ་ལྔ་པོ་ལས། འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་མཐིང་ག་ལྔ་ཡར་འཕྲོས་པའི་རྩེ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱི་ཕྱག་ན་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཕེན་འདུགས། རྒྱལ་མཚན། བླ་རེ། གསེར་གྱི་འཁོར་ལོ་རྩིབས་སྟོང༌། དུང་དཀར་གཡས་སུ་འཁྱིལ་བ་ལ་སོགས་མཆོད་རྫས་དཔག་ཏུ་མེད་པ་སྤྲོས་ནས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་བསམ་གྱི་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཚོགས་རྫོགས་སྒྲིབ་པ་དག་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་འབྱུང་ནས་རང་ལ་ཐིམ་པས། མཆོག་ཐུན་མོང་གི་དངོས་གྲུབ་ལམ་དང་འབྲེལ་པ་རིག་འཛིན་བཞི་དང༌། མཐར་ཐུག་གི་འབྲས་བུ་མི་སློབ་ཟུང་འཇུག་གི་གོ་འཕང་མངོན་དུ་གྱུར་པར་བསམ་པ་དེ། རང་དོན་ཆོས་སྐུའི་རྟེན་འབྲེལ་བསྒྲིབས་པ་ཡིན། ཡང་ཡིག་འབྲུ་ལྔ་པོ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བརྒྱ་སྟོང་གྲངས་མེད་པ་མར་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །དེ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་སང་སང་དག།ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས་དང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་དཀར་སེར་དམར་ལྗང་མཐིང་ག་ལྔའི་རང་བཞིན་དུ་གྱུར་ནས། དེ་ཐམས་ཅད་ཀྱི་ཞལ་ནས། ཨོཾ་བཛྲ་སཏ་ཧཱུྃ། ཞེས་འུར་དི་རི་རི་སྒྲོགས་པར་བསམ་ནས་བཟླ་བ་ནི། གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན། དེ་ལྟར་ཡང་ཆོས་སྤྱོད་བག་ཆགས་རང་གྲོལ་ལས། འཕྲོ་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱངས། །ཞེས་གསུངས་པ་ཡང་འདི་ལྟ་བུའི་དམིགས་གནད་ལ་ཟེར་བ་ཡིན། དམིགས་པའི་གནད་འདི་ལྟ་བུ་ལ་བརྟེན་ནས་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་མཁས་པའི་གནད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་སྐད་ཅིག་མ་རེ་ལ་རྫོགས་ཤིང༌། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་ཡང་མཉམ་དུ་བསྒྲུབ་ནུས་པ་ཡིན། དེ་ལྟར་བཟླས་པ་ཅི་རིགས་པ་བྱས་པའི་རྗེས་སུ་ཐུན་བསྡུ་རན་པ་ན། ཕྱི་སྣོད་ཀྱི་འཇིག་རྟེན་མངོན་དགའི་ཞིང་དུ་སྣང་པ་ཐམས་ཅད་ནང་བཅུད་ཀྱི་རྡོར་སེམས་རིགས་ལྔའི་ལྷ་ཚོགས་ལ་བསྡུ། དེ་རྣམས་ཀྱང་རིམ་གྱིས་འོད་དུ་ཡལ་ནས་རང་ལ་བསྡུ། རང་ཡང་མཐའ་ནས་རིམ་གྱིས་འོད་དུ་ཡལ་ནས་ཐུགས་ཀའི་ཨོཾ་ལ་ཐིམ། ཨོཾ་བཛྲ་ལ། བཛྲ་ས་ལ། སཏ་ལ། ཏ་ཧཱུྃ་གི་ཞབས་ཀྱུ། འ་ཆུང་ཧ་ཁོག །མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་རིམ་བཞིན་ཐིམ་ནས། ནཱ་ད་ཡང་ནམ་མཁར་འཇའ་ཚོན་ཡལ་བ་ལྟར་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་ལྷོད་དེ་མཉམ་པར་བཞག །དེ་ནས་ཡང་རྣམ་རྟོག་ཞིག་འཆར་བ་རྩོམ་པ་ན། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་བཀྲ་ལམ་གྱིས་གསལ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་སྨོན་ལམ་བྱ། དེ་ལྟར་རྡོར་སེམས་སྒོམ་བཟླས་བྱེད་པ་འདི་ལ་སོགས་པ་བཟླས་བརྗོད་གང་བྱེད་ཀྱི་དུས་སུ་སེམས་དམིགས་པ་ལས་གཞན་དུ་མ་ཡེངས་པ་དང༌། བཟླས་བརྗོད་མི་ཚིག་གིས་བར་མ་ཆོད་པ་ནི་ཅི་ནས་ཀྱང་གལ་ཆེ་སྟེ།

རྒྱུད་ལས་ཀྱང༌།
གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་ཝོང་བཞིན།
།བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན།
།ཞེས་དང༌།
དེ་བཞིན་དུ་དག་དང་མ་དག་སྟོང་འགྱུར་ཡིན། །ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན།


།ཞེས་གསུངས། སྔགས་དང་བསྙེན་པ་བཟླ་བའི་དུས་སུ་ཐ་མལ་མ་དག་པའི་ལོང་གཏམ་གཞན་དང་བསྲེས་ནས་བཟླ་བ་ནི། སྔགས་མ་དག་པ་ཡིན་ཏེ། དཔེར་ན་གསེར་དང་དངུལ་ལར་གན་ནམ་ཟངས་ལ་སོགས་པ་ཅུང་ཟད་འདྲེས་ཀྱང༌། གསེར་མིན་ནམ་དངུལ་ལོག་ཏུ་གྲགས་ཏེ། དེས་གསུར་དངུལ་གྱི་གོ་མི་ཆོད་པ་དང་འདྲ།

དེས་ན་ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང༌།
།ལོ་གཅིག་འབད་བསྙེན་བྱས་པ་བས། ཟླ་གཅིག་སྨྲ་བཅད་བྱས་པ་དགའ།


།ཞེས་གསུངས། དེས་ན་ད་ལྟའི་དུས་གྲོང་ཆོག་པ་རྣམས་ཀྱང་ཚོགས་གྲལ་སོགས་སུ་འདོན་པ་དང་བཟླས་བརྗོད་ཀྱི་དུས་སྨྲ་བཅད་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ། ཐ་མལ་པའི་ངག་འཁྱལ་དང་འདྲེས་པའི་འདོན་ཟླས་སོགས་ལ་སྙིང་པོ་ཅི་ཡང་མེད་པ་དང༌། ཁྱད་པར་གཤིན་པོ་སོགས་ཀྱི་དོན་ཡིན་ན། བར་དོ་ན་གནས་པའི་སེམས་ཅན་དེ། འཇིག་སྐྲག་དང་སྡུག་བསྔལ་ལ་སོགས་པས་གདུང་བའི་ཚེ་ཕན་དུ་རེ་ནས་ཡོན་གནས་དང་བླ་མཆོད་ལ་སོགས་པའི་དྲུང་དུ་རྒྱུག །དེའི་ཚེ་དེ་དག་གི་ཏིང་ངེ་འཛིན་མི་གསལ་བ་དང༌། སྡོམ་པ་དང་དམ་ཚིག་མི་དག་པ་དང༌། ཆགས་སྡང་གི་གཏམ་དང་རྟོག་པ་ལ་སོགས་པ་འཆར་གྱིན་ཡོད་ན། བར་དོའི་འགྲོ་བ་དེ་མངོན་ཤེས་དང་ལྡན་པ་ཡིན་པས། དེ་དག་ཤེས་ནས་བླ་མཆོད་ལ་ལོག་ལྟའམ་ཞེ་སྡང་སྐྱེས་ནས་སྐྱེན་དེས་ངན་སོང་དུ་འགྲོ་བར་བཤད་པས། དེ་ལྟ་བུའི་བླ་མཆོད་ནི། ཡོད་པ་ལས་ཀྱང་མེད་པ་དགའ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོ་ག་རྣམས་ནི། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་བསྐྱེད་རིམ་གྱི་གནད་དེ་དག་གསལ་འདེབས་པའི་ཚིག་ཙམ་ཡིན་པ་ལ། གསལ་འདེབས་རྒྱུའི་བསྐྱེད་རྫོགས་ཀྱི་དོན་ལ་བློ་ཁ་ཙམ་ཡང་མི་ཕྱོགས་པར་ཁ་ཚིག་སྟོང་པ་ཞིག་གིས་གསལ་གསལ་བསྒོམ་བསྒོམ་དམིགས་དམིགས་ལ་སོགས་པ་ཆོ་གའི་ཚིག་རིགས་མང་པོ་ཞིག་གྱར་མ་གྱེར་ཁུག་འུར་འུར་ཆེམ་ཆེམ་དུ་གྱེར་ཏེ། དོན་གྱི་སྙིང་པོ་ངག་གི་བཟླས་བརྗོད་བསྙེན་པ་དངོས་ལ་ཐུག་ཙ་ན། བློ་བག་གིས་ལྷོད་ཐ་ན་ལུས་ཚུགས་དྲང་པོ་ཞིག་ཡོད་པ་ཡན་ཆད་ཤིག་གིས་བཤིག །མི་དགེ་བ་བརྒྱ་ཕྲག་གི་འབྱུང་ཁུངས་ཐ་མ་ཁ་ལ་སོགས་པ་གཞིབ། ཕུ་མདའ་ལ་ཤོད་ཀྱི་གཏམ་འབྲལ་བ་མེད་པའི་ངག་འཁྱལ་མང་པོའི་གཏེར་སྒོ་ཕྱེ། ཕྲེང་བ་སྟོང་བགྲང་རྒྱུ་ནག་བདའ་བདའ་བྱེད་པས་དུས་འདའ། ཕྱི་འཕྲེད་ཙ་ན་གནམ་ལ་གཅིག་བལྟས་ནས། བཛྲ་པུཥྤེ་དྷཱུ་པེ་ཟེར་ཞིང་རོལ་མོ་འུར་ཆེམས་སེ་གཏོང་བ་ནི། ཆོ་གའི་གཟུགས་བརྙན་ལས་ཀྱང་ཡང་བརྙན་ཐ་ཆད་པ་ཡིན་པས། དེ་ལྟ་བུ་ལས་ནི་བསམ་པ་རྣམ་པར་དག་པའི་སྒོ་ནས་ལྟུང་བཤགས་སམ་བཟང་སྤྱོད་ཚར་རེ་ཙམ་བཏོན་ན་དེ་དགའ་ངེས་སོ། །དེ་ལྟར་མ་དག་པའི་བཟླས་བརྗོད་དང་ཆོ་གའི་གཟུགས་བརྙན་ལ་བརྟེན་ནས་གཤིན་པོ་ངན་སོང་དུ་འཕེན་པའི་བླ་མཆོད་དེས་ནི། གསོན་པའི་སྐུ་རིམ་བྱས་ཀྱང་ཕན་ལས་གནོད་པ་ཆེ་བ་དེ་དང་འདྲ། དེ་ལྟ་བུ་དེས་དཀོར་ཟོས་པ་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟོས་པ་དང་འདྲ་ངེས་པ་དེ་ཡིན་ནོ། །དེས་ན་དད་ཟས་དང་གཤིན་དཀོར་ཟ་བ་རྣམས་ནི་བླ་མ་འམ་གྲྭ་བ་སུ་ཡིན་ཀྱང་འདྲ་སྟེ། ཤ་ཆེ་ཆུང་ཐུད་སྲབ་འཐུག་འབུལ་བ་བཟང་ངན་ཁོ་ན་ལ་ཐུགས་དམ་གྱི་མཐིལ་དུ་མི་བྱ་བར། ནད་པའམ་ཤི་པོ་སུ་ཡིན་ཀྱང་འདྲ་སྟེ་གལ་འགགས་ལ་བབ་སྟེ་སྡུག་ཐུག་པའི་སེམས་ཅན་སྐྱབས་དང་བྲལ་བ་དེ་ལ་ཕན་འདོད་ཀྱི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས། བསྐྱེད་རྫོགས་རང་གིས་གང་ཤེས་སྙིང་ཐག་པ་ནས་མ་ཡེངས་པར་འབད། དེ་ལྟར་མི་ཤེས་པ་རྣམས་ཀྱང་ཚིག་རྗེས་དོན་དྲན་ཙམ་མམ། ཐ་ན་ཡང་ཉམ་ཐག་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་དཀོན་མཆོག་གསུམ་གྱི་བདེན་མཐུ་བསླུ་བ་མེད་པ་ལ་དད་པ་ངེས་ཤེས་སོགས་ལུས་ངག་ཡིད་གསུམ་ཚུན་གཅིག་དྲིལ་གྱིས་འབད་དེ། ཆོག་དང་བཟླས་བརྗོད་སོགས་སྒྲ་དག་སྒྲོས་གཙང་བ་རེ་འགྲུབ་ངེས་བྱས་ན། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་རྒྱུ་འབྲས་བསླུ་བ་མེད་པའི་ནུས་མཐུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཚད་མེད་པ་རྣམས་ལ་བརྟེན་ནས། ནད་པ་དང་ཤི་པོ་གང་ཡིན་དེ་ལ་ཕན་ཐོགས་ངེས་ཤིང༌། མིའི་སྟན་ཐོག་ནས་རང་གི་སྒྲིབ་པ་སྦྱོང་ཟེར་བ་ལྟར། རང་གཞན་གྱི་ཚོགས་གཉིས་མཉམ་དུ་རྫོགས། འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ་ཡིན་པས་དེ་ལྟ་བུ་རེ་ལ་ཅི་ནས་ཀྱང་འབད་དགོས་སོ། །ལར་ད་ལྟའི་དུས་ན་བླ་མའམ་སེར་མོ་ཅུང་ཟད་བཟང་དུ་རེ་བ་རྒྱུ་འབྲས་ཤེས་པ་རྣམས་ནི། དཀོར་གྱི་ཉེས་དམིགས་ཙམ་ལ་འཇིག་ནས་ནད་པ་དངཤི་པོ་སྡུག་ཐུག་པའི་སེམས་ཅན་དེ་ལ། བྱིན་རླབས་དང་བསྔོ་སྨོན་ཙམ་ཡང་མི་བྱེད་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩ་བ་གཅོད། ཕལ་ཆེར་ནི་ཧ་ཅང་རང་འདོད་ཆེ་ཆེས་པས་སྦྱིན་བདག་གི་ཚོགས་གྲལ་དུ་འོང༌། དེ་ཚང་ལ་དགོས་རྒྱུའི་འདོན་པ་དེ་མི་འདོན་པར། རང་གི་ཁ་ཏོན་ནག་ལྕིབས་ལྕིབས་ཤིག་བླངས་ཏེ་དེ་ཆགས་མི་ཉན་པའི་ཁུར་གྱིས་འདོན་ཚུལ་བྱེད། དེ་དག་སུ་ཡིན་ཀྱང་འདྲ་སྟེ་རང་དོན་གྱི་འདོན་པ་དང་བཟླས་བརྗོད་སོགས་ཅུང་ཟད་རེ་བྱེད་པ་དེ་ལ་གཟབ་གཟབ་ལྟ་བུ་རེ་བྱེད་ཅིང༌། དེ་རང་གི་སྒྲིབ་སྦྱོང་ངམ་དཀོར་སྦྱོང་ཡིན་ཁུལ་བྱེད། སྦྱིན་བདག་གི་འདོན་པ་མང་ཚོགས་ཀྱི་གྲལ་དུ་བྱེད་པ་དེ་ལ་ནི་ཁ་ཡེངས་མིག་ཡེངས་ཁྲལ་རྒྱུག་མ་བྱེད། གང་བསྐྱབ་པར་བྱ་རྒྱུའི་སེམས་ཅན་ཤི་གསོན་སུ་ཡིན་ཀྱང༌། དེའི་དོན་ནི་བློ་ལ་མི་འཆར་བ་དེ་རྣམས་ནི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩ་བ་ཆད་པ་ཡིན་པས། རྗེས་ནས་དཀོར་སྦྱོང་བྱས་ཀྱང་རང་འདོད་ཡིད་བྱེད་ཀྱི་བློ་ངན་དེས་ད་ཀོར་སྒྲིབ་སྦྱོང་བ་ཡང་དཀའ། དང་པོ་ཉིད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གཞི་བཅོལ། བསྐྱེད་རྫོགས་སོགས་ཅི་ཤེས་ཅི་ནུས་ལ་སྙིང་ཐག་པ་ནས་འབད། སེམས་ཅན་ལ་ཕན་འདོད་ཀྱི་ཀུན་སློང་དང་མ་བྲལ་བ་བྱས་ན། རང་གི་ཁྱིམ་ནས་སྐྱེད་རྫོགས་བསྒོམས་ཏེ་བཟླས་བརྗོད་བྱས་པ་དང༌། གཞན་གྱི་ཁྱིམ་ནས་བསྐྱེད་རྫོགས་བསྒོམས་ཏེ་བཟླས་བརྗོད་བྱས་པ་ལ་ནི་ཁྱད་པར་སྤུ་ཙམ་ཡང་མེད་ཅིང༌། གང་ལྟར་ཡང་རང་འདོད་ཀྱི་བློ་དང་བྲལ་ཏེ་གཞན་དོན་ལ་དམིགས་དགོས་པ་ནི་འདྲ་འདྲ་ཡིན་པས་དེ་ལྟ་བུ་རེ་ངེས་པར་དགོས་སོ། །དེ་ལྟར་སེམས་དམིགས་པ་ལས་གཞན་དུ་མི་ཡེངས་ཤིང་ཐ་མལ་གྱི་སྨྲ་བ་དང་མ་འདྲེས་པར། དུས་གཅིག་ལ་ཡི་གེ་བརྒྱ་པ་ལན་བརྒྱ་རྩ་བརྒྱད་བཟླས་ན་སྔར་བྱས་ཀྱི་སྡིག་སྒྲིབ་དང་ཉམས་ཆགས་ཐམས་ཅད་ངེས་པར་དག་པ་བླ་མ་རྡོ་རྗེ་སེམས་དཔའི་ཞལ་གྱིས་བཞེས་པ་ཡིན་ཏེ།

དྲི་མེད་བཤགས་རྒྱུད་ལས་ཀྱང༌།
བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ། ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་ན་ཉམས་ཆགས་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་དུ་ལྟུང་པ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལའང་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་པ་གདོན་མི་ཟའོ།

།ཞེས་གསུངས། དེ་བཞིན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆགས་གང་བྱུང་ཡང༌། ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམས་ནས་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་བཟླས་ན། དེས་ལྟུང་བ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ལྟུང་བ་བྱུང་བའི་རྣམ་སྨིན་གོང་དུ་འཕེལ་འགྲོ་རྒྱུ་མེད་པ་དང༌། ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་ཐམས་ཅད་རྩ་བ་ནས་དག་པར་སྙིང་པོ་རྒྱན་ལས་གསུངས་ཏེ།

པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཏེ།
།ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན།
།ལྟུང་སོགས་བྱིན་གྱིས་བརླབས་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས།
།གྲུབ་པ་མཆོག་རྣམས་ཀྱི་བཤད་པས། །རྟག་པར་དུ་ནི་ཉམས་སུ་བླང༌།
།འབུམ་ཕྲག་གཅིག་ཏུ་བཟླས་བྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར།


།ཞེས་གསུངས། དེའི་ཕྱིར་ན་ད་ལྟའི་དུས་འདིར་བོད་ཡུལ་འདི་ན་བླ་མ་སེར་མོ་མི་སྐྱ་ཕོ་མོ་ཡན་ཆད་དབང་རེ་ཐོབ་མ་མྱོང་བ་ནི་སུ་ཡང་མེད། དེས་ན་གསང་སྔགས་ཀྱི་སྒོར་མ་ཞུགས་པ་སུ་མེད་པ་ཡིན་ལ། གསང་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནི། དམ་ཚིག་མ་བསྲུངས་ན་དམྱལ་བ་དང༌། བསྲུངས་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཉིས་ལས་འགྲོ་ས་གཞན་མེད་པ། དཔེར་ན་སྦྲུལ་སྙུག་དོང་དུ་བཅུག་པ་ལྟ་བུར་གསུངས། སྦྲུལ་ཞིག་སྙུག་དོང་དུ་བཅུག་ན། ཡང་ན་དེ་ཡར་ཁ་དང་ཡང་ན་མར་ཞབས་གཉིས་ལས་འགྲོ་ས་མེད་པ་ལྟ་བུ་ཡིན།

ཡོན་ཏན་མཛོད་ལས་ཀྱང༌།
སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང༌། །སངས་རྒྱས་གཉིས་ལས་འགྲོས་གསུམ་པ་མེད།


།ཅེས་གསུངས། དེས་ན་གསང་སྔགས་ཀྱི་དམ་ཚིག་ནི། ཕྲ་ཞིང་གྲངས་མང་ལ་སྲུང་དཀའ་བ་ཡིན་པས། ཇོ་བོ་ལྷ་གཅིག་ལྟ་བུས་ཀྱང༌། སྔགས་ལ་ཞུགས་པའི་དུས་ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་གསུངས་ན། ད་ལྟ་རང་རེ་གཉེན་པོ་ཆུང་བ། དྲན་པ་ཉམས་པ། ཤེས་བཞིན་མེད་པ། ལྟུང་བའི་རྣམ་གྲངས་ལེགས་པར་མི་ཤེས་པ་རྣམས་ལ་ནི། ལྟུང་བའི་རྣམ་གྲངས་ཆར་པ་བཞིན་འབབ་པར་གདོན་མི་ཟ་བས། དེ་དག་གི་གཉེན་པོར་དུས་དང་རྣམ་པ་ཐམས་ཅད་དུ་རྡོར་སེམས་སྒོམ་བཟླས་འདི་ལ་ཡི་དམ་དུ་བཟུང་ནས་ཐ་ན་ཡང་ཡིག་བརྒྱ་ཉེར་གཅིག་རེ་མ་ཆག་པར་བྱེད་ནི་གལ་ཆེའོ། །གལ་ཏེ་རང་ངོས་ནས་བསྐྱེད་རྫོགས་ཀྱི་གནད་ལ་མཁས་པ། དྲན་པ་དང་ཤེས་བཞིན་གསལ་བ་སོགས་ལ་བརྟེན་དམ་ཚིག་ཉམས་པའི་སྐྱོན་མ་བྱུང་ཡང༌། གཞན་རྩ་བའི་དམ་ཚིག་ཉམས་པ་དག་དང་གཏམ་བསྲེ་བ་དང༌། སྤྱོད་ལམ་གྱིས་འབྲེལ་པ། ཐ་ན་ལུང་པ་གཅིག་གི་ཆུ་ལ་བཏུང་བས་ཀྱང་ཟླས་ཉམས་དང་ཞོར་ཉམས་ཀྱི་ཉེས་པ་སྐྱེད་པ་ཡིན་པས་བཤགས་སྦྱོང་ལ་འབད་དགོས་ཏེ།

རྒྱུད་ལས་ཀྱང༌།
ཉམས་ལ་འགྲོགས་ཤིང་ཉམས་པ་སྐོང་བ་དང༌། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༌།
།ཉམས་ལ་མི་འཛེམ་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་འགྱུར་ཏོ་འཚལ།
།ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས།


།ཞེས་གསུངས། ཚོགས་གྲལ་གཅིག་ན་དམ་ཚིགས་ཉམས་པའི་མི་གཅིག་ཡོད་ཀྱང༌། དེའི་ཉམས་གྲིབ་ཀྱིས་ཕོག་སྟེ་དམ་ལྡན་བརྒྱ་སྟོང་ཡོད་ཀྱང་སྒྲུབ་པའི་འབྲས་བུ་ཅུང་ཟན་ཀྱང་མི་འབྱིན་པ་འོ་མ་རུལ་པ་ཐིགས་པ་གཅིག་གིས་མ་རུལ་པ་ཟངས་གང་ཡང་རུལ་བར་བྱེད་པ་དང༌། སྦལ་པ་རྨ་ཅན་གཅིག་གིས་སྦལ་པ་ཐམས་ཅད་རྨ་ཅན་དུ་བྱེད་པ་ལྟ་བུ་ཡིན་ཏེ།

ཇི་སྐད་དུ།
ཇི་ལྟར་འོ་མ་ཐིགས་པ་གཅིག །རུལ་བས་ཐམས་ཅད་རུལ་བ་ལྟར།
།རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད།


།ཅེས་གསུངས། དེར་མ་ཟད་བླ་མ་སྐྱེས་བུ་དམ་པ་གྲུབ་པ་ཐོབ་པ་ཞིག་ཡིན་ཀྱང་ཉམས་གྲིབ་ཀྱིས་མི་གོས་པ་ནི་སུ་ཡང་མེད་དེ། འགྲོ་མགོན་གླིང་རྗེ་རས་པ་ལྟ་བུ་ཡང་ཙཱ་རིའི་གནས་ནང་དུ་ཞིང་སྐྱོང་གི་མཁའ་འགྲོས་བར་ཆད་བརྩམས་ནས་ཉི་མའི་གུང་ལ་མུན་རུབ་སྟེ་སྐར་མ་ཁྲ་ཀྱི་ལ་འཆར་བའི་མུན་པ་བྱུང་ཡང༌། ཐོགས་པ་མེད་པར་དམར་ནག་རཀྟའི་མཚོ་འགྲམ་དུ་ཕྱིན་ནས་རྡོ་རྗེའི་གླུ་བླངས་ཏེ་བྲོ་བརྡུངས་རྡོ་ལ་ཞབས་རྗེས་བཞག་པ་ད་ལྟ་ཡང་མཇལ་དུ་ཡོད་པ་དེ་ལྟ་བུའི་གྲུབ་ཏོབ་ཡིན་ཀྱང༌། ཕྱིས་སློབ་མ་དམ་ཚིག་ཉམས་པ་ཞིག་མདུན་དུ་བྱུང་བས་ཉམས་གྲིབ་ཀྱིས་ཐུགས་མྱོས་ཏེ་གསུང་སྨྲ་མི་ཤེས་པར་གྱུར་པའི་ལོ་རྒྱུས་ཡོད།

དེ་བཞིན་དུ་གྲུབ་ཐོག་ཨུ་རྒྱན་པའི་མགུར་ལས་ཀྱང༌།

གངས་ཅན་གྱི་སྤྲང་པོ་རིན་ཆེན་དཔལ། །དགྲ་ཉམས་གྲིབ་མིན་པས་ཐུབ་མ་མྱོང༌།
གྲོགས་བླ་མ་མིན་པས་སྐྱོབ་མ་མྱོང༌།


ཞེས་གསུངས། །དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་འདི་ནི་ཉམས་ན་ཉེས་པ་ཆེ་ཞིང་སྲུང་བར་ཡང་ཤིན་ཏུ་དཀའ་བས། རང་རྒྱུད་ལ་མི་བརྟགས་བར་ང་དམ་ལྡན་ཡིན་ནོ་སྙམ་ནས་ང་རྒྱལ་བྱས་པས་ནི་ཅི་ཡང་མི་འོང་སྟེ། སྔགས་གཞུང་དག་ལས། སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ཁྱེར་སོ་དང་སྐད་ཅིག་མ་གཅིག་བྲལ་ཀྱང༌། གསང་སྔགས་ཀྱི་དམ་ཚིག་ལས་འདས་པར་བཤད་པ་ཡང་ཡོད་པས། བསྲུང་དཀའ་ཞིང་རྒྱས་པར་དབྱེ་ནས་མ་ཡ་འབུམ་སྡེའི་གྲངས་སུ་གསུངས་པས་རྣམ་གྲངས་མང་ལ་ཉམས་པའི་ཉེས་པ་ཡང༌།

རྒྱུ་ལས།
རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང༌། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང༌།
།མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟང་ཡུན་རིང་གནས་པར་འགྱུར།


།ཞེས་གསུངས་པ་ལྟར་ཡིན་པས། རང་གི་བློ་ལ་མངོན་པ་དང་མི་མངོན་པའི་ཉམས་ཆགས་ཉེས་ལྟུང་ཐམས་ཅད་ཀྱི་གཉེན་པོར་དུས་དང་རྣམ་པ་ཐམས་ཅད་དུ་རྡོར་སེམས་སྒོམ་བཟླས་དང་ཡིག་བརྒྱའི་བཤགས་པ་བྱེད་པ་ལ་འབད་དགོས་ཏེ། སྔོན་གྱི་དམ་པ་དག་གི་ཞལ་ནས་ཀྱང༌། དང་པོ་ནས་སྡིག་གིས་མ་གོས་པ་དང༌། གལ་སྲིད་གོས་ན་བཤགས་པ་བྱེད་པ་གཙོ་ཆེ་བ་ཡིན་གསུངས། བཤགས་ན་འདག་པ་ཡང་གསང་སྡགས་ཀྱི་དམ་ཚིག་ཉམས་པ་འདི་སླ་པ་ཡིན་ཏེ། ཉན་ཐོས་ཀྱི་ལུགས་ལ་རྩ་ལྟུང་སྐོར་གཅིག་བྱུང་ན་རྫ་བེའུ་ཆག་པ་དང་འདྲ་སྟེ་སླར་གསོ་བའི་ཐབས་མེད་པར་གསུངས། བྱང་སྡོམ་རིན་པོ་ཆེའི་ཉེར་སྤྱད་ཆག་པ་དང་འདྲ་སྟེ། དཔེར་ན་རིན་པོ་ཆེའི་ཉེར་སྤྱད་ཆག་ན་མགར་བ་མཁས་པ་ལ་བརྟེན་ནས་བཅོས་སུ་ཡོད་པ་ལྟར། གཞན་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་གསོ་རུང་བར་གསུངས། གསང་སྔགས་ཀྱི་སྡོམ་པ་ནི་རིན་པོ་ཆེའི་ཉེར་སྤྱད་ཅུང་ཟད་ཞོམ་པ་དང་འདྲ་སྟེ། རང་ཉིད་ཀྱིས་ཀྱང་ལྷ་སྔགས་ཏིང་འཛིན་ལ་བརྟེན་ནས་བཤགས་པ་བྱས་ཀྱང་ལྷག་མ་མེད་པར་དག་པར་གསུངས་པ་ཡིན། དེ་ཡང་འཕྲལ་དང་འབྲལ་དུ་བཤགས་ན་འདག་སླ་སྟེ། ཡུན་ལོན་ནས་ནི་ཉེས་པ་གོང་ནས་གོང་དུ་འཕེལ་བ་ཡིན་པས་བཤགས་ལྷག་པར་དཀའ་ཞིང༌། ལོ་གསུམ་འདས་ཕན་ཆད་བཤགས་པའི་ཡུལ་ལས་འདས་པས་བཤགས་པ་བྱས་ཀྱང་མི་འདག་པར་གསུངས་སོ། །གཞན་ཡང་ངག་ནུས་དང་བྱིན་རླབས་ཀྱི་སྒོ་ནས་གཞན་གྱི་སྲུང་སྐྱོབ་བྱེད་པ་དང༌། སད་སེར་དང་ནད་ཡམས་གཅོད་པ། ནད་པ་དང་སྲིའུ་གསོ་བ་སོགས་རང་དོན་དང་གཞན་དོན་སྦྲེལ་མར་བྱེད་པ་རྣམས་ཀྱང༌། ངག་ནུས་དང་བྱིན་རླབས་ཡོད་པར་བྱེད་པ་ལ། ངག་གི་སྒྲིབ་པ་དག་དགོས་ཤིང༌། ངག་གི་སྒྲིབ་པ་དག་པར་བྱེད་པ་ལ་སྙིང་པོ་ཡི་གེ་བརྒྱ་པ་ལས་ལྷག་པ་སུ་ཡང་མེད་པས། དུས་དང་རྣམ་པ་ཐམས་ཅད་དུ་ཡིག་བརྒྱའི་བཟླས་པ་ལ་འབད་པ་གལ་ཆེ་སྟེ། རྗེ་བླ་མའི་ཞལ་ནས་ཀྱང༌། ཞལ་བཀྱལ་གྱི་ཚུལ་དུ། གཞན་ལ་སྲུང་སྐྱོབ་བྱེད་པ་དང༌། དཀོར་ཟ་བ་རྣམས་ཀྱིས་དང་པོ་རང་གི་ངག་སྒྲིབ་སྦྱོང་བ་ལ་ཡིག་བརྒྱ་འབུམ་ཐེར་བརྒྱ་རེ་མཐོན་པའི་ཐབས་མེད་ཅེས་གསུངས་ཏེ། རྗེའི་ཞལ་སློབ་ཏུ་གྱུར་པ་ལ། ཡིག་བརྒྱ་འབུམ་ཕྲག་ཉིས་བརྒྱ་རེ་དང་བརྒྱ་རེ་ཐུབ་པ་དུ་མ་ཡོད་ཅིང༌། ཐ་མ་རྣམས་ཀྱང་ཡིག་བརྒྱ་འབུམ་ཕྲག་གཉིས་གསུམ་རེ་མ་སོང་བ་ནི་སུ་ཡང་མེད་པ་ལྟ་བུ་ཡིན་ནོ། །དེས་ན་བླ་མ་རྡོ་རྗེ་སེམས་དཔའ་ནི། རིགས་བརྒྱ་རིགས་གཅིག་ཏུ་འདུས་པའི་རང་བཞིན། གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། ཡི་དམ་གྱི་ལྷ་ཞི་ཁྲོ་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དག་ཀྱང༌། རྡོ་རྗེ་སེམས་དཔའ་ལ་མ་འདུས་པ་མེད། ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམས་པས། བླ་མའི་རྣལ་འབྱོར་ཀྱང་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་ཞེས་ཤིན་ཏུ་ཟབ་པའི་མཐར་ཐུག་པ་ཡིན། སྔགས་ཀྱང་སྙིང་པོ་ཡི་གེ་བརྒྱ་པ་ལས་ལྷག་པ་མེད་ཚུལ་སྔར་བཤད་པ་ལྟར་ཡིན་པས། འདི་ལས་ཟབ་པའི་ཆོས་ནི་གང་ན་ཡང་མེད་པར་ཤེས་པར་བྱའོ།

།ཕན་པའི་གདམས་ངག་ཐོས་ཀྱང་ཚིག་ཏུ་ལུས། །ཅུང་ཟད་ཉམས་སུ་བླངས་ཀྱང་གཡེང་བས་བསླུས།
།བདག་དང་བདག་འདྲར་འཁྲུལ་གཟུགས་སེམས་ཅན་རྣམས།
།བསྐྱེད་རྫོགས་སྙིང་པོ་ལོན་པར་བྱིན་གྱིས་རློབས།


།སྒྲིབ་པ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་དོ།། །།




ཀུན་རྫོབ་རྫུན་པར་ཤེས་ཀྱང་ཚོགས་གཉིས་གསོག །དོན་དམ་སྒོམ་མེད་རྟོགས་ཀྱང་མཉམ་པར་འཇོག
།ཟུང་འཇུག་མངོན་དུ་འགྱུར་ཀྱང་བརྩོན་འགྲུས་རྩོམ། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ།


།དོན་བཞི་པ་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མ་རྫོགས་ན། དག་པ་གཉིས་ལྡན་གྱི་སངས་རྒྱས་ཐོབ་པའི་ཐབས་མེད། དི་བཞིན་དུ་ཚོགས་གཉིས་ཡོངས་སུ་མ་རྫོགས་པར། སྟོང་པ་ཉིད་ཀྱི་དོན་མ་ནོར་བ་དེ་ཡང་རྒྱུད་ལ་སྐྱེ་མི་ནུས་ཏེ།

མདོ་ལས།
ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད།


།ཅེས་གསུངས། དེ་བཞིན་དུ་གཞན་ཡང༌།
དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལས་རྗེས་དང༌།
།རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ།


།ཞེས་གསུངས། སྟོང་ཉིད་མངོན་དུ་རྟོགས་ནས་ཀྱང༌། ད་དུང་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་ལམ་གོང་ནས་གོང་དུ་དགོས་པས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ།

རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པའི་ཞལ་ནས།
བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་པར།
།ཚོགས་གཉིས་ཤིང་རྟའི་འཕང་ལོ་དང༌། །འབྲས་བར་མ་བྱེད་ནཱ་རོ་པ།
།ཞེས་དང༌། རྣལ་འབྱོར་དབང་ཕྱུག་བིརྦ་པའི་དོ་ཧ་ལས་ཀྱང༌།
ཀུན་རྫོབ་སངས་རྒྱས་མི་རེའི་གདིང་ཆེན་ལྡན་གྱུར་ཀྱང༌།
།བསོད་ནམས་ཚོགས་ཆེན་མི་གཅོག་ཅི་ནུས་འབད་པར་བྱ།


།ཞེས་དང༌། མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ནས་ཀྱང་བསགས་སྦྱང་རང་སར་དག་ཀྱང་ཚོགས་ཆུང་དུ་ནས་བསགས་ཞེས་གསུངས། དེས་ན་ཚོགས་བསགས་པའི་ཐབས་ལ་བསམ་གྱིས་མི་ཁྱབ་པ་ཞིག་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གསུངས་པ་ཡིན་ཀྱང༌། དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་མཎྜལ་འབུལ་བ་འདི་ཡིན་ཞིང༌།

རྒྱུད་ལས།
སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ།
།འདོད་པའི་ཡོན་ཏན་བརྒྱན་པ་ཡི། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས།


།ཞེས་པ་ལྟར། དེ་ལ་མཎྜལ་འབུལ་བའི་དུས་སུ། རང་ལུགས་ཀྱི་ཕྱག་ལེན་ལ་བསྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་ཡོད། དེ་ལ་མཎྜལ་གྱི་རྒྱུ་ནི། རང་གི་འབྱོར་པ་དང་བསྟུན་ནས་རབ་གསེར་དངུལ་ལ་སོགས་རིན་པོ་ཆེའི་མཎྜལ། འབྲིང་འཁར་བ་ལ་སོགས་རྒྱུ་དག་པ། ཐ་ན་རྡོ་ལེབ་དང་ཤིང་ལེབ་ལ་སོགས་པའི་སྟེགས་འཇམ་པོས་ཀྱང་རུང༌། དེ་ལ་འགོད་རྒྱུའི་ཚོམ་བུ་ནི། རབ་གཡུ། བྱི་རུ། མུ་མེན། མུ་ཏིག་ལ་སོགས་པ་རིན་པོ་ཆེ། འབྲིང་ཨ་རུ་ར། སྐྱུ་རུ་ར་ལ་སོགས་པའི་སྨན་གྱི་འབྲས་བུ། ཐ་མ་ནས། འབྲས། གྲོ་སྲན་མ་ལ་སོགས་འབྲུའི་རིགས་བྱེད། ཡང་ཐ་ཡང་རྡོ་དང་གསེག་མ། བྱེ་མ་ལ་སོགས་པས་ཀྱང་དམིགས་པའི་རྟེན་ཙམ་རུང༌། གང་ལྟར་ཡང་མཎྜལ་གྱི་གཞི་དེ་བྱི་དོར་ལེགས་པར་བྱས་ལ། དང་པོ་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད། དེའི་དབུས་ཀྱི་ཚོམ་བུ་དེ་སངས་རྒྱས་རྣམ་པར་སྣང་མཛད་ལ་བུདྡྷ་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཚོམ་བོ་དེས་སངས་རྒྱས་རྡོ་རྗེ་མི་བསྐྱོད་པ་ལ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྷའི་ཚེམ་བུ་དེ་སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་ཚོམ་བུ་དེ་སངས་རྒྱས་སྣང་བ་མཐའ་ཡས་ལ་པདྨ་རིགས་ཀྱི་ལྟ་ཚོགས་ཀྱིས་བསྐོར་བ། བྱང་གི་ཚོམ་བུ་དེ་སངས་རྒྱས་དོན་ཡོད་གྲུབ་པ་ལ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བར་བསམ། ཡང་ན་དབུས་ཀྱི་ཚོམ་བུ་དེ་རྩ་བའི་བླ་མ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་པ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་བཞུགས་པ། མདུན་གྱི་ཚོམ་བུ་དེ་སངས་རྒྱས་ཤཱ་ཀྱ་ཐུབ་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། གཡས་ཀྱི་ཚོམ་བུ་དེ་ཉེ་བའི་སྲས་ཆེན་བརྒྱད་ལ་བྱང་སེམས་འཕགས་པའི་དགེ་འདུན་གྱི་བསྐོར། གཡོན་གྱི་ཚོམ་བུ་དེ་ཉན་ཐོས་མཆོག་གཉིས་ལ་ཉན་རང་འཕགས་པའི་དགེ་འདུན་གྱིས་བསྐོར་བ། རྒྱབ་ཀྱི་ཚོམ་བུ་དེ་འོད་དྲྭ་མིག་གི་ཀློང་ན་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པར་བཞུགས་པ་སྟེ། སྐྱབས་འགྲོའི་ཚོགས་ཞིང་ལྟར་གསལ་གདབ། གང་ལྟར་ཡང་སྒྲུབ་པའི་མཎྜལ་དེ་མཆོད་སྟེགས་ལ་སོགས་པར་དགོད། འབྱོར་ན་མཆོད་པ་སྣ་ལྔ་སོགས་ཀྱིས་བསྐོར། སྐུ་གསུང་ཐུགས་རྟེན་གྱི་མདུན་ནས་འབུལ་བའམ། མ་འབྱོར་ན་སྒྲུབ་པའི་མཎྜལ་མེད་ཀྱང་རུང༌། ཚོགས་ཞིང་ཡིད་ཀྱིས་གསལ་གདབ། དེ་ནས་མཆོད་པའི་མཎྜལ་དེ་ལག་པ་གཡོན་གྱིས་བཟུང༌། གཡས་ཀྱི་མཁྲིག་མས་ཡུན་རིང་ཕྱི་བཞིན་དུ་ཡིད་དམིགས་པ་ལས་མ་ཡེངས་པའི་སྒོ་ནས་ཡན་ལག་བདུན་པ་སོགས་བྱ། དེ་ཡང་མཎྜལ་ལ་མ་དག་པ་ཞིག་ཕྱི་རྒྱུ་ཡོད་པ་ཁོ་ནའི་དོན་གྱིས་བྱི་དོར་བྱེད་པ་མིན། རང་རྒྱུད་སྒྲིབ་གཉིས་ཀྱི་དྲི་མ་འདག་པའི་ཆེད་དུ། དཀའ་ཚེགས་ཀྱི་སྒོ་ནས་མཎྜལ་ལ་བྱི་དོར་བྱེད་པ་ཡིན་པས་ན། སྔོན་གྱི་བཀའ་གདམས་པ་ཆེན་པོ་དག་གི་ཕྱག་གི་མཁྲིག་མའི་མདུན་ངོས་ཀྱིས་མཎྜལ་ཕྱིས་པས་བརྡོལ་ནས་རྨར་སོང་བའི་ཚེ། ཟུར་ངོས་ཀྱིས་ཕྱིས་ཤིང༌། དེ་ཡང་བརྡོལ་བའི་ཚེ་རྒྱབ་ངོས་ཀྱིས་ཕྱིས་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་ཡིན། དེས་ན་བྱི་དོར་བྱེད་པའི་ཚེ་ཡང་སྣམ་རས་སོགས་གཞན་གྱིས་མི་ཕྱི་བར། ལག་པའི་མཁྲིག་མ་ཁོ་ནས་ཕྱི་བ་སོགས་སྔོན་གྱི་བཀའ་གདམས་པ་ཆེན་པོ་དག་གི་ཕྱག་སྲོལ་ཡིན་པས་དེ་ལྟར་བྱ། དེ་ནས་ཚོམ་བུ་འགོད་པའི་ཚེ། མཎྜལ་སོ་བདུན་མ་འདི་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པ་སྟེ། འཇུག་པ་བདེ་པས་གསར་རྙིང་རིས་མེད་ལ་ཁྱབ་ཆེ་བས། སྐབས་འདིར་ཡང་དང་པོ་དེ་ལྟར་དབུལ་བའི་ཕྱག་སྲོལ་ཡོད་པས་དེ་ལྟར་བྱ། གཞན་དུ་གསར་རྙིང་གང་ལ་ཡང་རང་རང་སོ་སོའི་ལུགས་ཀྱི་མཎྜལ་འབུལ་ཐབས་དུ་མ་ཡོད་ཅིང༌། ཁྱད་པར་རྙིང་མའི་གཏེར་ཁ་རེ་རེ་ལ་ཡང་མཎྜལ་རེ་དང༌། རང་ལུགས་འདིར་ཡང༌། སྐུ་གསུམ་གྱི་མཎྜལ་རྒྱས་པར་འབུལ་བའི་ཆོ་ག་ཀུན་མཁྱེན་ཆེན་པོའི་ཞལ་གསུང་མ་སྙིང་ཐིག་རྣམས་ན་དུ་མ་ཡོད་པ་ལྟར་ཡིན་པས་གང་ལྟར་དབུལ་ཡང་ཆོག །སོ་བདུན་མ་ལྟར་འབུལ་བའི་ཚེ།

དང་པོ། ཨོཾ་བཛྲ་བྷཱུ་མི་སོགས་ཀྱི་ཚེ། མཎྜལ་ལག་གཡོན་གྱིས་བཟུང་བཞིན་པ་ལ། གཡས་པས་བ་བྱུང་དང་དྲི་བཟང་གི་ཆུས་ཆག་གདབ། དེ་ནས་གཡས་པའི་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་ཞིག་བཟུང་སྟེ། ཨོཾ་བཛྲ་རེ་ཁེ་སོགས་ཀྱི་སྔགས་ཚིག་དང་སྦྲགས་ནས། མཎྜལ་གྱི་གཞི་ལ་གཡས་སུ་བསྐོར་ཞིང་མཐར་དབུས་སུ་བཞག །བཟོས་པའི་ལྕགས་རི་འགོད་རྒྱུ་ཡོད་ན་ཡང་སྐབས་འདིར་དགོད། དེ་ནས་རི་ཡི་རྒྱལ་པོ་རི་རབ་ཅེས་བརྗོད་པའི་ཚེ། དབུས་སུ་མཎྜལ་ཚོམ་བུ་ཆེ་བ་གཅིག་དགོད། དེ་ནས་ཤར་ལུས་འཕགས་པོ་ལ་སོགས་པ་གླིང་བཞི་འགོད་པའི་ཚེ། ཤར་རང་ཕྲོགས་སམ་ཡང་ན་འབུལ་ཡུལ་གྱི་ཕྱོགས་གཉིས་གང་བྱས་ཀྱང་འདྲ། གང་ལྟར་ཡང་ཤར་ནས་རིམ་པས་གཡས་སྐོར་གྱིས་དགོད། ལུས་དང་ལུས་འཕགས་སོགས་གླིང་གཡོག་དགོད་པའི་ཚེ། གླིང་རང་རང་གི་ནུབ་དང་ཤར་དུ་གླིང་གཡོག་གཉིས་རེ་རིམ་པ་ལྟར་དགོད། དེ་ནས་རིན་པོ་ཆེའི་རི་བོ་ཤར། དཔག་བསམ་གྱི་ཤིང་ལྷོ། འདོད་འཇོའི་བ་ནུབ། མ་སྨོས་པའི་ལོ་ཏོག་བྱང་དུ་དགོད། དེ་ནས་རྒྱལ་སྲིད་བདུན་གཏེར་ཆེན་པོའི་བུམ་པ་དང་བརྒྱད་རིམ་པས་ཕྱོགས་བཞི་དང་མཚམས་བཞིར་དཀོད། དེ་ནས་སྒེག་མོ་ལ་སོགས་པའི་ཕྱི་སྒེག་བཞི་ཕྱོགས་བཞི་དང༌། མེ་ཏོག་མ་ལ་སོགས་པའི་ནང་སྒེག་བཞི་མཚམས་བཞིར་དགོད། དེ་ནས་ཉི་མ་ཤར། ཟླ་བ་ནུབ། རིན་པོ་ཆེའི་གདུགས་ལྷོ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བྱང་དུ་བཀོད་ལ། དེ་ནས་ལྷ་དང་མི་ཡི་ལོངས་སྤྱོད་མ་ཚང་བ་མེད་པ་ཞེས་པའི་ཚེ། དེ་དག་གི་སྟེང་དུ་གོ་མཚམས་མེད་པར་སྤུངས་ནས་ཏོག་ལ་སོགས་པ་ཡོད་ན་བཞག །འདི་ཉིད་རྗེ་བཙུན་རྩ་བ་དང་བརྒྱུད་པ་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ།

།ཞེས་བརྗོད་དོ། །འདི་སྐབས་སུ་ཁ་ཅིག་གིས་མ་ཚང་བ་མེད་པ། ཚང་ཞིང་ཡིད་དུ་འོང་བ་འདི་ཉིད་ཟེར་བ་ཡོད་ཀྱང་དེ་ནི་གཞུང་ན་མེད་པས་ལྷག་པ་ཡིན་ཞེས་རྗེ་བླ་མས་གསུངས། འདི་དག་གི་དམིགས་རིམ་རྣམས་རྗེ་བླ་མས་ཞལ་ཁྲིད་མཛད་དུས་འདི་ཙམ་ལས་གསུང་སྲོལ་མེད་པས་འདིར་ཡང་མ་བྲིས་ལ། འོན་ཀྱང་ཁྲིད་ཡིག་རྩ་བར་དགོངས་འདུས་རྣམ་བཤད་ལ་ཞལ་འཕང་མཛད་པ་ལྟར་རྒྱས་པར་ཤེས་འདོད་པ་དག་གིས་དེར་བལྟ་བར་བྱའོ།

།དེ་ནས་སྐུ་གསུམ་གྱི་མཎྜལ་རང་གཞུང་ལྟར་འབུལ་བ་ལ། དང་པོ་ཐུན་མོངས་སྤྲུལ་སྐུའི་མཎྜལ། སྔར་ཚོམ་བུ་བཀོད་པའི་སྐབས་བཤད་པ་དེ་ལྟ་བུའི་གླིང་བཞི་རི་རབ་ཚངས་རིས་ཀྱི་ལྷ་གནས་དང་བཅས་པ་དེ་གཅིག་ལ་བརྩིས་ནས། དེ་འདྲ་བ་སྟོང་སོང་བའི་ཚེ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ན། གླིང་བཞི་པའི་འཇིག་རྟེན་སྟོང་ཡོད་པ་དེ་གཅིག་ལ་བརྩིས་ནས། དེ་འདྲ་བའི་སྤྱི་ཕུད་ཀྱི་འཇིག་རྟེན་སྟོང་སོང་བའི་ཚེ། སྟོང་གཉིས་པ་མར་མའི་འཇིག་རྟེན་ཞེས་བྱ། སྟོང་གཉིས་པ་བར་མའི་འཇིག་རྟེན་དེ་གཅིག་ལ་བརྩིས་ནས། དེ་འདྲ་བ་སྟོང་སོང་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ། དེ་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པ་ནི། སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་གདུལ་ཞིང་ཡིན་ཏེ། དཔེར་ན་སངས་རྒྱས་ཤཱ་ཀྱ་ཐུབ་པའི་ཞིང་ཁམས་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་པ་ལྟ་བུ་ཡིན། དེ་ལྟ་བུའི་ཞིང་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་པ་དག་ན་ལྷ་དང་མི་ཡི་ཡོ་བྱད་དམ་པ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བློས་བླངས་ནས། དེའི་སྟེང་དུ་རང་གི་ལུས་ལོངས་སྤྱོད། ཚེ་བསོད་ནམས། ཁ་རྗེ་དབང་ཐང༌། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་བདེ་སྐྱིད་བདེ་བའི་དངོས་པོ་དང་བཅས་པ། གཅེས་དགུ་ཕོངས་དགུ་ཐམས་ཅད་མ་ལུས་ལུས་པ་མེད་པ་སྤུངས་ཏེ་ཆགས་པ་དང་ཞེན་པ་ཏིལ་འབྲུ་ཙམ་ཡང་མེད་པར་བླ་མ་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ།

དེའི་སྟེང་དུ་བཀོད་པ་ཆེན་པོ་ལྔའི་ཞིང་ཁམས་ན་ཞིང་དང་གཞལ་མེད་ཁང་གི་བཀོད་པ་བསམ་ཀྱིས་མི་ཁྱབ་པ་དང༌། སྒེག་སོགས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པས་བརྒྱན་པ་བློས་དཔག་ཏུ་མེད་པ་དག་སྤྲུལ་ནས། བླ་མ་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བ་ནི། ཐུན་མིན་ལོངས་སྐུའི་མཎྜལ།

ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་གཞིའི་ཚུལ་དུ་བཞག་ནས། སྣང་བཞི་ལ་སོགས་རྟོག་ཚོགས་གང་ཤར་ཐམས་ཅད་ཚོམ་བུའི་ཚུལ་དུ་བཀོད་དེ། བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ་ནི། ཁྱད་པར་ཆོས་སྐུའི་མཎྜལ་ཡིན་པས།

དེ་ལྟ་བུའི་དམིགས་གནད་ཁོང་དུ་ཆུད་པའི་ངང་ནས། མོས་གུས་ཀྱི་གདུང་བ་དང་བཅས། ཨོཾ་ཨཱཿཧཱུཾ། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང༌། །སོགས་བརྗོད། གྲངས་གསོག་པའི་ཚེ་ལག་གཡོན་གྱིས་མཎྜལ་དང་པོ་ཕུལ་བ་ལྟར་བཟུང་ནས། གཡས་ཀྱིས་མཎྜལ་ཚར་རེ་བཞིན་ཚོམ་བུ་རེ་དབུལ་ཞིང་གསག །དེ་ལྟར་བྱས་པས་ལག་པ་གཡོན་པ་ཤེན་ཏུ་ན་ཏེ་མཎྜལ་གཏན་ནས་བཟུང་མི་ནུས་པ་ལྟ་བུར་མ་གྱུར་གྱི་བར་དུ་སྙིང་རུས་བསྐྱེད་དེ། མཎྜལ་ལ་གཡས་བཏེག་ནས་བཟུང་དེ་ཡང་ཆོས་ལ་དཀའ་སྤྱད་དང་སྙིང་རུས་བྱེད་ཟེར་བ་དེ་ཟ་མ་ཟ་རྒྱུ་མེད་པ་ཙམ་ཁོ་ན་ལ་མི་ཟེར་ཏེ། དུས་དང་གནས་སྐབས་ཐམས་ཅད་དུ་བསྒྲུབ་པར་དཀའ་བ་ཐམས་ཅད་ལ་སྙིང་རུས་བྱས་ནས་ཉམས་སུ་ལེན་པ་དེ་ཡིན་པས་ན། འདི་ཙམ་གྱིས་ཀྱང་བཟོད་པ་དང་བརྩོན་འགྲུས་ལ་བརྟེན་ནས་ཚོགས་རྫོགས་སྟོབས་ཆེན་བ་ཡིན་པས་ཉམས་སུ་བླང༌། ཅིས་ཀྱང་བཟུང་མི་ནུས་པ་ན་མདུན་སྟེགས་ལ་སོགས་པའི་སྟེང་དུ་བཞག་སྟེ། ཚོམ་བུ་དབུས་བཞིན་གྲངས་གསོག །ཇ་སྐབས་ལ་སོགས་པར་མཚམས་ཐམས་ཅད་དུ་སྔར་དབུལ་བའི་བཀོད་པ་དེ་བསྡུས་ནས། ཚོམ་བུ་སོ་བདུན་མ་སྔར་ལྟར་དབུལ་ཞིང་གྲངས་གསོག་པ་སོགས་བྱ། དེ་ལྟ་བུའི་སྒོ་ནས་མཎྜལ་འབུམ་ཕྲག་གཅིག་འགྲོ་ངེས་བྱ་དགོས་ལ། སྐབས་འགར་སྐུ་གསུམ་གྱི་མཎྜལ་རྒྱས་པར་འབུལ་མི་ནུས་པ་དག་གིས། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། མཎྜལ་ཚོམ་བུ་བདུན་ནམ་ཁོ་ན་ཕུལ་ཀྱང་ཆོག

།གང་ལྟར་ཡང་དང་པོ་སྦྱོར་བ་སེམས་བསྐྱེད་ཀྱི་རྩིས་ཟིན་པ་དང༌།
བར་དུ་དངོས་གཞི་དམིགས་པ་མེད་པ་དང༌།
ཐ་མར་མཇུག་བསྔོ་པའི་རྒྱས་ཡོངས་སུ་ཐེབས་པ་སྟེ།
དམ་པ་གསུམ་གྱི་རྩིས་ཟིན་པ་གལ་ཆེ་བ་ནི་ཐམསཅད་ལ་འདྲའོ།


།དེ་ལྟར་མཎྜལ་འབུལ་བ་འདིའི་སྐབས་སུ་ནས་དང་གྲོ་ལ་སོགས་པ་འབྲུའི་མཎྜལ་འབུལ་བའི་ཚེ། རང་ལ་འབྱོར་པ་ཡོད་ན་མཎྜལ་གྱི་མཆོད་འབྲུ་རྙིང་པ་ཡང་ཟློས་གཏན་ནས་མི་བྱ་ཞིང༌། གསར་པ་ཁོ་ནས་དབུལ། དེ་ལྟར་ཕུལ་བ་དེ་ཡང་བྱ་བྱིའུ་དང་ལོང་སྤྲང་ལ་སོགས་པར་སྦྱིན་པར་གཏོང་བའམ། རྟེན་ལ་སོགས་པའི་དྲུང་དུ་སྤུངས་ཏེ་འཇོག་པ་སོགས་གང་རུང་བྱ་ཞིང༌། རང་གིས་བདག་དུ་བཟུང་ནས་ལོངས་སྤྱོད་པ་སོགས་མི་བྱ། །མ་འབྱོར་ན་ཅི་འབྱོར་པའི་ཚོད་དུ་མཆོད་འབྲུ་བརྗེ་བ་དང༌། དབུལ་པོ་སོགས་ཡིན་ན་འབུལ་ཐེབས་གཅིག་གི་མཆོད་འབྲུ་ཁོ་ན་ཡང་ནས་ཡང་དུ་ཕུལ་ཀྱང་རུང༌། གང་ལྟར་ཡང་ས་རྡུལ་དང་ཡུག་པོ་བྱ་བྲུན་ལ་སོགས་པ་ལྷད་ཐམས་ཅད་བསལ་ཏེ་དངོས་གཙང་པར་བྱ་ཞིང༌། གུར་གུམ་ལ་སོགས་པ་དྲི་བཟང་པོའི་ཆུས་རླན་ཕབ་སྟེ་འབུལ། ཅི་ནས་ཀྱང་འབྱོར་པ་མེད་པའི་དབུལ་པོ་ལ་སོགས་པའི་རིགས་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་དངོས་སུ་བློས་སྤྲུལ་ཏེ་འབུལ་ནུས་པའི་དབང་རབ་རྣམས་ལ་དགོངས་ནས། ས་དང་གསེག་མ་ལ་སོགས་པས་ཀྱང་དབུལ་རུང་བར་གསུངས་ཡིན་གྱི། རང་ལ་ཡོད་བཞིན་དུ་མཆོད་སྦྱིན་གྱི་ཕྱོགས་སུ་གཏོང་མི་བྲ་བར། སྔགས་དང་དམིགས་པ་ལ་སོགས་པའི་རྒྱུ་མཚན་བདེན་བདེན་ཡིན་ཡིན་མོ་མང་པོ་བཀོད་ནས། ཡིན་རློམ་བྱེད་པ་ནི་རང་མགོ་རང་གིས་བསྐོར་བ་ཡིན། དེར་མ་ཟད་རྒྱུད་དང་མན་ངག་ཐམས་ཅད་ནས། གཙང་ཞིང་གཙང་མར་སྦྱར་པའི་མཆོད་པའི་ཚོགས། ཞེས་དང༌། གཙང་མར་སྦྱར་བའི་མཆོད་ཡོན་འདི། ཞེས་སོགས་གསུངས་ཀྱི། བཙོག་ཅིང་བཙོག་པར་སྦྱར་བ་སོགས་མ་གསུངས་པས། རང་གི་ཁ་འཕྲོ་དང་འབགས་བཙོག་སོགས་མཆོད་རྫས་སུ་བྱེད་པ་དང༌། ནས་ཀྱི་འགོ་མ་རང་གི་ཟ་རྒྱུ་དང༌། སྙིགས་མ་མཆོད་འབྲུ་དང་བཅའ་རྩམ་སོགས་བྱེད་པ་དང༌།

དེ་བཞིན་དུ་སྔོན་གྱི་བཀའ་གདམས་པ་དག་གི་ཞལ་ནས།
བཟང་པོ་རང་གིས་བྱས་ཏེ་ཐུད་ཀྱི་སྔོས་དང༌།
ལོ་མའི་སེར་ས་ནས་དཀོན་མཆོག་ལ་ཕུལ་བས་མི་འོང་གསུངས་པ་ལྟར།


མར་ལ་སོགས་པའི་ཁ་ཚས་དང༌། རུལ་བ་ནས་བཅའ་མར་དང་མར་མེ་འབུལ་ཞིང༌། ལེགས་ས་ནས་རང་གི་ཟ་བ་སོགས་ནི་བསོད་ནམས་ཟད་པའི་རྒྱུ་ཡིན་པས་སྤང་དགོས། ཞལ་ཟས་དང་གཏོར་མ་ལ་སོགས་བཅའ་བའི་ཚེ་ཡང༌། ཟན་གྱི་དཀའ་སླ་རང་གང་ཟ་བའི་ཚོད་ཙམ་བྱེད་དགོས་ཀྱི། བཟོ་སླ་བ་ལ་བསམ་ནས་གཏོར་ཟན་སླ་མོ་བྱེད་པ་ནི་མི་རུང་སྟེ།

ཇོ་བོ་ལྷ་གཅིག་གི་ཞལ་ནས།
བོད་ཕྱུག་པོ་མི་འོང་གཏོར་ཟན་སླ་མོ་བྱེན་ཀྱིན་འདུག་པ།


ཞེས་གསུངས།

དེ་བཞིན་དུ་ཇོ་བོའི་ཞལ་ནས།
བོད་ན་བསོད་ནམས་བསགས་པ་ལ་ཆུ་གཅིག་པོས་ཀྱང་ཆོག་པར་འདུག
རྒྱ་གར་ཚད་ཁུངས་ཆེ་བས་བོད་ཀྱི་ཆུ་འདི་འདྲ་བའི་ལེགས་པ་མེད་གསུངས་པ་ལྟར།
རང་གི་བརྩོན་འགྲུས་ནུས་ན་ཚོགས་བསགས་པ་ལ་ཆུ་གཙང་མས་ཡོན་ཆབ་ཕུལ་བ་ཡང་ཕན་ཡོན་བསམ་གྱི་མི་ཁྱབ། ཡོན་ཆབ་དེ་ཡང་ཏིང་བདུན་སོགས་དབུལ་པའི་སྣོད་ཀྱང་བྱི་དོར་ལེགས་པར་བྱས། གྲལ་ལ་བསྒྲིག་པའི་ཚེ་ཡང་བར་ཡངས་དྲགས་པ་དང་དོག་དྲག་པ་སོགས་མེད་པའི་འཚམས་པ་དང༌། ཡ་ཡོ་འཁྱག་འཁྱོག་མེད་པ་དང༌། ཆུ་ནང་དུ་འབྲུ་དང་སྤུ་རྡུལ་སྲོག་ཆགས་སོགས་མ་འདྲེས་པ་དང༌། མ་གང་བ་དང་ཧ་ཅང་གང་དྲགས་པ་སོགས་མ་ཡིན་པར་མཆོད་སྟེགས་ཀྱི་སྟེང་དུ་ཆུ་བོ་ལ་སོགས་ཀྱང་མེད་པར་མཛེས་ཤིང་ཡིད་དུ་འོང་བ་བྱ།

དེ་བཞིན་དུ་བཟང་སྤྱོད་ལས་ཀྱང༌།
བཀོད་པ་ཁྱད་པར་འཕགས་པའི་མཆོག་རྣམས་ཀྱིས།
།ཞེས་གསུངས་པ་ལྟར། མཆོད་པའི་རྣམ་པ་གང་ཡིན་ཀྱང་ཐ་ན་བཤམ་ཚུལ་དང་བཀོད་ཚུལ་ཡན་ཆད་མཛེས་ཤིང་ཡིད་དུ་འོང་བ་བྱས་ན། རྒྱལ་བ་སྲས་བཅས་ལ་གུས་པའི་རྒྱུས་རང་གི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པ་ཡིན་པས་ཅི་ནས་ཀྱང་འབད་པར་བྱ་དགོས་སོ། །ཡང་རང་ལ་འབྱོར་པ་མེད་པ་དང་མི་ནུས་པ་སོགས་ཀྱིས་བསམ་པ་རྣམ་པར་དག་པའི་སྒོ་ནས་འབགས་བཙོག་དང་དམན་པ་སོགས་དབུལ་མི་རུང་པ་ཡང་མ་ཡིན་ཏེ། རྒྱལ་བ་སྲས་བཅས་ལ་གཙང་དམེའི་འཛིན་རྟོག་མེད་པས་ན། སྔོན་དབུལ་མོ་གྲོང་ཉུག་མས་བཅོམ་ལྡན་འདས་ལ་མར་མེ་འཕུལ་བའི་ལོ་རྒྱུས་དང༌། དེ་བཞིན་དུ་མཛེ་མོ་ཞིག་གིས་སློང་མོ་བྱས་པས་འབྲས་ཁུ་ཞིག་རྙེད་པ། ཉན་ཐོས་འོད་སྲུངས་ཆེན་པོ་ལ་ཕུལ་བའི་ཚེ། འབྲས་ཁུའི་ནང་དུ་སྦྲང་བུ་ཞིག་ལྷུང་པ་བསལ་བར་བརྩ་མས་པས། མཛེ་མོའི་མཛུབ་མོ་ཡང་འབྲས་ཁུའི་ནང་དུ་ཆད་ཀྱང༌། འོད་སྲུངས་ཆེན་པོས་དེའི་བསམ་པ་རྫོགས་པའི་ཕྱིར་གསོལ། དེས་ཉིན་གཅིག་གི་བསོད་སྙོམས་ཀྱི་གོ་ཡང་ཆོད་པར་མཛད་པས་མཛེ་མོ་ཡང་དགའ་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་སྐྱེས་པ་ལྟ་བུ་ཡིན་ནོ། དེས་ན་མཎྜལ་དབུལ་བའི་དུས་སུ་ཡང་བསམ་པ་རྣམ་པར་དག་པའི་སྒོ་ནས། རང་གིས་གང་འབྱོར་པ་དེ་དངོས་གཙང་ཞིང་ཡིད་དུ་འོང་བར་བྱས་ནས་དབུལ་བ་ནི་གནད་དམ་པ་ཡིན་ལ། དེ་ལྟ་བུའི་མཎྜལ་འབུལ་བ་ལ་སོགས་ཚོགས་པའི་ཐབས་ལ་འབད་པ་འདི་ནི་ལམ་གྱི་གནས་སྐབས་ཐམས་ཅད་དུ་འདོར་དུ་མི་རུང་བའི་ཉམས་ལེན་ཡིན་ཏེ།

རྒྱུད་ལས་ཀྱབ།
ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང༌།


།ཞེས་གསུངས། ཚོགས་མ་བསགས་པར་དངོས་གྲུབ་འབྱུང་དུ་རེ་བ་ནི། ཆུ་ཁའི་བྱེ་མ་བཙིར་ནས་སྣུམ་སྒྲུབ་པ་དང་འདྲ་སྟེ། བྱེ་མ་ས་ཡ་བརྒྱ་བཙིར་ཀྱང་དེའི་ཁོང་ན་སྣུམ་གྱི་ཆ་སྤུའི་རྩེ་མོ་ཙམ་ཡང་འོང་རྒྱུ་མེད། ཚོགས་བསགས་པ་ལས་དངོས་གྲུབ་འདོད་པ་ནི་ཏིལ་འབྲུ་བཙིར་ནས་སྣུམ་སྒྲུབ་པ་དང་འདྲ། ཏིལ་ཅི་ཙམ་བཙིར་ཡང་དེ་ཙམ་གྱི་ཏིལ་མར་འབྱུང་ལ། ཐ་ན་ཏིལ་འབྲུ་གཅིག་སེན་མོའི་སྟེང་དུ་བཙིར་ཀྱང༌། དེས་སེན་མོའི་སྟེང་ཐམས་ཅད་སྣུམ་ཀྱི་ལེ་འོང་བ་ཡིན།

དེ་བཞིན་དུ་ཚོགས་མ་བསགས་པར་དངོས་གྲུབ་འདོད་པ་ནི་ཆུ་དཀྲོགས་ནས་མར་སྒྲུབ་པ་དང་འདྲ་ལ།
ཚོགས་བསགས་ནས་དངོས་གྲུབ་འདོད་པ་ནི་འོ་མ་དཀྲོགས་ནས་མར་འདོད་པ་རང་འདྲ།
ཞེས་གསུངས།

དེས་ན་མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ་པ་ནི། ཚོགས་གཉིས་རྫོགས་པའི་འབྲས་བུ་མ་ནོར་བ་དེ་ཡིན་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པར་དག་པ་གཉིས་ལྡན་གྱིས་སངས་རྒྱས་ཐོབ་ཐབས་མེད་པ་སྔར་ཡང་བསྟན་ལ།

མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས།
དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས།
།བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག


།ཅེས་གསུངས། དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས་པས་གཟུགས་སྐུ་དམ་པ་དང༌། དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཆོས་སྐུ་དམ་པ་ཐོབ་པར་ཡིན་ནོ། །དེ་བཞིན་དུ་གནས་སྐབས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་ཀྱང་ཚོགས་རྫོགས་པ་ལས་འབྱུང་གི། རང་གིས་ཚོགས་མ་བསགས་པར་འབད་རྩོལ་ཅི་ཙམ་ཆེ་ཡང་ཕན་པ་མེད་དེ། དཔེར་ན་འཕྲལ་གྱི་ལོངས་སྤྱོད་ཟས་ནོར་ཙམ་ལའང་སྔོན་གྱི་བསགས་རྒྱབ་ཀྱིས་འབྱོར་པ་ཁ་ཅིག་ནི་འབད་རྩོལ་ཅུང་ཟད་མ་བྱས་ཀྱང་རང་བཞིན་གྱིས་ལོངས་སྤྱོད་ཀྱིས་མི་གཏོང་བ་དང༌། ཡང་ཁ་ཅིག་ནི་ཚེ་གཅིག་ཏུ་ཚོང་དང་སོ་ནམ་ལ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་གསོག་བྲུན་གྱི་འབད་རྩོལ་ལ་བརྩོན་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པར་མཐར་མུ་གེས་འཆི་བ་ལ་སོགས་པ་མཐོང་ཆོས་སུ་གྱུར་པས་ཀྱང་ཤེས་ལ།

དེ་བཞིན་དུ་ནོར་ལྷ་དང་ཆོས་སྐྱོང་སོགས་བསྒྲུབས་ནས་དངོས་གྲུབ་འདོད་པ་ཡང་རང་ལ་སྔོན་བསགས་ཀྱི་སྦྱིན་འབྲས་མེད་ན། དེ་དག་གིས་སྦྱིན་མི་ནུས་ཏེ།
སྔོན་རི་ཁྲོད་པ་ཞིག་འཚོ་བས་དབུལ་ནས་དམ་ཅན་བསྒྲུབས་པས་དངོས་སུ་གྲུབ་ནས་མི་དང་མི་ལབ་པ་བཞིན་བྱུང་ཡང་དངོས་གྲུབ་ཅི་ཡང་མ་བྱུང་བ་ལ་དམ་ཅན་ན་རེ། ཁྱོད་ལ་སྔོན་གྱི་སྦྱིན་འབྲས་ཅུང་ཟད་ཀྱང་མེད་པས། ཁོ་བོས་དངོས་གྲུབ་སྦྱིན་མི་ནུས་པར་འདུག་ཟེར། ཉིན་གཅིག་སྤྲང་པོ་མང་པོ་ཞིག་གི་གྲལ་དུ་ཐུག་པ་ཕོར་གང་རྙེད་དེ་སླར་འོང་བས་དམ་ཅན་ན་རེ། དེ་རིང་ངས་ཁྱོད་ལ་དངོས་གྲུབ་བྱིན་པ་ཨེ་ཤེས་ཟེར། ཐུག་པ་ཕོར་གང་རྙེད་དེ་དེ་ནི་ང་མིན་ཀྱང་སྤྲང་པོ་ཐམས་ཅད་ལ་འདུག ཁྱོད་ཀྱི་དངོས་གྲུབ་བམ་དེ་ནི་མ་ཤེས་བྱས་པས། ཐུག་པ་བླུད་པའི་ཚེ་ཁྱེད་རང་གི་ཕོར་པའི་ནང་དུ་ཚིལ་རྡོག་ཆེན་པོ་ཞིག་ལྷུང་བ་དེ་ངའི་དངོས་གྲུབ་ཡིན་པ་ལ་ཟེར་སྐད། དེ་བས་ན་རང་ལ་སྔོན་བསགས་མེད་ན་ནོར་སྒྲུབ་ལ་སོགས་པས་ཀྱང་དབུལ་བ་བསལ་མི་ནུས་ཏེ།

འཇིག་རྟེན་པའི་ནོར་ལྷ་ལ་སོགས་པས་ལོངས་སྤྱོད་ཀྱི་དངོས་གྲུབ་སྟེར་ནུས་ན། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དེ་དག་རྣམས་ལས་མཐུ་སྟོབས་དང་རྫུ་འཕྲུལ་བརྒྱ་སྟོང་འགྱུར་གྱི་ཆེ་ཞིང༌། མ་བཅོལ་བར་ཡང་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་ཤ་སྟག་ཡིན་པས། དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་ལོངས་སྤྱད་ཀྱི་ཆར་ཕབ་སྟེ་ཐམས་ཅད་ཀྱི་དབུལ་བ་ཅིག་ཅར་དུ་བསལ་བར་ངེས་པ་ལ་དེ་ལྟར་མ་མཛད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་དང་འབྱོར་པ་ལ་སོགས་པ་རྣམས་ཀྱང་བསོད་ནམས་བསགས་པའི་འབྲས་བུ་ཁོ་ན་ལས་འབྱུང་བ་ཡིན་པས་ན། འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བ་ཡིན་ནོ། །ལར་ད་ལྟའི་དུས་ན་རང་རི་མཐའ་འཁོབ་ཀྱི་ཡུལ་ལ་ལྟོས་པའི་ལོངས་སྤྱོད་དང་དབང་ཐང་ཕྲ་མོ་ཙམ་རེ་སྐྱེས་པ་ལ། ཐམས་ཅད་ཀྱིས་བླ་མ་མཁྱེན་དེ་ཇི་ལྟ་བུ་ཞིག་ཡིན་ནམ་ཟེར་ནས་ཧ་ལས་འདོགས་བྱེད་ཀྱང༌། དེ་ཙམ་རེ་ལ་བསོད་ནམས་ཆེན་པོར་རང་བསགས་དགོས་བར་མི་འདུག་སྟེ། ཞིང་དང་བསམ་པ་དག་ན་མི་དབང་ང་ལས་ནུས་སྲན་རྡོག་བདུན་སྦྱིན་འབྲས་ཀྱིས། སུམ་ཅུ་རྩ་གསུམ་མན་ཆད་དབང་བྱས་པའི་ལོ་རྒྱུས་དང༌། རྒྱལ་པོ་གསལ་རྒྱལ་ལྟ་བུའི་མངའ་ཐང་ཡང་ཟན་དྲོལ་ལན་ཚ ་མེད་པ་ཞིག་གི་སྤྱིན་འབྲས་སུ་གསུངས་པ་དང༌། སྔོན་ཇོ་བོ་རྗེ་ལྷ་གཅིག་བོད་ལ་ཕེབས་པའི་དུས་བོད་ཡུལ་ཀུན་ད་ལྟ་ལས་ཆེས་འབྱོར་ཞིང་རྒྱལ་པའི་དུས་ཡིན་ཀྱང༌། ཇོ་བོའི་ཞལ་ནས། བོད་པྲེ་ཏ་པུ་རིའི་རྒྱལ་ཁམས་དངོས་སུ་འདུག །བོད་ཡུལ་ན་ཞིང་དག་པ་ཞིག་ལ་ནས་བྲེ་གང་སྦྱིན་པར་བཏང་བའི་སྦྱིན་འབྲས་ལ་ལོངས་སྤྱོད་མཁན་མི་འདུག་ཅེས་གསུངས། དེས་ན་འཕྲལ་གྱི་ཟང་ཟིང་དང་དབང་ཐང་ཅུང་ཟད་རེ་ལ་ངོ་མཚར་རྨད་དུ་འཛིན་པ་ནི། གཅིག་ཏུ་རང་ཉིད་བློ་ཆུང་བ་དང༌། གཉིས་སུ་འཇིག་རྟེན་འདིར་སྣང་གི་ཞེན་པ་ཆེ་བ་དང༌། གསུམ་དུ་ལས་འབྲས་ཀྱི་འཕེལ་ཚུལ་སྔར་ཨ་ཤོ་ཀའི་འབྲས་བུ་བསྟན་པ་སོགས་ཀྱི་གནད་ཅི་བཞིན་མ་གོ་བའམ། གོ་ཡང་ཡིད་མ་ཆེས་པའི་རྟགས་བསྟན་པ་ཡིན་པས། སྙིང་ནས་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་བཞིག་ཡིན་ན། འཇིག་རྟེན་འདིར་སྣང་གི་ཕུན་ཚོགས་ཕྱུག་པོ་ཀླུ་ལྟ་བུ། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། མཆོར་པོ་འཇའ་ཚོན་ལྟ་བུ་ཇི་འདྲ་བ་མཐོང་ཡང༌། དེ་ལ་རྟག་པ་དང་བརྟན་པ་སྙིང་པོ་ཏིལ་གྱི་ཤུན་པ་ཙམ་ཡང་མེད་པར་ཤེས་ནས། མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟར་ཞེ་ལོག་གེ་བ་ཞིག་དགོས་པ་ཡིན། དེར་མ་ཟད་ཚེ་འདིའི་ལོངས་སྤྱོད་ལ་སོགས་པ་ལ་ཆེད་དུ་རེ་ནས་ཚོགས་བསགས་པ་ལ་འབད་པ་སོགས་ཀྱང་འཇིག་རྟེན་པ་ཕལ་པ་ལ་རུང་གི །ངེས་འབྱུང་གི་ཆོས་ཡང་དག་པའི་ནི་ཕྱོགས་དང་ཉེ་བ་མ་ཡིན་ཏེ། ཐར་པའི་གོ་འཕང་ཐོབ་པའི་ཆོས་ཡང་དག་པ་ཞིག་འདོད་ན། སྔར་ཡང་ནས་ཡང་དུ་སྨོས་པ་ལྟར་འཇིག་རྟེན་ཚེ་འདིའི་ཞེན་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། གནས་དབེན་པ་ཁོ་ན་བསྟེན་ཏེ་ན་དགའ་དང་ཤི་སྐྱིད་ཀྱི་ངང་ནས་བསྒྲུབ་པ་ཞིག་དགོས་ཏེ། མཉམ་མེད་དྭགས་པོ་རིན་པོ་ཆེ་ལ་སློབ་མ་ཞིག་གིས། ད་ལྟ་སྙིགས་མའི་དུས་འདིར་ཆོས་ཡང་དག་པ་ཞིག་སྒྲུབ་པ་ལ་ཟས་གོས་དང་ཡོ་བྱད་དཀའ་བར་འདུག་པས། ནོར་སྒྲུབ་དུམ་པ་རེ་བྱའམ། བཅུད་ལེན་བཟང་པོ་རེ་སློབ་བམ། ཡང་ན་ངེས་པར་འཆིར་འཇུག་ནུས་པ་ཞིག་དགོས་པ་ཡིན་ནམ། གང་ལགས་ཞུས་པས། ནོར་སྒྲུབ་བྱས་ཀྱང་རང་ལ་སྔོན་གྱི་སྦྱིན་འབྲས་མེད་ན་འོང་བ་ཡང་དཀའ་ཞིང༌། སྙིང་ནས་ཆོས་བཞིན་བྱེད་པ་ལ་ཚེ་འདིའི་ཆེད་དུ་ནོར་སྒྲུབ་པ་ཡང་འགལ། བཅུད་ལེན་བྱས་ཀྱང་སྔོན་བསྐལ་པ་ཡར་དར་ལས་རྡོ་ཆུ་ཤིང་ལ་སོགས་པའི་བཅུད་མ་ཤོར་བའི་དུས་ལྟ་བུ་དེང་སང་མི་འོང་བས། ད་ལྟའི་དུས་ན་ཕན་མེད། ངེས་པར་འཆིར་བཅུག་པ་ཡང་མི་འོང་སྟེ། དལ་འབྱོར་ཚང་ལུས་རྟེན་ད་རེས་ཀྱི་འདི་འདྲ་བ་ཕྱིན་ཆད་རྙེད་པར་དཀའ། འོན་ཀྱང་ངེས་པར་ཤི་མ་ཤི་མེད་པར་ཉམས་སུ་ལེན་ནུས་པའི་བློ་ཞིག་སྙིང་ཐག་པ་ནས་སྐྱེས་ན། སྟོ་གོས་ཀྱིས་ཕོངས་པ་མི་འོང་སྟེ། ཆོས་པ་མུ་གེས་ཤི་བའི་དཔེ་མེད། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི་བྲེ་རེ་ལ་མུ་ཏིག་བྲེ་རེ་འཇལ་བའི་མུ་གེ་བྱུང་ཡང་སངས་རྒྱས་ཀྱི་རྗེས་འཇུག་ཟས་གོས་ཀྱིས་མི་ཕོངས་པར་གསུངས། ཞེས་གསུངས། དེས་ན་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཚོགས་བསགས་པ་དང་སྒྲིབ་སྦྱོང་གང་བྱེད་ཀྱང༌། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེད་པ་ཉག་གཅིག་ཡིན་པས། རང་གི་ཚེ་འདིའི་ཆེད་དུ་སྒྲུབ་པ་ལྟ་ཡང་ཅི་སྨོས། རང་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ཀྱང་ཐེག་པ་ཆེན་པོའི་ལམ་གཏན་ནས་མ་ཡིན་པས་ན། ཚོགས་བསགས་དང་སྒྲིབ་སྦྱོང་གང་དང་གང་བྱེད་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པ་ལས། རང་འདོད་ཀྱི་བློ་དང་གཏན་ནས་མ་འདྲེས་པ་ཞིག་ཅིས་ཀྱང་གལ་ཆེའོ། །དེ་ལྟར་བྱས་ན་རང་དོན་དང་ཚེ་འདིའི་བདེ་སྐྱིད་སོགས་མི་འདོད་ཀྱང་ཞོར་ལ་འབྱུང་སྟེ། མི་འབུད་པའི་ཚེ་དུད་པ་ཞོར་ལ་འབྱུང་བ་དང༌། ནས་བཏབ་པས་སོགས་མ་ཞོར་ལ་འབྱུང་བ་ལྟ་བུ་ཡིན་པས་ན། དེ་དག་ལ་ཆེད་དུ་གཉེར་བའི་བློ་ནི་དུག་བཞིན་དུ་སྤང་བར་བྱ་དགོས་སོ།། །།



ལྔ་པ་བདུད་བཞི་ཅིག་ཅར་དུ་གཅོད་པ་ཀུ་སཱ་ལིའི་ཚོགས་གསོག་ནི། དེ་ལ་འདིར་ཀུ་སཱ་ལིའི་ཚོགས་གསོག་ཅེས་ལུས་སྦྱིན་ཉུང་ངུ་ཞིག་འབྱུང་བ་འདི། སྤྱིར་སེམས་ཉིད་ངལ་གསོ་ནས་བླ་མའི་རྣལ་འབྱོར་དང་འབྲེལ་པར་འབྱུང་བས། བླ་མའི་རྣལ་འབྱོར་གྱི་ཆ་ལག་ཏུ་བྱས་ཀྱང་ཆོག་མོད་ཀྱི། ཚོགས་བསགས་པ་མཎྜལ་གྱི་ཡན་ལག་ཏུ་བྱས་ཀྱང་མི་འགལ་བས་ན། སྐབས་འདིར་སྦྲེལ་ཏེ་གསུངས་པ་བཀའ་སྲོལ་ལ་ཡོད་པ་བཞིན་འདིར་ཡང་འཆད་དོ། །དེ་ལ་ཀུ་སཱ་ལི་ཞེས་པ་ནི། སྤྲང་པོའི་དོན་ཡིན་པས་ཚེ་བློས་བཏང་གི་རྣལ་འབྱོར་རི་ཁྲོད་པ་ལྟ་བུ་ཚོགས་གསོག་པའི་ལོངས་སྤྱོད་གཞན་མི་རྙེད་པ་རྣམས་ཀྱིས་དམིགས་པ་ལ་བརྟེན་ནས་རང་གི་ལུས་ཀྱི་མཆོད་སྦྱིན་བྱེད་པ་ཡིན། དེ་ཡང་དངོས་པོ་གཞན་ཐམས་ཅད་ཀྱང་རང་གི་ལུས་འདི་གསོ་བའི་ཆེད་དུ་འབད་རྩོལ་དང་རྩོལ་སྒྲུབ་གསོག་འཇོག་དང་གཅེས་སྤྲས་སོགས་བྱེད་པ་ཡིན་ལ། ལོངས་སྤྱོད་གཞན་ཐམས་ཅད་ལས་ཀྱང་རང་གི་ལུས་འདི་ཉིད་གཅེས་འཛིན་ཆེ་བར་ངེས་པས་ན། ལུས་ལ་གཅེས་འཛིན་བཅད་དེ་མཆོད་སྦྱིན་བྱ་བ་ནི། དངོས་པོ་གཞན་གྱི་མཆོད་སྦྱིན་བྱ་བ་ལས་ལྷག་པར་ཡང་ཕན་ཡོན་ཆེ་བ་ཡིན་ཏེ།

ཇི་སྐད་དུ།
རྟ་དང་གླང་པོ་བརྒྱ་འགྱུར་ཡིན། །བུ་དང་ཆུང་མ་སྟོང་འགྱུར་ཡིན། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན།


།ཞེས་དང༌། མ་གཅིག་གི་ཞལ་ནས།

ཆགས་མེད་ལུས་སྦྱིན་བྱེད་པ་དེ། །ཚོགས་གཉིས་ཡིན་པར་མ་ཤེས་ནས།
།ཕུང་པོ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས།


།ཞེས་གསུངས། དེ་ཡང་དང་པོ་རང་ཉིད་དམིགས་པ་ལ་གོམས་པོ་ཡོད་ན་རྣམ་ཤེས་ནམ་མཁར་སྤར་ཏེ། སྐད་ཅིག་གིས་ཁྲོས་མར་བསྐྱེད་ཀྱང་འདྲ། དེ་ལྟར་མིན་ན་རང་གི་སྙིང་དབུས་སུ་སེམས་རྣམ་པར་ཤེས་པའི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ་གར་ཐབས་ལིང་ངེ་ཡོད་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀང་འཛིན་པ། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་དུར་སྒྲ་སྒྲོགས་པ་ཁྲོ་མོའི་ཆ་བྱད་ཅན་དེ་ལྟ་བུ་ཞིག་བསྐྱེད་ལ། ཕཊ྄ཿཅེས་བརྗོད་པའི་ཚེ་རྩ་དབུ་མའི་ལམ་བརྒྱུད་སྤྱི་བོ་ཚངས་པའི་བུ་ག་ནས་རྐྱང་ཀྱིས་ཐོན་པའི་མོད་ལ་རང་གི་ལུས་དེ་ཉིད་རོ་རུ་གྱུར་ནས་ལིང་གིས་འགྱེལ། དེ་ཡང་ད་ལྟའི་ལུས་འདི་ལྟ་བུ་མ་ཡིན་པར་ཆེ་བ་ཚོ་བ་སྣུམ་པ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པ་གཅིག་ཏུ་བསྒོམ། དེ་ནས་རང་ཉིད་མ་གཅིག་ཁྲོས་མ་ནག་མོར་གསལ་བའི་ཕྱག་གཡས་ཀྱི་གྲི་གུག་དེས་རང་གི་ལུས་བེམ་པོ་དེའི་སྨིན་མཚམས་སུ་ཚད་ཙམ་བྱས་པས་ཐོད་པ་སྒར་གྱིས་བཀོག །ཐོད་པ་དེ་ཡང་ད་ལྟའི་འདི་ལྟ་བུ་མ་ཡིན་པ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པ་གཅིག་ཏུ་བསྒོམ། དེ་ནས་ཁྲོས་མའི་ཕྱག་གཡོན་པས་ཐོད་པ་དེ་བླངས་ནས་མི་མགོའི་སྒྱེད་པུ་རི་རབ་དང་མཉམ་པ་གསུམ་གྱི་སྟེང་དུ་དཔྲལ་བ་རང་ལ་བསྟན་ཏེ་བཀོད། ཡང་ཁྲོས་མའི་ཕྱག་གཡས་ཀྱི་གྲི་གུག་དེས་བམ་རོ་དེ་ཉིད་ལིང་གིས་བླངས་ཏེ་ཐོད་པའི་ནང་དུ་བཞག །དེ་ནས་ཐོད་པའི་སྟེང་གི་ནམ་མཁར་བདུད་རྩིའི་རང་བཞིན་ཧྃ་ཡིག་དཀར་པོ་ཞིག་དང༌། ཐོད་པའི་འོག་ཏུ་མེའི་རང་བཞིན་ཡི་གེ་ཨ་ཐུང་དམར་པོ་ཞིག་བསྒོམ། དེ་ནས། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པའི་ཚེ་ཨ་ཐུང་ལས་མེ་འབར་ཐོད་པ་དྲོས་ནང་གི་བམ་རོ་དེ་བདུད་རྩིའི་རང་བཞིན་དུ་སོ་རོ་རོ་ཞུ་ནས་ཁོལ་ཏེ་ཐོད་པའི་ཁ་གང་ནས་འབགས་བཙོག་དང་དྲི་མ་མ་དག་པའི་ཆ་ཐམས་ཅད་ལྦུ་བ་དང་སྤྲིས་མའི་རྣམ་པར་ཕྱིར་ལུད་དེ། རླངས་པ་ཧྃ་ཡིག་ལ་ཕོག་པས་ཧྃ་ཡིག་ཀྱང་དྲོས་ཏེ་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པ་ཡང་གཉིས་མེད་དུ་འདྲེས་ཤིང་མཐར་ཧྃ་ཡིག་ཀྱང་འོད་དུ་ལྟེམ་གྱིས་ཞུ་ནས་ཐོད་པའི་བདུད་རྩི་དང་གཉིས་མེད་དུ་ཐིམ་པར་བསམས་ལ། ཕཊ྄༔ལུས་གཅེས་འཛིན་སོགས་བརྗོད། རང་གིས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པའི་ཚེ། ཨོཾ་གྱིས་ཁ་དོག་དྲི་རོ་ལ་སོགས་པའི་སྐྱོན་ཐམས་ཅད་སྦྱངས། ཨཱཿཡིས་མང་པོར་སྤེལ། ཧཱུྃ་གིས་གང་ལ་གང་འདོད་ཀྱི་དངོས་པོར་བསྒྱུར་ཏེ། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོད་རྒྱུ་ཡིད་བཞིན་གྱི་སྤྲིན་འཕྲོ་བའི་རོལ་པ་དང་རང་བཞིན་དུ་གྱུར་པར་བསམ། དེ་ནས་རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་རྐང་དར་ཟབ་འབོལ་བརྩེགས་དང་བཅས་པའི་སྟེང་དུ། དྲིན་ཅན་རྩ་བའི་བླ་མ་སྐུ་དངོས་སུ་བཞུགས་པ་དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས། ཐོད་པའི་ཁའི་ཐད་ཀྱི་ནམ་མཁའ་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་སྲུང་མའི་ཚོགས་དང་ཡུལ་ལྷ་གཞི་བདག་ལ་སོགས་པ་འཁོད། དེའི་འོག་གིས་གཞིའི་སྟེང་དུ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན་གཙོ་བོར་གྱུར་པའི། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བསྐྱེད། དེ་ནས་སྟེང་གི་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས་ཏེ་གསོལ། རང་གི་ཚོགས་རྫོགས། སྒྲིབ་པ་དག །དམ་ཚིག་ཉམས་ཆགས་བྱང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། བར་ན་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་རྣམས་ཀྱི་ལྗགས་རང་རང་གི་ཕྱག་མཚན། རྡོ་རྗེ། འཁོར་ལོ། རིན་ཆེ། པདྨ། རྒྱ་གྲམ་ལ་སོགས་པའི་རྣམ་པ་ཅན་གྱི་སྤུ་གུས་བདུད་རྩིའི་བཅུད་དྲངས་ཏེ་གསོལ། རང་གི་ཚོགས་རྫོགས་སྒྲིབ་པ་དག །དམ་ཚིག་ཉམས་ཆགས་བྱང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཔལ་མགོན་བདུན་ཅུ་རྩ་ལྔ་དང་བཅས་པ་ལ་སོགས་པ་རྣམས་ཀྱི་ལྗགས་ཉི་ཟེར་གྱི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས་ཏེ་གསོལ། རང་གི་ཚོགས་རྫོགས། སྒྲིབ་པ་དག །དམ་ཆོས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་བསེལ། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་སྤེལ་བར་བསམ། དེ་ཡར་མགྲོན་ལ་དཀར་འགྱེད་ཡིན། དེ་ནས་རང་ཉིད་དམིགས་པ་ལ་གོམས་པོ་ཡོད་ན་རང་ཉིད་མ་གཅིག་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་སེར་དམར་ལྗང་མཐིང་ག་བ་རྒྱ་སྟོང་གྲངས་མེད་པ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུ་ཞིག་སྤྲོས་ནས། དེ་དག་གིས་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྣོད་ཡེ་ཤེས་ཀྱི་ཀ་པཱ་ལ་བཅུད་ཟག་མེད་ཀྱི་བདུད་རྩིས་གང་བ་རེ་རེ་བྱིན་པས་ངོ་མས་ཤིང་ཚིམས་པར་བསམ། ཡང་རང་ཉིད་དམིགས་པ་ལ་གོམས་པོ་མེད་ན། རང་ཉིད་ཁྲོས་མར་གསལ་བའི་ཕྱག་གཡོན་པའི་ཐོད་པ་དི་ཉིད་ཀྱི་ཐོད་པའི་བདུད་རྩི་བཅུས་ཤིང་གཏོར་བས་ཁམས་གསུམ་རིགས་དྲུག་གི་གནས་སུ་བདུད་རྩི་ཆར་བབས་པ་ལ་ཐམས་ཅད་ཀྱི་འཐུང་བས་ངོམས་ཤིང་ཚིམས་པར་བསམ། དེ་ནི་མར་མགྲོན་ལ་དཀར་འགྱེད་ཡིན། ཡང་བདུད་རྩི་ཁོལ་བའི་རླངས་པ་ལས་ཡར་མཆོད་ཡུལ་ལ་མཆོད་ཡོན། ཞབས་བསིལ། མེ་ཏོག། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཕན་གདུགས། རྒྱལ་མཚན། བླ་རེ། གསེར་གྱི་འཁོར་ལོ་རྩིབས་སྟོང༌། དུང་དཀར་གཡས་སུ་འཁྱིལ་བ་ལ་སོགས་པ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་མཆོད། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་པར་བསམ། དེ་ཡར་མགྲོན་ལ་ཁྲ་འགྱེད་ཡིན། ཡང་མར་མགྲོན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཅི་ལ་ཅི་འདོད་ཀྱི་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་བབས་པས་ཐམས་ཅད་དགའ་མགུ་ཚིམས་ཤིང་ཡི་རང༌། ཁྱད་པར་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་ཐ་མ་ད་ལ་ཐུག་གི་བར་དུ། བསད་པ་ཚེ་ཐུང་བའི་ལན་ཆགས། འཕྲོག་པ་ནོར་དབུལ་བའི་ལན་ཆགས། བརྡུང་བ་ནད་མང་པའི་ལན་ཆགས། གོང་མས་བསྐྱབས་པའི་ལན་ཆགས། །འོག་མས་བཀུར་བའི་ལན་ཆགས། བར་མ་མཛའ་པའི་ལན་ཆགས། མཐོ་བ་མཁར་གྱི་ལན་ཆགས། དམའ་བས་ཞིང་གི་ལན་ཆགས། གཉེན་གྲོགས་སྲིད་སྡེའི་ལན་ཆགས། བུ་ཚ་ཕྱུགས་ཀྱི་ལན་ཆགས། བཟའ་བ་ཟས་ཀྱི་ལན་ཆགས། བགོ་བ་གོས་ཀྱི་ལན་ཆགས། བུ་ལོན་འབྲེལ་གྱི་ལན་ཆགས། ཞོ་བཞོས་པའི་ལན་ཆགས། ཁལ་བཀལ་བའི་ལན་ཆགས། རྨོ་རྨོས་པའི་ལན་ཆགས། བེད་དུ་བཅད་པའི་ལན་ཆགས་ལ་སོགས་ཚེ་ལན་སྲོག་ལན། ཤ་ལན། རུས་ལན་ཆགས་པའི་བུ་ལོན་ཤ་འཁོན་གྱི་བདག་པོ་བདག་མོ་ཐམས་ཅད་སྣོད་བཟུང་སྟེ་བུ་ལོན་བསྙག་པ་ལྟར་དུ་འདུས་པ་ལ། དེ་དག་ཐམས་ཅད་ལ་རང་རང་གང་ལ་གང་འདོད། ཅི་ལ་ཅི་འདོད། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། ལོངས་སྤྱོད་འདོད་པ་ལ་ལོངས་སྤྱོད། སྐྱེད་ཚལ་འདོད་པ་ལ་སྐྱེད་ཚལ། བཞོན་པ་འདོད་པ་ལ་བཞོན་པ། གནས་ཁང་འདོད་པ་ལ་གནས་ཁང༌། གཉེན་གྲོགས་འདོད་པ་ལ་གཉེན་གྲོགས་ལ་སོགས་འདོད་གུའི་ལོངས་སྤྱོད་ཟད་པ་མེད་པའི་གཏེར་དུ་གྱུར་ནས་ཆར་ལྟར་བབས་པ་ལ། རང་རང་གིས་ལོངས་སྤྱད་ནས་ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང༌། སྡིག་སྒྲིབ་དག །ཐམས་ཅད་ཀྱང་ངོམས་ཤིང་ཚིམས་ཏེ་དགའ་བར་བསམ། ཡང་དེ་དག་གི་ལྷག་མ་ཁས་ཞན་པ། དབང་ཆུང་བ། ཞ་བོ། ལོང་བ། འོན་པ། ལྐུགས་པ་ལ་སོགས་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱིས་གདུང་བ་ཉམ་ཐག་པ་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཀྱི་དངོས་པོ། སྐྱབས་མེད་པ་ལ་སྐྱབས། མགོན་མེད་པ་ལ་མགོན། དཔུང་གཉེན་མེད་པ་ལ་དཔུང་གཉེན། གཉེན་གྲོགས་མེད་པ་ལ་གཉེན་གྲོགས། སྲིད་སྡེ་མེད་པ་ལ་སྲིད་སྡེ། ནད་པ་ལ་གསོ་བའི་སྨན། འཆི་བ་སྤོང་བའི་བདུད་རྩི། ཞ་བོ་ལ་རྫུ་འཕྲུལ་གྱི་རྐང་པ། ལོང་བ་ལ་ཡེ་ཤེས་ཀྱི་སྤྱན། འོན་པ་ལ་ཟག་མེད་ཀྱི་རྣ་བ། ལྐུགས་པ་ལ་ཤེས་རབ་ཀྱི་ལྕེ་ལ་སོགས་པར་གྱུར་ཏེ་ལོང་སྤྱོད་པས་ཐམས་ཅད་ངོམས་ཤིང་ཚིམས། རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ། ཕོ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང། མོ་ཐམས་ཅད་རྗེ་བཙུན་འཕགས་མ་སྒྲོལ་མའི་གོ་འཕང་ཐོབ་སྟེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ། དེ་ནི་མར་མགྲོན་ལ་ཁྲ་འགྱེད་ཡིན། དེ་ལྟར་དམིགས་པ་མ་ཟིན་པར་དུ་ཨོཾ་ཨཱཿཧཱུཾ་ཁོ་ན་བརྗོད། དེ་ནས། ཕཊ྄ཿཡར་མཆོད་ཡུལ་མགྲོན་གྱི་སོགས། གཤིས་རྫོགས་པ་ཆེན་པོ་མ་བཅོས་ཨཿཞེས་བརྗོད་ཅིང༌། མཆོད་བྱ་མཆོད་བྱེད་མཆོད་ཡུལ་དང་བཅས་པ་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག སྤྱིར་གཅོད་གཞུང་རྣམས་ལས། དཀར་འགྱེད་དམར་འགྱེད་ཁྲ་འགྱེད་ནག་འགྱེད་དེ་འགྱེད་ཆེན་བཞི་བཤད་ཀྱང༌། འདིར་དཀར་འགྱེད་དང་ཁྲ་འགྱེད་གཉིས་ལས་དམར་འགྱེད་དང་ནག་འགྱེད་མེད་པ་ཡིན། ལར་ད་ལྟའི་དུས་ན་གཅོད་བྱེད་པར་རློམ་པ་རྣམས་ནས། གཅོད་ཟེར་རྒྱུ་དེ་ལྷ་འདྲེ་མ་རུངས་པ་དག་བསད་བཅད་གཏུབ་བརྡུངས་བསྐྲད་ནས་རླག་པར་བྱེད་པའི་དྲག་ཤུལ་གྱི་ལས་ཤིག་ཡིན་པར་བཟུང༌། དེས་ན་གཅོད་པ་ཟེར་བ་དེ་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཡང་ཁྲོས་འཁྲུགས་རྔམ་སྟེ་ཞེ་སྡང་དང་ང་རྒྱལ་ཁོ་ནས་དཔའ་བསྐྱེད་དེ་ཡོད་པ། གཤིན་རྗེའི་ལས་མཁན་ལྟ་བུ་ཞིག་ཡོད་དགོས་སྙམ་ཞིང་ནད་པ་སོགས་ལ་གཅོད་བྱེད་པའི་ཚེ་ཡང༌། ཁྲོས་འཁྲུགས་རྔམས་པའི་དྲག་ཤུལ་གྱི་དཔའ་བསྐྱེད་དེ་སྡང་མིག་ཕོར་བཙམ་རེ་བསྒྲད། ཁུ་ཚུར་དང་ཁ་པོ་མཉམ་རྡེག་བྱེད་ཅིང༌། རྡུང་རྡེག་སྦར་མོ་བཏབ་ནས་ནང་པའི་རྒྱབ་ལ་གྱོན་པའི་གོས་ཧྲུལ་ཡན་ཆད་གཏེད་དེ། དེས་ལྷ་འདྲེ་འདུལ་བར་རློམ་པ་འདུག་ཀྱང༌། དེ་འདྲ་བའི་ཆོས་ལུགས་དེ་ནོར་བ་ཡིན་ཏེ། མ་གཅིག་གི་ཞལ་ནས་ཀྱང༌། ཐོག་མ་མེད་པའི་དུས་ནས་ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་དེད། འཁྲུལ་སྣང་དང་སྡུག་བསྔལ་ཁོ་ན་ལ་ཁོར་མོ་ཡུག་ཏུ་སྤྱོད། ཤི་ཙ་མན་ངན་སོང་གི་གཏིང་རྡོ་ལས་འགྲོ་ས་མེད་པའི་ལྷ་འདྲེ་གདུག་པ་ཅན་དེ་དག་ངས་སྙིང་རྗེའི་ལྕགས་ཀྱུས་བཟུང་སྟེ། རང་གི་ཤ་དྲོན་མོ་དང་ཁྲག་དྲོན་མོ་ཟས་སུ་བྱིན་ནས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་སྣང་བ་བསྒྱུར་ཏེ། རང་གི་འཁོར་དུ་བསྡུ་བ་ཡིན་པ་ལ། མ་འོངས་པའི་གཅོད་མཁན་ཆེན་པོ་དེ་དག་གིས་ངའི་སྙིང་རྗེའི་ལྕགས་ཀྱུས་བཟུང་པའི་ནོར་ལྷ་འདྲེ་མ་རུངས་པ་དེ་དག་བསད་པ་དང༌། སྐྲོད་པ་དང༌། རྡུང་བར་རློམ་པ་ནི་གཅོད་ལོག་བདུད་ཀྱི་བསྟན་པ་དར་བའི་རྟགས་ཡིན་པར་གསུངས་ཤིང༌། དེ་བཞིན་དུ་ནག་པོ་དགུ་ཕྲུག་གི་གཅོད་པ་ལ་སོགས་པ་གཅོད་ལོག་ཇི་སྙིད་ཅིག་འབྱུང་པར་གསུངས་པ་ཐམས་ཅད་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བྲལ་ནས་དྲག་ཤུལ་གྱིས་ལྷ་འདྲེ་འདུལ་བར་རློམ་པ་ཁོ་ནར་འདུག་པའི་ཕྱིར་རོ། །དེ་ལྟ་བུ་དེས་འབྱུང་པོ་ཕྲ་མོ་ནུས་པ་ཆུང་བ་རེ་རེ་གཉིས་གཉིས་འདུལ་ནུས་པ་ལྟར་འདུག་རུང༌། ལྷ་འདྲེ་མ་རུངས་པ་གདུག་པ་ཅན་དག་དང་འཕྲད་ན་སླར་ལ་རང་གི་སྲོག་ལ་རྒོལ་བ་ཡང་ཡོད་དེ་དུ་མ་ཞིག་མཐོང་ཐོས་སུ་གྱུར་པས་མཚོན་ལ། ཁྱད་པར་ཆོས་རྣམ་དག་སྒྲུབ་པའི་གང་ཟག་ཅིག་ལ་འདྲེ་འདུལ་བྱིན་རླབས་ལ་སོགས་སྐྱེས་པ་ལམ་རྟགས་ཀྱི་ཡོན་ཏན་ཡིན་ནམ། བདུད་ཀྱི་བར་ཆད་ཡིན་ཤེས་དཀའ་སྟེ། ལྷ་འདྲེ་མ་རུངས་པ་དག་གིས་རྒྱུད་བརླམས་པ་ཕལ་མོ་ཆེ་མངོན་ཤེས་དང་ནུས་པ་སོགས་ཡོད་པ་ལྟར་སྣང་ཡང༌། ཕུགས་སུ་ཡང་དག་པའི་ཆོས་དང་ཇེ་འགལ་ལ་འགྲོ་ཞིང་མཐར་དགེ་སེམས་ཏིལ་གྱི་འབྲུ་ཙམ་ཡང་མེད་པར་འགྱུར། དཀོར་རྣམ་སྨིན་གྱི་བུ་ལོན་རི་བོ་ཙམ་ཞིག་གི་ཁུར་གྱིས་ནོན་ཀྱང༌། རྙེད་པས་ཚེ་འདི་ཙམ་ལ་ཡང་ཕན་མི་འདོགས་པར་མཐར་འཚོ་བའི་ཟས་གོས་ཙམ་ཡང་མི་རྙེད་པའམ། མི་བྲ་བར་གྱུར་ནས་འཆི་བ་དེ་དག་ནི། སྔར་བཤད་པ་ལྟར་ཉི་ཚེ་བའི་དམྱལ་གནས་ལ་སོགས་པར་སྐྱེ་བར་ངེས་པ་ཡིན་ནོ། །དེས་ན་གཅོད་པས་འདུལ་རྒྱུའི་ལྷ་འདྲེ་ནི། ཕྱི་ན་སུ་ཡང་མེད་པར་ནང་ན་ཡོད་དེ། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་སུ་སྣང་བ་དེ་ཐམས་ཅད་ཀྱང་ནང་ང་དང་བདག་ཏུ་འཛིན་པའི་སྙེམས་བྱེད་ཀྱི་རྩ་བ་མ་ཆོད་པ་ལས་བྱུང་བ་ཡིན་ཏེ། མ་གཅིག་གི་ཞལ་ནས་ཀྱང༌། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་ཐུག །ཅེས་གསུངས། དེས་ན་འདྲེ་ཞེས་བྱ་བ་བདག་འཛིན་སྙེམས་བྱེད་ཀྱི་བདུད་ཡིན་ལ། དེ་ཡང་གཞན་དུ། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ཟེར།

ཞེས་བྱ་སྟེ།
རྗེ་མི་ལས་བྲག་སྲིན་མོ་ལ་གསུངས་པ་ལས་ཀྱང༌། འདྲེ་ཁྱོད་ལས་ཐུ་བ་ངར་འཛིན་ཡིན།
།འདྲི་ཁྱོད་ལས་མང་བ་འདུ་ཤེས་ཡིན། །འདྲེ་ཁྱོད་ལས་ལངས་ཤོར་རྣམ་རྟོག་ཡིན།


།ཞེས་སོགས་གསུངས། དེ་བཞིན་དུ་གཅོད་ཀྱི་དབྱེ་བ་གསུངས་པ་ཡང༌།
གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད།
།ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ།

།ཞེས་གསུངས། དེས་ན་གཅོད་བྱེད་པས་ཐམས་ཅད་ཀྱང་མ་རིགས་པ་དང་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་བདག་འཛིན་རྩད་ནས་གཅོད་པ་ལ། ཉག་ཅིག་རྩད་ནས་གཅོད་པ་དོན་གྱི་གཅོད་ཅེས་བྱ་བ་ཡིན་པས། དེ་མ་བཅད་བར་ཕྱི་འཁྲུལ་སྣང་གི་འདྲེ་བསད་པས་མི་སོང༌། བརྡུང་བས་མི་ཐུབ། མནན་པས་མི་ནོན། བསྐྲད་པས་མི་འགྲོ་སྟེ། དཔེར་ན་མེ་མ་སྤངས་པར་དུ་བ་སྤང་དུ་མི་ནུས་པ་ལྟར་ནང་སྙེམས་བྱེད་ཀྱི་རྩ་བ་མཆོད་པར་དེའི་རྩལ་ལས་བྱུང་བའི་ཕྱི་འཕྲུལ་སྣང་གི་ལྷ་འདྲེ་མེད་པར་བྱེད་མི་ནུས་ཏེ། བྲག་སྲིན་མོས་ཀྱང༌། རྗེ་བཙུན་ལ། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །ཞེས་སོགས་ཞུས་པ་ལྟར་དང༌།

རྗེ་བཙུན་གྱི་ཞལ་ནས་ཀྱང༌། འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན།
།འདྲེ་སེམས་སུ་ཤེས་ན་གྲོལ་པ་ཡིན། །འདྲེ་སྟོང་པར་རྟོགས་ན་ཆོད་པ་ཡིན།


།ཞེས་དང༌།
གདོན་གནོད་སྦྱིན་ཕོ་མོའི་སྣང་པ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ།
།ཐོ་འཚམས་པར་དུ་གཅོད་པར་བྱེད། །རྟོགས་ན་བདུད་ཀྱང་ལྷ་ཡིན་ཏེ།
།དངོས་གྲུབ་ཐམས་ཅད་ཁྱོད་ལས་འབྱུང༌།


།ཞེས་སོགས་གསུངས་པ་ལྟར། ནང་འདྲེར་འཛིན་གྱི་རྟོག་པ་རྩད་ནས་གཅོད་པ་ལ་གཅོད་གསུངས་པ་ཡིན་གྱི། འདྲེ་གསོད་པ་མིན། འདྲེ་དུང་བ་མིན། འདྲེ་བསྐྲད་པ་མིན། འདྲེ་མནན་པ་མིན། འདྲེ་རླག་པ་མིན། དེས་ན་གཅད་བྱ་ཕྱི་ན་མེད་དེ་ནང་ན་ཡོད་པ་ཤེས་པར་བྱ་དགོས་སོ། །ལར་ཆོས་གཞན་ཕལ་ཆེ་བའི་ལུགས་ལ་ཕྲིན་ལས་ཀྱི་རྣོ་སོ། དྲག་ཤུལ་གྱི་ནུས་མཐུ། མདའ་རྩེ་མདུང་རྩེ་ཐམས་ཅད་ཕྱིར་ལ་བསྐོར་ནས་ཕྱི་དགྲ་བགེགས་ཀྱི་སྟེང་དུ་ཕྲིན་ལས་སྟོན་པ་ཡིན་ཀྱང༌། རང་རེའི་ཆོས་ལུགས་འདི་ལ། རྗེ་བཙུན་མི་ལའི་ཞལ་ནས་ཀྱང༌། ངའི་ཆོས་ལུགས་འདི་བདག་འཛིན་རྩད་ནས་བཅད་དེ་ཆོས་བརྒྱུད་རླུང་ལ་བསྐུར་ནས་བདུད་བཞི་ཁ་སྐྱེངས་སུ་འཇུག་པའི་ཆོས་ལུགས་ཡིན་གསུངས་པ་ལྟར། ཉམས་སུ་བླངས་ཚད་ཀྱི་ཁ་ནང་ལ་ལོག་ནས་ནང་ངར་འཛིན་གྱི་སྟེང་དུ་མཐུ་རྩལ་ནུས་པ་ཐམས་ཅད་ཡོད་དགུ་རྩལ་སྤྲུགས་སུ་བྱེད་པ་ཡིན། དེས་ན་སྲུངས་ཤིག་སྐྱོབས་ཤིག་བརྒྱ་ཟེར་བ་ལས་ཀྱང༌། ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། ལྷ་སྲུང་བརྒྱར་མདར་སྦྲན་པ་ལས་ཀྱང༌། ལྷ་འདྲེར་བརྒྱར་ཟ་འཇུག་པ་དགའ་སྟེ།

ཇི་སྐད་དུ།
ནད་པ་འདྲེ་ལ་གཏད་པ་ཡིན། །སྐྱེལ་མ་དགྲ་ལ་བཅོལ་བ་ཡིན།
སྲུངས་ཤིག་སྐྱོབས་ཤིག་བརྒྱ་ལས་ཀྱང༌། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ།
།ཨ་མ་ཇོ་མོའི་ཆོས་ལུགས་ཡིན།


།ཞེས་གསུངས། དེས་ན་ནང་འདྲེར་འཛིན་གྱི་རྩ་བ་བཅད་ན་སྣང་བ་དག་པར་ཤར་ནས་བདུད་རིགས་ཆོས་སྐྱོང་དུ་གནས་འགྱུར། ཆོས་སྐྱོང་སྤྲུལ་སྐུར་ཞལ་བསྐྱུར་བ་ཞེས་བྱ་བ་དེ་འབྱུང་བ་ཡིན་པ་ལ། དེ་ལྟར་མ་ཤེས་པར་ད་ལྟ་གཅོད་བྱེད་པར་རློམ་པ་རྣམས་ནས་ལྷ་འདྲེ་ཕྱི་ན་ཡོད་པར་བསམས་ཏེ། རྟག་ཏུ་འདྲེར་འཛིན་གྱི་སྣང་བ་དང་མ་བྲལ་བར་བསྡད་པས་སྣང་བ་ཐམས་ཅད་འདྲེ་དང་རྒྱལ་འགོང་དུ་ཤར་ཏེ། རང་ཉིད་ཀྱང་བློ་སོས་མི་དལ་ཞིང༌། གཞན་ལ་ཡང་ཕུ་ཡ་ཀི་ན་འདྲེ། མདའ་མ་ཀི་ན་འདྲེ། འདྲེ་དེ་རེད། བདུད་དེ་རེད། བཙན་དེ་རེད་ངས་རིག་ཡོད། ངས་བཟུང་ཡོད། ངས་བསད་ཡོད། ཁྱོད་ལ་འཇབ་ཀྱིན་འདུག །ངས་བསྐྲད་ཡོད། ཕྱི་མིག་གཅིག་བལྟས་བྱུང༌། ཟེར་བ་ལ་སོགས་རྫུན་གྱི་མགོ་སྐོར་ཁོ་ན་གཏོང་ཞིང་ཕོ་བྱས་བྱས་མོའི་དཔའ་སྐད་འདོན། དེ་ཙ་ན་ལྷ་འདྲེ་དང་ཡི་དྭགས་རྣམ་ཀྱིས་ཀྱང་དེའི་རྒྱུས་ལོན་ཏེ། དེ་གར་སོང་དུ་འགྲོ་ཞིང༌། བུད་མེད་བླ་ཡངས་མ་ལ་སོགས་པ་རྣམས་ཀྱི་རྒྱུད་ལ་བརླམས་ཏེ། ང་ལྷ་ཡིན། ང་འདྲེ་ཡིན། ང་ཤི་པོ་ཡིན། ང་ཁྱོད་ཀྱི་ཕ་རྒན་ཡིན། མ་རྒན་ཡིན་བྱ་བ་ལ་སོགས་པ་བདེན་བདེན་དང༌། ཡིན་ཡིན་མོ་དུ་མ་བཤད། ཁ་ཅིག་ཏུ་ང་ལྷ་ཡིན། ང་ཆོས་སྐྱོང་ཡིན། ང་དམ་ཅན་ཡིན་ལ་སོགས་པ་ཟེར་ཞིང་རྫུན་ལུང་དང་མངོན་ཤེས་དུ་མ་སྒྲོགས་པར་བྱེད་དེ། འདྲེས་བླ་མ་མགོ་གཡོགས། བླ་མས་ཡོན་བདག་མགོ་གཡོགས་པ་ནི། འཇིག་རྟེན་པའི་ཁ་སྐད་ལ། ཕ་མགོ་བུས་གཡོགས་བུ་མགོ་དགྲས་གཡོགས་ཟེར་བ་ལྟར། སྙིགས་མའི་རང་རྟགས་མངོན་དུ་གྱུར་ནས། རྒྱལ་ཁམས་བདུད་ཀྱི་དབང་བྱེད་པ་ཡིན་ཏེ།

ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས།
སྙིགས་མའི་དུས་ན་སྐྱེས་པའི་སྙིང་ལ་ཕོ་འདྲེ་འཇུག །བུད་མེད་སྙིག་ལ་མོ་འདྲེ་འཇུག
།བྱིས་པའི་སྙིང་ལ་ཐེའུ་རང་འཇུག །བཙུན་པའི་སྙིང་ལ་དམ་སྲིད་འཇུག
།བོད་མི་རེའི་སྙིང་ལ་འདྲེ་རེ་འཇུག


།ཅེས་པ་ལྟར་དང༌།
ཐེའུ་རང་ལྷ་རུ་མཐོང་བའི་དུས་བོད་སྡུག་པའི་དུས་ལ་བབས་པ་ཡིན།


ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་པ་ཡིན་ནོ། དེས་ན་ཕྱི་འཁྲུལ་སྣང་ལྷ་འདྲེ་བགེགས་ཀྱི་རྣམ་པ་ལྟར་སྣང་བ་ལ་བདེན་བདེན་དང་ཡིན་ཡིན་གྱི་རྒྱབ་སྐྱུར་མི་བྱ་བར། ཐམས་ཅད་ཀྱང་རྨི་ལམ་དང་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་རྩལ་སྦྱང༌། གནས་སྐབས་སུ་གནོད་བྱ་དང་གནོད་བྱེད་ལྟར་སྣང་བའི་ལྷ་འདྲེ་དང་ནད་པ་གཉིས་ཀ་ཡང༌། ལས་ངན་དང་འཁྲུལ་སྣང་གི་རྒྱུ་ལས་བྱུང་ཞིང་གནོད་བྱ་དང་གནོད་བྱེད་དུ་འབྲེལ་པ་ཡིན་པས་ན་ཉེ་རིང་དང་ཆགས་སྡང་མི་བྱ་བར། གཉིས་ཀ་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། རང་གི་གཅེས་འཛིན་དང་བདག་འཛིན་རྩ་བ་ནས་བཅད་དེ་ལུས་སྲོག་ཕོངས་པ་མེད་པར་ལྷ་འདྲེའི་གཟན་དུ་སྟེར། རྒྱུད་ཞེ་སྡང་དང་གདུག་རྩུབ་ཞི་སྟེ་ཤེས་རྒྱུད་དམ་པའི་ཆོས་ལ་འཁོལ་བའི་ཆོས་བཤད་དང་སྨོན་ལམ་ལ་སོགས་པ་སྙིང་ཐག་པ་ནས་བྱེད། མཐར་ཐུག་གནོད་བྱ་དང་གནོད་བྱེད། ལྷར་སྣང་དང་འདྲེར་སྣང། བདག་གཞན་གཉིས་སུ་འཛིན་པའི་རེ་དོགས་དང་ཆགས་སྡང༌། བཟང་ངན་དང་དགའ་སྡུག་གི་རྟོག་པ་ཐམས་ཅད་རྩ་གདར་བཅད་དེ།

ཇི་སྐད་དུ།
ལྷ་མེད་འདྲེ་མེད་ལྟ་བའི་གདིང༌། །ཡེངས་མེད་འཛིན་མེད་སྒོམ་པའི་གནད།
།བླང་མེད་དོར་མེད་སྤྱོད་པའི་གནད། །རེ་མེད་དོགས་མེད་འབྲས་བུའི་གནད།


།ཟེར་བ་ལྟར། གཅད་བྱ་གཅོད་བྱེད་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་གདལ་ན། ནང་སྙེམས་བྱེད་གདོན་གྱི་རྩ་བ་ཆོད་དེ་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་འགྱུར་བ་ཡིན་ནོ། བདག་མེད་གོ་ཡུལ་ཡོད་ཀྱང་བདག་རྟོག་རགས། །གཉིས་འཛིན་སྤོང་བློ་བྱས་ཀྱང་རེ་དོགས་ལྡངས། བདག་དང་བདག་འདྲ་བདག་ལྟའི་སེམས་ཅན་རྣམས། །བདག་མེད་གནས་ལུགས་རྟོགས་པར་བྱིན་གྱི་རློབས། །ཚོགས་བསགས་པ་མཎྜལ་གྱི་ཁྲིད་དོ།། །།



དང་པོ་བླ་མ་མཆོག་བསྟེན་བཀའ་བཞིན་བསྒྲུབས། །བར་དུ་དཀའ་བ་སྤྱད་དེ་ཉམས་སུ་བླངས༌།
།ཐ་མ་དགོངས་པ་དབྱེར་མེད་བརྒྱད་སྲོལ་ཟིན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ།
།དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིན། དེ་ཡང་སྤྱིར་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་ན། དང་པོར་མཚན་ཉིད་ཐམས་ཅད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་བཙལ་ཏེ། དེས་ཅི་གསོང་སྒྲུབ་པ་དང་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་སྙིང་ཐག་པ་ནས་གསོལ་བ་འདེབས་པ་ནི་གལ་ཆེ་སྟེ། མདོ་ལས་ཀྱང༌། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་གསུངས།

དེ་བཞིན་དུ་ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས་ཀྱང༌།
གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན།
།གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན།
།བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བརམཛོད།
།ཅེས་དང༌། དགེ་བཤེས་ཁ་རག་སྒོམ་ཆུང་གི་ཞལ་ནས།
བླ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་བྱེད་པ་པོར་ངོ་ཤེས་དགོས་ཞེས་དང༌། སྡེ་སྣོད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་མེད། ཅེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཐམས་ཅད་ནི། བླ་མ་ཁོ་ན་གལ་ཆེ་བ་ཡིན་པས། བླ་མའི་རྣལ་འབྱོར་སྒོམ་པ་ཡང་རྒྱུད་སྡེ་ཐམས་ཅད་ནས་གསུངས་ཤིང༌། དེ་ཉིད་བསྐྱེད་རྫོགས་སྒོམ་པ་ཐམས་ཅད་ལས་ཀྱང་ལྷག་པར་གསུངས་ཏེ།
རྒྱུད་ལས།
གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས།
།བླ་མ་སྐད་ཅིག་དྲན་པ་མཆོག

།ཅེས་གསུངས། ཡར་དགོས་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ཐེག་པ་འདི་ལས་ནི། ཐེག་པ་འོག་མ་ལྟར་རྟོག་སྤྱོད་དང་གཏན་ཚིགས་ལ་སོགས་པའི་སྒོ་ནས་ཟབ་མོའི་དོན་གཏན་ལ་འབེབས་པ་ཡང་མ་གསུངས། རྒྱུད་སྡེ་འོག་མ་ལྟར་ཐུན་མོང་གི་དངོས་གྲུབ་ལ་བརྟེན་ནས་མཐར་ཐུག་མཆོག་ལ་སྦྱོར་བར་ཡང་མ་གསུངས། རྒྱུད་སྡེ་གོང་མ་གཞན་ལྟར་དབང་གསུམ་པའི་ཡེ་ཤེས་ལ་བརྟེན་ནས་དན་གྱི་ཡེ་ཤེས་ངོ་སྤྲོད་པ་ཡང་རྩ་ལ་དུ་བཏོན་ནས་མ་གསུངས་ཏེ། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པའི་རྟོགས་པ་མཆོག་ལྡན་གྱི་བླ་མ་ཁོ་ན་ལ། སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ཡིད་ཁྱེད་ཤེས་ཀྱིས་མོས་གུས་དྲག་པོས་གསོལ་བ་འདེབས་པ་ལ་བརྟེན་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་རྟོགས་པ་རྒྱུད་ལ་སྐྱེ་བར་བཞེད་པ་ཡིན་ཏེ་སྔར་དྲངས་པ་ལྟར། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང༌། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང༌། ས་ར་ཧས་ཀྱང༌། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་གསུངས། དེ་བཞིན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་སྒྱུ་མ་ངལ་གསོ་ལས་ཀྱང༌། བསྐྱེད་རིམ་དང་རྫོགས་རིམ་སྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་གྱི་ངོ་བོ་དེས་མི་གྲོལ་ཏེ། དེ་ཡང་སྤྱོད་པ་དང་བོགས་འདོན་སོགས་ལ་བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ངོ་བོ་འདི་ཁོ་ནས་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན། ལམ་ཐམས་ཅད་ལས་བླ་མའི་རྣལ་འབྱོར་ཟབ་པ་ཡིན། །ཞེས་གསུངས། དེ་སྐད་དུ།

དམ་ཚིག་བཀོད་པའི་རྒྱུད་ལས་ཀྱང༌། །མཚན་དང་དཔེ་བྱད་ལྡན་པའི་ལྷ།
།བསྐལ་པ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག
།བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག་ཅེས་དང༌།


ཨ་ཏི་བཀོད་པ་ལས།
དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ།
།ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང༌།
།གང་ཟག་དེ་ཡིས་འཛིན་པར་འགྱུར།


།ཞེས་དང༌། རྗེ་རྒོད་ཚང་བའི་ཞལ་ནས།
བླ་མའི་རྣལ་འབྱོར་བསྒོམ་པ་ན། །སྐྱོན་ཟད་ཡོན་ཏན་རྫོགས་པར་འགྱུར།


ཞེས་དང༌།
བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང༌། །བླ་མ་སྒོམ་པའི་གོང་ན་མེད།
།རྫོགས་རིམ་བསྒོམ་པ་མང་ལགས་ཀྱང༌། །བློ་ཁེལ་ལིང་བསྐྱུར་གོང་ན་མེད།


།ཅེས་གསུངས། དེ་བཞིན་དུ་འབྲི་གུང་སྐྱོབ་པའི་རིན་པོ་ཆེས་ཀྱང༌།
བ་ལམ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན།
།བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད།


།ཅེས་དང༌། རྗེ་བཙུན་རང་རིག་རས་པའི་ཞལ་ནས་ཀྱང༌།
རྗེ་ལ་གསོལ་བ་མི་འདེབས་པའི། །མི་རྟོག་ཡེ་ཤེས་འདོད་པ་དེ།
།བྱང་བསྟན་ཕུག་པར་ཉི་སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ལ་མེད།


།ཅེས་གསུངས། དེས་གནས་ལུགས་མ་བཅོས་པའི་རྟོགས་པ་རྒྱུད་ལ་སྐྱེ་བ་ནི། མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་རྒྱུད་ལ་སྐྱེ་བ་མ་གཏོགས་ཐབས་གཞན་གང་གིས་ཀྱང་རྟོགས་མི་ནུས་པས་ན། རྗེ་ནཱ་རོ་པ་ཡང༌། ཐེག་པ་གསུམ་ལ་མཁས་པའི་པཎྜི་ཏར་གྱུར། མུ་སྟེགས་ཀྱི་རྒོལ་བ་ཐབས་ཅད་ཚར་བཅད་དེ། བི་ཀྲ་མ་ཤཱི་ལའི་བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་པའི་དུས་སུ་ཡང༌། ཡེ་ཤེས་ཀྱི་མཁའ་འགྲོ་མས་ཁྱོད་ཚིག་ལ་མཁས་པ་ཡིན་གྱི། དོན་ལ་མཁས་པ་མ་ཡིན་པས་ན། ད་དུང་ཡང་བླ་མ་བསྟེན་དགོས་སོ་ཞེས་ལུང་བསྟན་པ་ལྟར། དཀའ་བ་དུ་མའི་སྒོ་ནས་ཏེ་ལོ་པ་བསྟེན་པའི་ཚེ། ཏེ་ལོ་པའི་ཞལ་ནས། འདི་ཙམ་བསྟན་ཡང་མི་གོ་བ་ཞེས་གསུངས་ཏེ་མཆིལ་ལྷམ་གྱིས་དཔྲལ་བར་བསྣུན་པས་གནས་ལུགས་ཀྱི་རྟོགས་པ་སྐྱེས་ཏེ་བླ་མ་དང་དགོངས་པ་མཉམ་པར་གྱུར་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ངར་སྣབས་ཅིག་དོར་བ་ཀླུའི་བྱང་ཆུབ་ཀྱིས་ཙེན་གྱིས་བླངས་ནས་ལོངས་སྤྱད་པས་མཆོག་གི་དངོས་གྲུབ་ཏོབ་པར་བཤད་པ་དང༌།

དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས་ཀྱང༌།
ཁོ་བོས་ཀྱང་རྒྱལ་བ་གཉིས་པའི་གསུང་རབ་མཐོང་ནས། སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ཏེ་ཕུར་ཚུགས་སུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་རང་བྱུང་གི་རྟོགས་པ་རྒྱུད་ལ་སྐྱེས། དུས་དེ་ནས་བཟུང་སྟེ་ཞུ་བ་པོ་བརྒྱ་ཕྲག་ཐལ་བ་ལ་ཁྲིད་བཏབ་པ་ཡིན་ཏེ། བརྩོན་འགྲུས་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མ་འཕར། ཤེས་རབ་ཅན་རྟོག་དཔྱོད་ཀྱི་ཕྱོགས་སུ་འཆོར། དོན་དམ་པའི་རྟོགས་ཚུལ་མོས་གུས་ཀྱི་སྲང་ལ་ཐེབ་པ་ཤ་སྟག་བྱུང་ངོ༌།


།ཞེས་གསུངས། དེ་བཞིན་དུ་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཙ་བའི་རོང་དུ་སྤྱུགས་པའི་ཚེ། སྤྲང་རྒན་མི་ཕམ་མགོན་པོ་ཞེས་བྱ་བ་རྒན་པོ་ལོ་བརྒྱད་ཅུ་འགྲོ་བ་ཤིན་ཏུ་རྒས་ཤིང་འཁོགས་པ་ཞིག་ལ། སྒོམ་ཐག་ལུས་ལ་བཅིངས། སྒོམ་རྟེན་སྐེད་ལ་བཙུགས་ཏེ་བྱིན་རླབས་བླ་མའི་ལམ་ཁྱེར་འདི་བསྟན་པས། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་མ་ནོར་བ་རྒྱུང་ལ་སྐྱེས་ཏེ་ལུས་རྡུལ་ཕྲན་དུ་དེངས་ནས་སངས་རྒྱས་པ་སོགས་ཡིན་པས། འདི་ལས་ལྷག་པའི་ཟབ་ལམ་ནི་ཐེག་པ་རིམ་པ་དགུའི་ཆོས་ཞལ་བསྡུར་ཀྱང་མི་རྙེད་དེ་མིང་དུ་སྔོན་འགྲོར་བཏགས་ཀྱང༌། དོན་དུ་དངོས་གཞིའི་ལམ་ཐམས་ཅད་ཀྱི་གནད་འགག་མཐར་ཐུག་པ་དེ་ཡིན་པས། དུས་དང་ཐམས་ཅད་དུ་འདི་ཁོ་ན་ལ་ཉམས་ལེན་གྱི་མཐིལ་བཅོས་ན། ཉམས་ལེན་གཞན་ཅི་ཡང་མེད་ཀྱང་རུང་བ་ཡིན་པས་སྙིང་ཐག་པ་ནས་འབད་པ་ཅི་ནས་ཀྱང་གལ་ཆེའོ། །དེ་ལྟ་བུའི་ཟབ་ལམ་བླ་མའི་རྣལ་འབྱོར་དེ་ཉིད་ཉམས་སུ་བླང་བ་ལ་དོན་གསུམ་སྟེ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། ཕུར་ཚུགས་སུ་གསོལ་བ་གདབ་པ་ལས།



དང་པོ་ཚོགས་ཞིང་གསལ་འདེབས་པ་ནི། ཞིང་ཁམས་སྦྱོང་བ་སེམས་སྟོབས་ཆེན་པོའི་སྤྱོད་ཡུལ་ཡིན་པས་སྣང་བས་གར་ཁྱབ་ཐམས་ཅད་པདྨ་འོད་ཀྱི་ཕོ་བྲང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། རང་ཉིད་དབང་གི་སྣོད་དུ་རུང་བ་དང༌། བདེ་སྟོང་གི་ཡེ་ཤེས་སྐྱེད་པ་དང༌། རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་ལས། ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ། རྣམ་པ་རྗེས་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བླ་མའི་ཐུགས་ཀར་རིངས་པའི་ཚུལ་གྱིས་གཟིགས་པ། དེ་ཡང་རིངས་པའི་ཚུལ་ཟེར་བ་དེ་བླ་མ་མཇལ་བ་ལ་གཅིག་ཏུ་དགའ་བའི་བྲེལ་ལངས་པ་ལྟ་བུའི་རྣམ་འགྱུར་ལ་ཟེར་བ་ཡིན། ཕྱག་གཡས་ན་མ་རིག་གཏི་མུག་གི་གཉིད་ལས་སློང་བར་བྱེད་པའི་ཐོད་པའི་ཌ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། གཡོན་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུར་བརྟེན་པ། སྐུ་གཅེར་མོ་རུས་པའི་རྒྱན་ཅན་མེ་ཏོག་གི་ཆུན་འཕྱང་ཅན་སྣང་ལ་རང་བཞིན་མེད་པ་ནམ་མཁར་འཇའ་ཚོན་ཤར་བ་ལྟ་བུ་ཞིག་བསྒོམ། དེའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་བའི་པདྨ་འདབ་མ་འབུམ་བརྡལ་ཞིག་བསྒོམ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་ལ་དམར་པའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་ཞུགས་པ། སྐུ་ལ་ཟ་བེར་ཆོས་གོས་ཕོད་ཀ་གསོལ་བ། དབུ་ལ་པད་ཞུ་མནབས་པ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ་འདི་ལ་མི་འདྲ་བ་གསུམ་ཡོད་དེ། ཨོ་རྒྱན་སངས་རྒྱས་གཉིས་པ་དེ་ཉིད་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལས་ཕ་ཡི་རྒྱུ་ལས་མ་བསྐྱེད། མ་ཡི་རྐྱེན་ལས་མ་གྲུབ། པདྨ་གེ་སར་གྱི་ལྡོང་པོ་རིག་པ་ཐོལ་སྐྱེས་སུ་འཁྲུངས་སྣང་སྲིད་གཞིར་བཞེངས་སུ་རྟོགས་དུས། མཁའ་འགྲོ་མ་རྣམས་ཀྱིས་རིགས་བདག་གི་ཚུལ་དུ་གསོལ་བ་ལ་པདྨ་ཁ་འབུས་ཞེས་བྱ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། སྤྱོད་པ་ལེགས་ཉེས་ཀྱི་མཐའ་སྟོང་པའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱིས་ཆེ་རྟགས་ཀྱི་ཚུལ་དུ་གསོལ་བ་ལ་ཤ་བའི་མཉེན་ཞུ་ཞེས་བྱ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱིས་གསོན་བསྲེགས་མཛད་པའི་ཚེ། རྡོ་རྗེའི་སྐུ་ལ་འབྱུང་བ་མེ་ཡིག་གནོད་པས་མཚུགས་ཏེ་ངོ་མཚར་པདྨའི་དབུས་ན་སྐུ་གཅེར་བུ་གྲང་གྲང་བསིལ་བསིལ་ལྟར་བཞུགས་པའི་ཚེ། རྒྱལ་པོ་ངོ་མཚར་དང་དད་པ་སྐྱེས་ནས། ཟ་འོག་བེར་མཛོད་གསར་པའི་སྒོ་ཕྱེས་ལ། །ང་ཡི་ཞྭ་གོས་ཐམས་ཅད་ཁྱེར་ལ་ཤོག །ཅེས་ཟེར་ཏེ་སྐུ་ཆས་ཐམས་ཅད་དང་རྒྱལ་སྲིད་འབངས་འཁོར་དང་བཅས་པ་འབུལ་དུས་ཀྱི་དབུ་ཞྭ་དེ་ལ་པདྨ་མཐོང་གྲོལ་ཟེར་བ་ལས། འདིར་པདྨ་མཐོང་གྲོལ་ལམ་འདབ་ལྡན་རིགས་ལྔ་འདི་ཉིད་ཡིན་ཏེ། དེ་ཡང་བསྐྱེད་རྫོགས་ཟུང་འཇུག་མཚོན་པས་ཕྱི་ནང་རིམ་པ་གཉིས། སྐུ་གསུམ་མཚོན་པས་ཡར་རྫེ་གསུམ། སྐུ་ལྔའི་འགྲོ་དོན་མཛད་པ་མཚོན་པས་ཁ་དོག་ལྔ། ཐབས་དང་ཤེས་རབ་མཚོན་པས་ཉི་མ་དང་ཟླ་བ། དམ་ཚིག་ལ་མུ་མཐའ་མེད་པས་མུ་ཁྱུད་མཐིང་ག །ཏིང་ངེ་འཛིན་གཡོ་འགུལ་མེད་པས་རྡོ་རྗེའི་ཏོག །ལྟ་བའི་ཡང་རྩེ་རྟོགས་ཤིང་སྒྲུབ་པ་མཐའ་རུ་ཕྱིན་པས་རྒོད་ཀྱི་རྩེ་སྒྲོས་བརྒྱན་པ། དེ་ལྟ་བུ་ཞིག་ཡིན། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་སྡིགས་མཛུབ་ཀྱིས་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་དང་བཅས་པའི་འཛིན་པ། མཚན་ཁུང་གཡོན་ན་ཡུམ་ལྷ་ལྕམ་མཁའ་འགྲོའི་དབང་ཕྱུག་སྦས་པའི་ཚུལ་གྱི་ཁ་ཊྭཱཾ་ག་འཛིན་པ། ཁ་ཊྭཱཾ་དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་པའི་ཡར་རྩེ་གསུམ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མཚོན་པའི་ཐོད་པ་སྐམ་རློན་རྙིང་གསུམ། ཐེག་པ་རིམ་པ་དགུ་མཚོན་པའི་ར་ལ་ལྕགས་ལུང་དགུ། ཡེ་ཤེས་ལྔ་མཚོན་ཕྱིར་དར་ཚོན་སྣ་ལྔ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་མ་མོ་དང་མཁའ་འགྲོ་དབང་དུ་བསྡུས་པའི་བརྡར་ཤི་སྐྲ་དང་གསོན་སྐྲ་ལ་སོགས་པས་བརྒྱན་པ་དེ་ལྟ་བུ་ཞིག་གསལ་བཏབ། དེའི་མཐའ་སྐོར་དུ་ལྔའི་དྲ་བ་མིག་མང་རིས་སུ་ཤར་བའི་ནང་ཁོང་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་ན། རྒྱ་གར་གྱི་རིག་འཛིན་བརྒྱད་བོད་ཀྱི་རྗེ་འབངས་ཉེར་ལྔ་ལ་སོགས་རྩ་གསུམ་དམ་ཅན་རྒྱ་མཚོ་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བ་ཞིག་གསལ་གདབ། སྤྱིར་བླ་མའི་རྣལ་འབྱོར་བསྒོམ་པ་འདི་ལ་སྒོམ་ལུགས་མི་འདྲ་བ་གསུམ་ཡོད་པ་ལས། སྐྱབས་འགྲོའི་དུས་ཚོགས་ཞིང་དེ་བླ་མ་ཐོ་བརྩེགས་སུ་བསྒོམ་པར་བྱ་བ་ཡིན་ཏེ། ཨོ་རྒྱན་ཆེན་པོའི་དབུ་གཙུག་ན་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་གསལ་འདེབས་པ་ཡིན། རྡོར་སེམས་སྒོམ་བཟླས་ཀྱི་དུས་ཀྱི་དེ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པར་བྱ་བ་ཡིན་ཏེ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའ་གཅིག་ལ་འདུས་པར་སྒོམ་པ་ཡིན། བླ་མའི་རྣལ་འབྱོར་གྱི་སྐབས་ཀྱི་འདི་བླ་མ་ཁྲོམ་ཚོགས་སུ་སྒོམ་པར་བྱ་བ་ཡིན་ཏེ། རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་དང༌། རྩ་གསུམ་དམ་ཅན་རྒྱ་མཚོ་ཐམས་ཅད་ཨོ་རྒྱན་ཆེན་པོའི་སྐུའི་མཐའ་སྐོར་ན་ཁྲོམ་ཚོགས་པ་ལྟར་བཞུགས་པ་ཡིན། དེ་ནས། ཨེ་མ་ཧོ། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང༌། །སོགས་ནས། གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཞེས་ཚིག་དོན་འབྲེལ་ཆགས་པར་གསལ་བཏབ་ལ། དེ་ནས་མོས་གུས་ཀྱི་གདུང་བ་དྲག་པོ་བསྐྱེད་དེ། ཧཱུྃ། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། སོགས་ནས། གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བརྗོད་མ་ཐག་ཏུ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དངོས་སུ་བྱོན་ཏེ། རང་གིས་བསྐྱེད་པའི་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སུ་མེད་པར་ཐིམ་པར་བསམ།



གཉིས་པ་ཡན་ལག་བདུན་པ་འབུལ་བ་ནི། འདི་ལྟར་རྡོ་རྗེ་ཐེག་པའི་ལམ་ཐབས་མང་བ་དང༌། དཀའ་བ་མེད་པ་དང༌། དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པས། སེམས་སྟོབས་ཆེན་པས་ཚོགས་བསགས་པ་ལ་རྒྱུན་ཆགས་སུ་བསླབས་པས། ཕ་རོག་ཏུ་ཕྱིན་པའི་བསྐལ་པ་ཆེན་པོའི་ཚོགས་འདིར་སྐད་ཅིག་མ་ལ་འདུན་ནས་ཚེ་གཅིག་ལ་སོགས་པར་གྲོལ་བ་ཡིན་ནོ། །དེའི་ཕྱིར་གསང་བ་བླ་ན་མེད་པའི་ཚོགས་ཞིང་གི་རབ་དང་ཕུལ་ཏུ་གྱུར་པ་ཡང་རྡོ་རྗེ་སློབ་དཔོན་ཉག་གཅིག་ཏུ་ངེས་པས་བླ་མའི་རྣལ་འབྱོར་དང་རྗེ་སུ་འབྲེལ་བར་བྱུང་ལ། དེ་ལ་ཚོགས་གསོག་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་དུ་འདུ་པ་ལས།

དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་ནི། རང་གི་ལུས་བརྒྱ་སྟོང་གྲངས་མེད་པ་ཞིང་གི་རྡུལ་གྱི་གྲངས་སྙེད་ཅིག་སྤྲུལ་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་རང་དང་ལྷན་དུ་ཕྱག་འཚལ་བར་བསམ་ཞིང༌། ཧྲཱིཿབདག་ལུས་ཞིང་གི་རྡུལ་སྙེད་དུ། །རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ། །ཞེས་བརྗོད། དེ་ཡང་སྤྱིར་ཁྲིད་སྦྱང་འབུམ་ལྔ་མ་ཚང་ཙམ་བྱེད་པ་རྣམས་ནས་སྐྱབས་འགྲོ་སོགས་དང་སྤྲེལ་ཏེ་ཕྱག་འཚལ་ཀྱང་རུང་བས་དེ་ལྟར་བྱེད་པའི་ཕྱག་ལེན་ཀྱང་ཡོད་མོད། འོན་ཀྱང་ཕྱག་གི་ཁྲིད་དངོས་འདི་ཡིན་པས་བླ་མའི་རྣལ་འབྱོར་དང་འབྲེལ་བར་ཕྱག་འཚལ་ན་ནི་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཡང་ཕྱག་འཚལ་བའི་ཚེ་ལུས་སྒོ་ནས་ཕྱག་འཚལ་བ། ངག་གིས་ཕྱག་འཚལ་དང་གསོལ་འདེབས་ཀྱི་ཚིག་འདོན་པ། ཡིད་ཀྱིས་ཅི་མཛད་ཁྱེད་ཤེས་དང་བློ་གཏད་ལིང་བསྐྱུར་གྱི་མོས་གུས་དང་བཅས། བདག་དང་སེམས་ཅན་ཐམས་ཅད་ལྷན་ཅིག་ཕྱག་འཚལ་པའི་དམིགས་པ་སོགས་ལུས་ངག་ཡིད་གསུམ་ཚུན་གཅིག་དྲིལ་དུ་བྱེད་པ་ནི་གནད་ཆེ་ལ། དེ་ལྟར་མ་ཡིན་པར་ཁ་ཡེངས་མིག་ཡེངས་སེམས་ཕྱི་རོལ་གྱི་ཡུལ་གྱི་རྗེས་སུ་འབྲངས། གཡས་ཕྱོགས་ནས་འགྲོ་འདུག་དང་སྨྲ་བརྗོད་བྱེད་པ་བྱུང་ན་མིག་དང་ཤེས་པ་དེ་ཕྱོགས་སུ་གཡེང་ཞིང་ཐལ་མོ་འགྲམ་པ་གཡོན་གྱི་སྟེང་དུ་སྦྱར། གཡོན་ཕྱོགས་དེ་བཞིན་བྱུང་ན་མིག་དང་ཤེས་པ་དེ་ཕྱོགས་སུ་གཡེང་ཞིང་འགྲམ་པ་གཡས་ཀྱི་སྟེང་དུ་ཐལ་མོ་སྦྱར་བ་ལྟ་བུ། སེམས་རྣམ་གཡེང་གི་དབང་དུ་བཏང༌། ལུས་དེ་ཁོ་ནས་ཁྱོ་རོ་རོ་ཕྱག་འཚལ་འདོགས་བྱེད་པ་ནི། རང་གི་གཟུགས་པོར་སྡུག་གཏད་པ་ཙམ་ལས་སྙིང་པོ་ཅི་ཡང་མེད་པ་ཤེས་པར་བྱའོ། །དེར་མ་ཟད་ཕྱག་འཚལ་ཚེ་ཡང་ཐལ་མོ་ཁོང་སྟོང་དུ་པདྨ་ཁ་འབུས་པ་ལྟ་བུར་སྦྱར་དགོས་ཀྱི། ཐལ་མོ་ལ་ནང་ཁོང་སྟོང་མེད་པར་ལག་མཐིལ་གཉིས་སྤྲད་དེ་བཅའ་བ་དང༌། སོར་རྩེ་ཐུག་ཙམ་བྱེད་པ་སོགས་ནི་མི་རུང་སྟེ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་བཅས། ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་དང༌། ཡོན་ཏན་མཛོད་ལས་ཀྱང༌། བབ་ཅོལ་གོམས་པ་མིན་པའི་ལུས་བཏུད་ནས། །སྙིང་གར་གུས་བཅས་མངན་རྟོགས་ངོམ་པ་ལ། །མེ་ཏོག་དོགས་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །ཞེས་གསུངས། དེ་ནས་རིམ་བཞིན་ཐལ་མོ་སྤྱི་བོར་སྦྱར་བས་ལུས་ཀྱི་སྒྲིབ་པ་འདག །མགྲིན་པར་སྦྱར་བས་ངག་གི་སྒྲིབ་པ་འདག །སྙིང་གར་སྦྱར་བས་ཡིད་ཀྱི་སྒྲིབ་པ་འདག །དེ་ནས་ལུས་ཀྱི་མ་ལྔ་ས་ལ་ཕབ་པ་ཞེས་བྱ་བ། དཔྲལ་བ་དང་གཅིག །ལག་མཐིལ་གཉིས། པུས་མོ་གཉིས་དང་ལྔ་པོ་ས་ལ་ཕབ་སྟེ་ཕྱག་བྱས་པས། ཉོན་མོངས་པ་དུག་ལྔའི་སྒྲིབ་པ་འདག་པ་དང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་ཐོབ་པ་ལ་སོགས་པའི་དགོས་པ་ཡོད་པས་དེ་ལྟར་བྱ། དེ་ནས་ཡར་ལངས་པའི་ཚེ་ཡང་རྐེད་པ་དྲང་པོར་བསྲངས་ཏེ་ཐལ་མོ་བཅས་ནས་ཡར་སྔར་ལྟར་ཕྱག་འཚལ་དགོས་པ་ཡིན་གྱི། ཐལ་མོ་ལེགས་པར་མི་བཅའ་བར་ལག་པ་གཡུག་ཙམ་བྱེད་པ་དང༌། པུས་མོ་དང་དཔྲལ་པས་ལ་མི་རེག་པར་སྒུར་ཙམ་བྱེད་པ་དང༌། ཡར་ལྡང་བའི་ཚེ་རྐེད་པ་ལེགས་པོར་མི་བསྲང་བར་སྒུར་ཕྱག་བྱེད་པ་སོགས་ནི་མ་གུས་པའི་རྣམ་འགྱུར་ཡིན་པས་གཏན་ནས་མི་རུང༌། སྒུར་ཕྱག་བྱས་པའི་རྣམ་སྨིན་གྱིས་གྱང་རོ་ཁུར་ཞེས་བྱ་བ་རྒྱབ་ཏུ་ལྦ་བ་ཆེན་པོ་ཡོད་པའི་མིའུ་ཐུང་སྒུར་ཏེ་འགྲོ་བ་དེ་ལྟ་བུའི་ལུས་ལེན་པར་གསུངས་པས་ན། ཕན་ཡོན་ཡོད་དུ་རེ་ནས་ཕྱག་འཚལ་བ་ཡིན་གྱི། ལུས་ངན་ལེན་བྱེད་དུ་ཕྱག་འཚལ་ཀྱང་མི་དགོས་པར་འདུག་པས། གྲངས་མང་པོ་རང་མ་ཐུབ་རུང་གང་ཐུབ་དེ་དངོས་གཙང་ཞིང་རྣམ་པར་དག་པ་རེ་ཨེ་ཐོན་ལྟ་བ་ལ་འབད་དགོས། དེས་ན་འཚལ་སླ་བ་ལ་བསམས་ནས་རི་ངོས་ལྟ་བུའི་གཟར་ལ་གཏད་པ་དང༌། གད་འཁྲིས་ལ་སོགས་པ་ནས་ཕྱག་འཚལ་བ་ལ་ནི་སྙིང་པོ་ཅུང་ཟད་ཀྱང་མེད་དོ། །དེར་མ་ཟད་ད་ལྟའི་དུས་བླ་མ་ལ་སོགས་པའི་དྲུང་དུ་མཇལ་བའི་ཚེ། ཕྱག་ཅུང་ཟད་ལེགས་པ་གཅིག་བཙལ་ནས་དེ་ནས་སྒུར་ཙམ་གཉིས་བྱེད་ཅིང༌། དེ་ཉིད་མི་དྲག་གི་ཕྱག་ཡིན་པ་སྐད་བྱེད་དེ། ཤེས་མེད་ཕལ་མོ་ཆེས་དེའི་རྗེས་སུ་སློབ་པ་ནི་ཤིན་ཏུ་ཐ་ཆད་པ་ཡིན། ཆོས་ཞུས་པའི་དོན་པོ་ཐ་ན་ཕྱག་གཅིག་གི་འཚལ་ལུགས་ཚུན་ཆད་མ་ཤེས་པ་བླ་མ་ལས་ཉན་ནས་ཤེས་པར་བྱ་ཞིང༌། གང་ཤེས་དེ་དུས་དང་རྣམ་པ་ཐམས་ཅད་དུ་མ་བརྗེད་པར་ཉམས་སུ་ལེན་དགོས་རྒྱུ་ཡིན་པ་ལ། བྱ་སླ་བ་དང་ཤེས་སླ་བ་དེ་ཙམ་ཡང་ཉམས་སུ་མི་ལེན་ན་ཆོས་ཞུས་པ་ལ་དོན་འབྲས་ཅི་ཡང་མེད་པའི་ཕྱིར་རོ། །དེས་ན་ཆོས་ཞུས་པའི་དོན་པོ་ཕྱག་རྡོག་གཅིག་གི་འཚལ་ལུགས་ཚུན་ཆད་ཆོས་མི་ཤེས་པ་རྣམས་ལས་ཁྱད་པར་འཕགས་པ་ཞིག་དགོས་ཏེ། སྔོན་རྗེ་བཙུན་མི་ལ་བླ་མ་རྔོག་པའི་དྲུང་དུ་ཆོས་ཞུར་ཕེབས་པའི་ཚེ། བླ་མ་རྔོག་པས་གྲ ་པ་མང་པོ་ལ་རྒྱུད་བརྟགས་གཉིས་གསུང་གིན་འདུག་པ་རྗེ་བཙུན་གྱིས་རྒྱང་རིང་པོ་ནས་མཇལ་ཏེ་ཕྱག་འཚལ་བས། བླ་མ་རྔོག་པ་ཡང་དགྱེས་ཏེ། དབུ་ཞྭ་ཕུད་ནས་ཕྱག་ལན་མཛད་ཅིང༌། ཆོས་མཚམས་ཀྱི་རྟེན་འབྲེལ་ཀྱང་ལེགས། ཕ་གིན་ཕྱག་འཚལ་བ་འདི་ལྷོ་བྲག་མར་པའི་སློབ་བརྒྱུད་ཀྱི་ཕྱག་འཚལ་ལུགས་སུ་འདུག་པས་ཁོང་སུ་ཡིན་དྲིས་ཤོག་གསུངས། ལར་བླ་མ་བརྟེན་ནས་ཆོས་ཞུས་པ་དེ་སྣམ་བུ་ཚོས་ལ་འཕངས་པ་ལྟར་སྔར་གྱི་དེ་དང་ཡེ་མི་འདྲ་བ། བླ་མ་དམ་པ་དེའི་མཛད་སྤྱོད་ཅི་འདྲ་བ་དེ་འདྲ་བའི་རྗེས་སུ་སློབ་པ་ཞིག་དགོས་རྒྱུ་ཡིན། དཔེར་ན་སྣམ་བུ་ཚོས་སུ་བཅུག་པ་དེ་ལ་ཚོས་ཁ་ལེགས་ཉེས་ཙམ་ཡོད་པ་སྲིད་ཀྱང༌། སྔར་ཚོས་སུམ་བཅུག་པའི་དུས་ལས་མདོག་གཞན་དུ་གཏན་ནས་མ་འགྱུར་བ་ག་ལ་སྲིད། ད་ལྟའི་དུས་ན་ཆོས་ལན་གྲངས་བརྒྱར་ཞུས་ཀྱང་ཤེས་རྒྱུད་སྔར་གྱི་དེ་ལས་སྤུ་གང་གིས་བཟང་དུ་མ་སོང་ཞིང་བྱ་བྱེད་སྤྱོད་པ་ཐམས་ཅད་འཇིག་རྟེན་པ་ལས་ཅུང་ཟད་ཀྱང་མ་ལོག་པ་ནི་ཆོས་དྲེད་དམ་ཉམས་ཀྱི་རྒྱུར་སོང་བ་ཞེས་བྱ། དེ་འདྲ་དེ་ནི་སྡིག་ཅན་ཆོས་ཀྱིས་ཐུལ་ཀྱང་ཆོས་དྲེད་ཆོས་ཀྱིས་མི་ཐུལ། གྱོང་པོ་སྣུམ་གྱིས་ཐུལ་ཀྱང་མར་སྐོག་སྣུམ་གྱིས་མི་ཐུལ། གསུངས་པ་ལྟར།།དགེ་བའི་ཕན་ཡོན། སྡིག་པའི་ཉེས་དམིགས། སངས་རྒྱས་ཀྱི་ཡོན་ཏན་ཅི་ལྟ་བུ་ཐོས་ཀྱང༌། དེ་དྲ་ཟེར་དར་སྙམ་བ་ཙམ་ལས་བློ་སྣ་འགྱུར་བའི་ངེས་ཤེས་དང་དད་པ་ཅུང་ཟད་ཀྱང་སྐྱེར་མི་བཏུབ་པས་ན། རྫོགས་པའི་སངས་རྒྱས་དངོས་སུ་བྱོན་ཀྱང་དེ་ལ་ཕན་གདགས་མི་ནུས་ཏེ།

ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང༌།
ཆོས་སྨྲས་གོ་དྲེད་ཁྱེར་བའི་འཁོར་མི་བརྟེན། །དམ་ཚིག་ཚོད་ཡོད་བྱེད་པའི་གྲོགས་མི་འགྲོགས།
།ཞེས་གསུངས། དེས་ན་ཆོས་ཚིག་གཅིག་གི་དོན་ཤེས་ཀྱང་དེ་ཉིད་རང་གི་རྒྱུད་ལ་འདྲེས་ངོ་ཤེས་པར་ཉམས་སུ་ལེན་དགོས། བླ་མ་བསྟེན་པའི་དོན་པོ་བླ་མ་དེའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ལ་བལྟ་ཞིང་དེའི་རྗེས་སུ་སློབ་དགོས་ཏེ། འཇིག་རྟེན་པའི་ཁ་སྐད་ཡང༌། བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོ་ནང་གི་གང་མཁས་ཡིན། ཟེར་བ་ལྟར་བླ་མ་དེའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གང་ཡོད་པ་རང་རྒྱུད་ལ་བླངས་ནས། དཔེར་ན་སཱཙྪ་བརྐོས་ཕོར་ནས་བཏོན་པ་ལྟ་བུ་ཞིག་དགོས་པ་ཡིན་ནོ། །སྤྱིར་ཕྱག་འཚལ་ཞེས་པ་ཞེས་དང་གུས་པའི་རྣམ་འགྱུར་ཙམ་ཡིན་པས། ཕྱག་འཚལ་ཚུལ་ཀྱང་མང་ཞིང་ཡུལ་སོ་སོའི་ཡུལ་སྲོལ་ལ་ངེས་པ་མེད་ཀྱང༌། འདིར་རྒྱལ་བའི་བཀའ་ལུང་དང་མཐུན་པའི་ཕྱག་གི་འཚལ་ལུགས་བླ་མས་གསུངས། རང་གིས་གོ་ཞིང་ཤེས་བཞིན་དུ་སླ་ཆོས་སམ། ཆེ་འགྱིང་གི་དབང་གིས་ལེགས་པར་མི་འཚལ་བ་ནི། ཕྱག་འཚལ་ཡུལ་ལ་མ་གུས་པའི་བརྙས་བཅོས་ཀྱི་རྣམ་འགྱུར་ཡིན་པས། ཁྲལ་ཕྱག་དེ་འདྲས་ནི་ཉེས་པ་སྐྱེད་པ་ཙམ་ལས་དགོས་དོན་ཅི་ཡང་མེད་པར་ཤེས་དགོས་སོ། །དེ་ལྟར་མ་ཡིན་པར་ཚུལ་བཞིན་དུ་ཕྱག་འཚལ་བ་ནི། ཕན་ཡོན་ཚད་མེད་དེ། སྔོན་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་མཆོད་རྟེན་ལ་ཕྱག་འཚལ་བ་ལ། ཀུན་དགའ་བོས་དེའི་ཕན་ཡོན་བཅོམ་ལྡན་འདས་ལ་ཞུས་པས། ཕྱག་ལན་ཅིག་འཚལ་པས་རང་གི་ལུས་ཀྱིས་ཅི་ཙམ་ནོན་པའི་དབང་ཆེན་གསེར་གྱི་ས་གཞི་ལ་མ་ཐུག་གི་བར་དུ་རྡུལ་ཅི་ཙམ་ཡོད་པ་དེའི་གྲངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཉམས་སུ་མྱོང་ཡང་ད་དུང་དེའི་ཕན་ཡོན་གྱི་མཐའ་མི་ཐུག་པར་གསུངས། དེ་བཞིན་དུ་མདོ་ལས། བཅོམ་ལྡན་འདས་ཀྱི་དབུ་གཙུག་ཏོར་བལྟར་མི་མངོན་པ་ནི། བླ་མར་བྱ་བའི་སྐྱེ་བོ་ལ་གུས་པར་བཏུད་དེ་ཕྱག་འཚལ་བ་ལས་བྱུང་ངོ༌། །ཞེས་གསུངས་ཏེ། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པའི་རྒྱུར་འགྱུར་བ་ཡིན་ནོ།

།གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། དངོས་སུ་རང་གིས་ཅི་འབྱོར་པའི་མཆོད་པ་སྔར་མཎྜལ་གྱི་དུས་བཤད་པ་ལྟར་དངོས་གཙང་ཞིང་རྣམ་པར་དག་པ་སེར་སྣས་མ་བཅིངས་ཤིང་ཚུལ་འཆོས་དང་ངོམ་ཆོས་སུ་མ་སོང་བར་བཤམས་ལ་དེས་དམིགས་རྟེན་ཙམ་བྱས་ཏེ། ཡིད་ཀྱིས་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་མིའི་མཆོད་རྫས། མེ་ཏོག།བདུག་སྤོས། མར་མེ། དྲི་ཆབ་ཞལ་ཟས་ལ་སོགས་པ་དང༌། གཞལ་མེད་ཁང་དང༌། ཡུལ་མཁར། ཀུན་དགའ་ར་བ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད། རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་སོགས་པས་གླུ་གར་དང་རོལ་མོའི་ཁྱད་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་རྗེས་སུ་འགྲོ་བ་སྤྲུལ་དགོས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་མཐུ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས། འོད་ཟེར་དེ་རེ་རེའི་རྩེར་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོར་རང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང༌། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་དུ་སྤྲོས་ཏེ། དེ་དག་རེ་རེས་ཀྱང་དཔག་ཏུ་མེད་པའི་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་ནི། འཕགས་པ་ཀུན་ཏུ་བཟང་པོའི་ཆོད་པའི་སྤྲིན་ཕུང་ཞེས་བྱ་བ་སྟེ། དེ་འདྲ་བ་རང་གི་བློས་ཅི་ལྕོག་ཏུ་སྤྲུལ་ཏེ་འབུལ་ཞིང༌། དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་གྱིས། སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ། །ཞེས་བརྗོད། དེ་ཡང་རང་ལ་འབུལ་བའི་ནུས་པ་ཡོད་ན། རྒྱལ་བ་སྲས་བཅས་ལ་བཞིས་པའི་ནུས་པ་ཡོད་པ་ཡིན་པས། འཇིག་རྟེན་གྱི་ཁམས་ན་བདག་པོས་མ་བཟུང་པའི་ལྷ་དང་མིའི་ལོངས་སྤྱོད་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་བློས་བླངས་ནས་འབུལ་ཞིང༌། ཡིད་ཀྱིས་ཅི་ཙམ་སྤྲུལ་ནུས་པ་དེ་ཙམ་དུ་སྤྲུལ་ནས་ཕུལ་ན་ཚོགས་རྫོགས་པ་ལ་དངོས་སུ་འབྱོར་པ་དང་ཁྱད་པར་སྤུ་ཙམ་ཡང་མེད་པས། མཆོད་པ་འབུལ་བ་ལ་ཡོ་བྱད་མེད་སྙམ་མི་དགོས་ཤིང༌། དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་རང་དང་གཞན་གྱི་ཡོ་བྱད་ཅི་ཡོད་པ་དང་ཅི་མཐོང་བ་ཐམས་ཅད་ལ་དང་པོ་དཀོན་མཆོག་གསུམ་མཆོད། རྩ་བརྒྱུད་ཀྱི་བླ་མ་མཆོད་སྙམ་པའི་བློ་སྔོན་དུ་གཏོང་ཞིང༌། ཐ་ན་ལམ་ཀ་ཞིག་ན་ཆུ་དྭངས་མོ་ཞིག་འབབ་པའམ། མེ་ཏོག་གི་ཐང་ཞིག་འདུག་པ་ཚུན་ཆད་ཡིད་ལ་འབབས་པའི་དངོས་པོ་གང་མཐོང་ཐམས་ཅད་རང་གི་བློས་བླངས་ཏེ་དཀོན་མཆོག་གསུམ་མཆོད་སྙམ་པ་ཡིད་ལ་བྱས་ན་ཚོགས་ཞར་དང་ཞོར་ལ་རྫོགས་པ་ཡིན་པས་དེ་ལྟར་བྱ་དགོས་སོ།

།གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། ཚེ་འཁོར་བ་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་དུ་དྲན་པ་དང་མི་དྲན་པའི་སྡིག་ལྟུང༌། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་མཚམས་མེད་པ་ལྔ༌། དེ་དང་ཉེ་བ་ལྔ༌། ལྕི་བ་བཞི། ་ལོག་པ་བརྒྱད། དཀོན་མཆོག་གི་དཀོར་ལ་འབག་པ་སོགས་ཁ་ན་མ་ཐོ་བའི་ལས་ཅི་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས་སོ། །སླན་ཆད་མི་བགྱིད་དོ་སྙམ་པ་ལ་སོགས་སྔར་རྡོར་སེམས་སྒོམ་བཟླས་ཀྱི་དུ་སུ་བཤད་པ་ལྟར་གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་དང་ནས་བཤགས་པས། སྡིག་སྒྲིབ་ཐམས་ཅད་རང་གི་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལ། ཚོགས་ཞིང་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམས་ནས། སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །འོད་གསལ་ཆོས་སྐུའི་ངང་དུ་བཤགས། །ཞེས་བརྗོད།

བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་ནི། རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ། རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན་པ། ཕྱིས་བྱེད་པ་ངེས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་བ་ཆེན་པོས་རྗེས་སུ་ཡི་རང་བ་བསྒོམ་ཞིང༌།

བདེན་པ་གཉིས་ཀྱིས་བསྡུས་པ་ཡིན། །དགེ་ཚོགས་ཀུན་ལ་རྗེས་ཡི་རང༌།


།ཞེས་བརྗོད། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་ལ་མ་འདུས་པའི་ཆོས་ནི་ཐེག་པ་རིམ་པ་དགུ་ལ་སོགས་པ་གང་ན་ཡང་མེད་པས། དེ་གཉིས་ཀྱིས་བསྡུས་པའི་རང་གཞན་ཐམས་ཅད་ཀྱི་དགེ་བ་ཟག་བཅས་དང་ཟག་པ་མེད་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་ཡིན་ནོ། །དེ་ལྟ་བུའི་རྗེས་སུ་ཡི་རང་ནི་ཕན་ཡོན་ཚད་མེད་དེ།

སྔོན་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཟླ་བ་བཞིར་གདུགས་ཚོད་ལ་སྤྱན་དྲངས་ཏེ་ལོངས་སྤྱོད་ཐམས་ཅད་ཀྱིས་མཆོད་པའི་ཚེ། སློང་མོ་བྱེད་པའི་དབུལ་མོ་ཞིག་ཡོད་པ་དེས་བསམ་པ་ལ། རྒྱལ་པོ་གསལ་རྒྱལ་འདི་སྔོན་ཡང་བསོད་ནམས་བསགས་པའི་མཐུས་ལོངས་སྤྱོད་དང་འབྱོར་པ་འདི་ཙམ་གྱི་བདག་པོར་གྱུར། སྟོན་པ་ཁྱད་པར་ཅན་འདི་འདྲ་བའི་བསོད་ནམས་ཀྱི་ཞིང་དང་མཇལ། ད་དུང་ཡང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདི་ལྟ་བུ་བསགས་པ་ནི་ངོ་མཚར་ཆེའོ་སྙམ་དུ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་ཁོ་ན་བསྒོམས་པས་བསོད་ནམས་ཚད་མེད་པ་ཐོབ་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས། དགོངས་མོ་ཡོན་བསྔོ་མཛད་པའི་ཚེ། རྒྱལ་པོ་ལ་ཁྱོད་ཀྱིས་བསོད་ནམས་བསགས་པའི་དགེ་རྩ་འདི་ཁྱེད་རང་ལ་བསྔོའམ། ཁྱོད་ལས་ཆེས་བསོད་ནམས་ཐོབ་པ་དེ་ལ་བསྔོ་གསུངས་པས། རྒྱལ་པོས་དགེ་རྩ་སུ་ཆེ་ཡང་དེ་ལ་བསྔོ་བ་མཛད་པར་ཞུས་པས། དབུལ་མོ་དེའི་མིང་ནས་བཟུང་སྟེ་ཡོན་བསྔོ་བར་མཛད། ཞག་གསུམ་གྱི་བར་དུ་དེ་ལྟར་མཛད་པས་རྒྱལ་པོ་མ་དགའ་སྟེ། དེ་ལྟར་མི་མཛད་པའི་ཐབས་བློན་པོ་རྣམས་དང་བགྲོས་པས་སང་ཉིན་ཐུབ་པ་འཁོར་བཅས་ལ་བསོད་སྙོམས་འདྲེན་པའི་ཚེ། བཟའ་བ་དང་བཅའ་བ་སོགས་སྣོད་ཀྱི་ཕྱི་རོལ་དུ་མང་པོ་ཕོ་ནས། དེ་དག་སློང་མོ་བ་རྣམས་ཀྱིས་ལེན་པ་ན་རྒྱོབ་རྡུང་མང་པོ་བྱས་ཏེ་ལེན་མ་བཅུག་ན། དེས་ཕན་ནམ་ཟེར། དེས་ལྟར་བྱས་པས་སྔ་སོར་རྗེས་སུ་ཡི་རང་འབུལ་མཁན་གྱི་དབུལ་མོ་དེ་ཡང་ཁ་ཟས་པོ་བ་རྣམས་ལེན་དུ་འོང་བ་ལ་ལེན་མ་བཅུག་པར་རྒྱོབ་རྡུང་བྱས་པས། དབུལ་མོ་ཁོང་ཁྲོ་སྐྱེས་པས་དགེ་རྩ་འཇོམས་ཏེ། དེ་ཉིན་རྒྱལ་པོའི་མིང་ནས་བཟུང་སྟེ་ཡོན་བསྔོ་མཛད་པ་ཡིན། དེས་ན་མི་དགེ་བ་དང་དགེ་བའི་རྣམ་གྲངས་ལུས་ངག་གི་ལག་ལེན་གྱི་སྟེང་ན་ཅུང་ཟད་ཀྱང་མེད་དེ་རང་གི་བསམ་པ་ཁོ་ནས་བཞག་པ། སྔར་ཡང་ནས་ཡང་དུ་སྨོས་པ་ལྟར་ཡིན་པས་ན། གཞན་གྱི་དགེ་བ་བྱེད་པ་ལ་འགྲན་སེམས་དང༌། ངས་དེ་ལྟ་བུའི་དགེ་བ་བྱས་སོ་སྙམ་དུ་ང་རྒྱལ་བ་ལ་སོགས་པ་འཇིག་རྟེན་ཚེ་འདིའི་ལོ་འདོད་དང་ཆོས་བརྒྱད་ཀྱི་དུག་གིས་ཁྱབ་པའི་དགེ་བ་རྒྱ་གང་ཆེ་བྱེད་ཁུལ་བྱེད་པ་ལས། བསམ་པ་རྣམ་པར་དག་པའི་སྒོ་ནས་གཞན་གྱི་དགེ་བ་བྱེད་པ་ཐམས་ཅད་ལ་བལྟས་ཏེ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་སྒོམ་ཞིང་དེའི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་དེ་ཁོ་ན་ཚོགས་ཆེ་བ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་གདམས་པའི་མདོ་ལས་རྒྱས་པར་གསུངས་སོ།

།དེ་བཞིན་དུ་ཆགས་མེད་རིན་པོ་ཆེས་ཀྱང༌། གཞན་གྱི་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་དང༌། སྡུད་པ་ལས་ཀྱང༌། །སྟོང་གསུམ་རི་རབ་བསྲང་ལ་གཞལ་བས་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོགས་གསུངས་པས་ན་རྗེས་སུ་ཡི་རང་བ་འདི་བྱ་སླ་ལ་ཆོད་ཆེ་བའི་ཆོས་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་ཉམས་སུ་བླང་ངོ༌།

།ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བའི་ཡན་ལག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པ་གཞན་དོན་རླབས་པོ་ཆེའི་ཁུར་བཟོད་པ་རྣམས། འགྲོ་བའི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་ཐུགས་སུན་ནས་ཆོས་མི་གསུང་བར་ཞི་བདེར་གཞོལ་བ་དག་གི་དྲུང་དུ། བདག་ཀྱང་ལུས་བྱེ་བ་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ནས། འཁོར་ལོ་དང་ནོར་བུ་ལ་སོགས་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པར་བསམ་ཞིང༌། ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །ཞེས་བརྗོད། དེ་ཡང་སྤྱིར་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དུ་རྒྱལ་བའི་ཆོས་ཐམས་ཅད་འདུས་པས་དེའམ། ཡང་ན་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲི་ཡ་ཨུ་པ་ཡོ་ག་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་མཧཱ་ཨ་ནུ་ཨ་ཏི་གསུམ་སྟེ། ཐེག་པ་གསུམ་ལ་ནང་གསེས་དགུར་དབྱེ་བ་དེ་དག་གདུལ་བྱ་གང་ལ་ཆོས་གང་གིས་འདུལ་བ་དེ་ལྟ་བུའི་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ཡིན་ནོ།

།དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། ཞིང་ཁམས་འདི་དང་གཞན་དག་ཏུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དག་གི་མདུན་དུ། སྔོན་དགེ་བསྙེན་ཙུན་དས་གསོལ་བ་བཏབ་པ་ལྟར། བདག་གི་ལུས་མང་པོ་སྤྲུལ་ཏེ་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་བསམས་ལ། ཇི་སྲིད་འཁོར་བ་མ་སྟོངས་བར། །མྱ་ངན་མི་འདའ་ཞུགས་གསོལ་འདེབས། །ཞེས་བརྗོད།

།བདུན་པ་བསྔོ་བའི་ཡན་ལག་ནི། །ད་ལྟར་གྱི་དགེ་བས་མཚོན་ནས་རང་གཞན་གྱི་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དན་དུ་འཇམ་དཔའ་གཞོན་ནུས་ཡོངས་བསྔོ་ལྟར་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱུས་འདེབས་པ་དང་བཅས། དུས་གསུམ་བསགས་པའི་དགེ་རྩ་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་བརྗོད། དེ་ལྟ་བུའི་བསྔོ་བ་འདིའི་དུས་དང་རྣམ་པ་ཐམས་ཅད་དུ་དགེ་རྩ་ཆེ་ཕྲ་གང་བྱས་ཀྱི་མཇུག་ཏུ་མ་བརྗེད་པར་ཉམས་སུ་ལེན་དགོས་ཏེ། དེ་ལྟར་མ་བསྔོ་ན་དགེ་བའི་རྩ་བ་གང་འགྲུབ་དེ་དགེ་འབྲས་ལན་ཅིག་སྨིན་ནས་ཟད་པར་འགྱུར་ལ། མཐར་ཐུག་བྱང་ཆུབ་ཐོབ་པའི་རྒྱུར་བསྔོས་ན། དགེ་འབྲས་ལན་བརྒྱར་མྱངས་ཀྱང་དགེ་རྩ་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་ཏེ།

བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།
ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེན་པོར་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད།
།དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུག་མ་ཐོབ་བར་དུ་དེ་མི་འཛད།


།ཅེས་གསུངས། དེ་བཞིན་དུ་རང་གིས་མཐར་ཐུག་ཉན་ཐོས་རང་རྒྱལ་རྫོགས་པའི་བྱང་ཆུབ་ལ་སོགས་པའི་གོ་འཕང་ཐོབ་པ་འདོད་པའམ། དེ་བཞིན་དུ་མངོན་མཐོ་ལྷ་མིའི་ལུས་རྟེན་ཐོབ་པར་འདོད་པའམ། གཞན་ཡང་ཚེ་རིང་བ་དང་གཟུགས་བཟང་བ་ལ་སོགས་པ་གནས་སྐབས་ཀྱི་འབྲས་བུ་རྣམས་གང་རུང་ལ་དམིགས་ནས་དགེ་རྩ་ཞིག་བསྒྲུབས་ཀྱང༌། དེ་ཉིད་དེའི་ཆེད་དུ་བསྔོ་དགོས་ཏེ།

འབྲི་གུང་སྐྱོབ་པ་རིན་པོ་ཆེའི་ཞལ་ནས།
ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན།
།དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད།


།ཅེས་གསུངས། དེས་ན་རང་གི་དགེ་བ་བྱས་པ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བསྔོ་བའི་དབང་ལས་འབྱུང་བ་ཡིན། འདུས་བྱས་ཀྱི་དགེ་བ་ཅི་ཙམ་རྒྱ་ཆེ་བ་བསགས་ཀྱང་བསྔོ་བས་ཁ་མ་བསྒྱུར་ན་ཐར་བའི་ལམ་དུ་མི་འགྲོ་སྟེ།

དགེ་བཤེས་ཁམས་པ་ལུང་པའི་ཞལ་ནས།
འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལུང་མ་བསྟན་ཡིན་པས། སེམས་ཅན་གྱི་དན་དུ་སྨོན་ལམ་རྒྱ་ཆེན་པོ་ཐོབ།


ཅེས་གསུངས། དེ་བཞིན་དུ་རང་གི་ཕ་མ་དང་ཉེ་འབྲེལ་ལ་སོགས་པའི་ཆེད་དུ་དགེ་བ་བྱེད་པ་དང༌། ཤི་པོ་ལ་སོགས་པའི་དོན་དུ་དགེ་བ་བྱེད་པ་ཡང་མ་བསྔོས་ན་མི་ཐོབ་ལ། བསྔོས་ན་ཇི་ལྟར་བསྔོས་པ་དེ་ལྟར་ཐོབ་སྟེ།

སྔོན་ཡངས་པ་ཅན་གྱི་གྲོང་ཁྱེར་ན་ཡོད་པའི་སྐྱེ་བོ་རྣམས་ཀྱིས་བཅོམ་འདས་སང་ཉིན་ཀྱི་གདུགས་ཚོད་ལ་སྤྱན་དྲངས་ཏེ། སྤྱན་འདྲེན་པ་དག་སླར་སོང་བའི་རྗེས་སུ་ཡི་དྭགས་ལྔ་བརྒྱ་འོང་ནས། བཅོམ་ལྡན་འདས་ལ་སང་ཉིན་ཡངས་པ་ཅན་པ་དག་གིས་བཅོམ་ལྡན་འཁོར་བཅས་ལ་བསོད་སྙོམས་ཕུལ་བའི་དགེ་རྩ་དེ་ངེད་རྣམས་ལ་བསྔོ་བར་ཞུ་ཟེར། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱེད་རྣམས་སུ་ཡིན། ཡངས་པ་ཅན་པའི་དགེ་རྩ་དག་ཁྱེད་རྣམས་ལ་ཅིའི་ཕྱིར་བསྔོ། གསུངས་པས། ངེད་རྣམས་ཡངས་པའི་གྲོང་གི་སྐྱེ་བོ་འདི་དག་གི་ཕ་མ་རྣམས་ཡིན་ཏེ། སེར་སྣའི་ལས་ཀྱིས་ཡི་དྭགས་སུ་སྐྱེས་པ་ཡིན་ཟེར། འོ་ན་སང་ཉིན་བསྔོ་བ་བྱེད་པའི་དུས་སུ་ཁྱེད་རྣམས་རྐྱང་ཤོག་ཅིག་དང་བསྔོ་བར་བྱའོ་གསུངས་པས། ངེད་རྣམས་ལུས་ངན་འདི་ལྟ་བུ་བླངས་པས་ངོ་ཚ་ནས་འོང་མི་ཕོད་པར་འདུག་ཟེར། བཅོམ་ལྡན་འདས་ཀྱི་ཞལ་ནས། ཁྱེད་རྣམས་ལས་ངན་བསགས་པའི་དུས་སུ་ངོ་ཚ་དགོས་རྒྱུ་ཡིན་པ་ལ། དེ་དུས་ངོ་མ་ཚ་ནས་ད་ལུས་ངན་བླངས་ཚར་སྟེང་ངོ་ཚ་བས་ཅི་ཕན། མི་འོང་ན་བསྔོ་བའི་ཐབས་མེད་གསུངས། འོ་ན་འོང་ལགས་ཟེར་ནས་སོང༌། སང་ཉིན་བསྔོ་བའི་དུས་ཡི་དྭགས་རྣམས་བསྔོ་བ་ཞུ་བ་ལ་འོང་བས། ཡངས་པ་ཅན་གྱི་སྐྱེ་བོ་རྣམས་སྐྲག་ནས་བྲོས་པ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱེད་རྣམས་སྐྲག་མི་དགོས། འདི་དག་ཁྱེད་རང་ཚོའི་ཕ་མ་རྣམས་ཡི་དྭགས་སུ་སྐྱེད་པ་ཡིན་ཏེ། འདི་དག་གིས་འདི་ལྟར་ཟེར་བར་འདུག་པས། དགེ་རྩ་བསྔོའམ་མི་བསྔོ་གསུངས། འོ་ན་ཅིས་ཀྱང་བསྔོ་བར་ཞུས་པས།

བཅོམ་ལྡན་འདས་ཀྱིས།

སྦྱིན་པ་འདི་ཡི་དགེ་རྩ་གང༌། །དེ་དག་ཡི་དྭགས་རྗེས་སུ་སོང༌།
།ཡི་དྭགས་ལུས་ངན་མེད་པ་དང༌། །མཐོ་རིས་བདེ་བ་ཐོབ་པར་ཤོག


།གསུངས་པས་ཡི་དྭགས་དེ་དག་ཚེ་འཕོས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་པར་གསུངས།

དེ་བཞིན་དུ་རྗེ་བཙུན་མི་ལའི་ཞལ་ནས་ཀྱང༌།
རི་ལ་སྒོམ་པའི་སྒོམ་ཆེན་དང༌། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས།
།སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན།


།ཞེས་གསུངས། དེ་ལྟར་བསྔོ་བ་བྱེད་པ་དེ་ཡང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་བྱེད་པ་ལ་ནི། འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱི་རྩིས་ཟིན་དགོས་ཏེ། དེ་ལྟར་མ་ཡིན་པར་འཁོར་གསུམ་ལ་བདེན་ཞེན་གྱི་དྲི་མས་བསླད་ན་བསྔོ་བ་དུག་ཅན་པ་ཞེས་བྱ་སྟེ།

སྡུད་པ་ལས།
ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས།
།ཞེས་སོ། །དེ་ཡང་འཁོར་གསུམ་ནི།
གང་བསྔོ་རྒྱུའི་དགེ་རྩ། སུའི་ཆེད་དུ་བསྔོ་བའི་གང་ཟག
།ཅིའི་ཕྱིར་བསྔོ་བའི་དམིགས་ཡུལ་དང་གསུམ་ཡིན་ཏེ།


དེ་གསུམ་ལ་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བསྔོ་བདུག་མེད་དངོས་དེ་སོ་སོའི་སྐྱེ་བོའི་ས་འདིར་མི་འོང་བས་ན། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཇི་ལྟར་བསྔོས་པ་དེ་ལྟར་བསྔོའོ་སྙམ་ནས་བསྔོས་ན། འཁོར་གསུམ་ཡོངས་དག་གི་བསྔོ་བའི་གོ་ཆོད་དེ། ལྟུང་བཤགས་ལས་ཀྱང༌། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང༌།

བཟང་སྤྱོད་ལས་ཀྱང༌།
འཇམ་དཔལ་དཔའ་བོས་ཇི་ལྔར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།
།དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།


།ཞེས་གསུངས། དེ་བས་ན་དགེ་བ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་གནད་མ་ཆུག་པ་ནི་མཇུག་བསྔོ་པའི་རྒྱས་ཡོངས་སུ་ཐེབས་པ་འདི་ཁོ་ན་ལ་རགས་ལས་པ་ཡིན་པས་ན་རྣམ་པ་ཀུན་ཏུ་འབད་པར་བྱའོ།



།གསུམ་པ་ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་རྒྱུ་རྡོ་རྗེ་བཞིའི་ངོ་བོ་སྒྲུབ་པ་ནི། འདི་ལྟར་དཔལ་མགོན་བླ་མ་དམ་པ་ནི། དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས། མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ཙམ་གྱིས་ཐར་པའི་ས་བོན་འདེབས་ཤིང༌། སངས་རྒྱས་ཐམས་ཅད་དང་འཕྲིན་ལས་ཀྱི་བྱེད་པ་གཅིག་པས་དཀོན་མཆོག་བཞི་པར་བྱོན། རང་ངོར་ཚེ་གཅིག་ལ་སྨོན་གྲོལ་ཟབ་མོའི་ལམ་དང་ཐུགས་རྗེ་བྱིན་རླབས་ཁོ་ནས་རྡོ་རྗེ་འཆང་གིས་སར་ཙན་ཐབས་སུ་བཀོད་པས་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ལྷག་ཅིང༌། ཡོན་ཏན་གྱི་སྒོ་ནས་གཞལ་ན་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ། མཁྱེན་བརྩེ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག །རང་བཞིན་རི་རྒྱལ་ལྟར་ཐུགས་བརྟན། འགྲོ་བར་ཕ་མ་ལྟར་ཐུགས་སྙོམས་ཤིང༌། ཡོན་ཏན་རེ་རེའི་ཆ་ཡང་དཔག་ཏུ་མི་ནུས་ལ། གསོལ་བ་བཏབ་པ་ཙམ་གྱིས་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁྱེད་ལ་བརྟེན། ཁྱེད་ལ་རེ། ཁྱེད་གཅིག་བསྒྲུབ་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་དང་བཅས། དང་པོ་དངོས་གྲུབ་བསྒྲུབ་པའི་དུས་སུ། རྗེ་བཙུན་གུ་རུ་རིན་པོ་ཆེ། །ཁྱེད་ནེ་སངས་རྒྱས་ཐམས་ཅད་ཀྱི། །སོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། །བར་སོང་ནས། གསོལ་འདེབས་རྒྱུད་བསྐུལ་གྱི་འཛབ་བཛྲ་གུ་རུ་ཁོ་ན་ལ་འབད། སིདྡྷི་བརྒྱར་སོང་མཚམས། རྗེ་བཙུན་གུ་རུ་རིན་པོ་ཆི། །ལ་སོགས་པ་སྔར་ལྟར་བྱ། དེ་ལྟར་བསྙེན་པ་ཅི་ཙམ་བཟླ་བའི་ཕྱེད་ཙམ་སོང་ནས། དངོས་གྲུབ་སྐུལ་བའི་དུས་སུ། སིདྡྷི་ཕྲེང་སྐོར་རེའི་མཚམས་སུ། བདག་ལ་རེ་ས་གཞན་ན་མེད། །སོགས་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན། །ཡན་ཆད་ཚར་རེ་བྱ། དེ་ནས་དངོས་གྲུབ་ཞུ་བའི་དུས་སུ་དབང་བཞི་ལེན་པའི་དམིགས་པ་བྱ་བ་ནི། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུ་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་སྲོག་གཅོད་མ་བྱིན་ལེན་པ་འདོད་པས་ལོག་པར་གཡེམ་པ་གསུམ་དང༌། ལུས་སྐྱེད་བྱེད་རྩ་ཡིན་པས་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས་པ་སོགས་ནས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། ཡང་མགྲིན་པ་ནས་ཨཱཿཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་རྫུན་ཕྲ་མ་ཚིག་རྩུབ་ངག་བཀྱལ་བཞི་དང༌། ངག་འཕེལ་བྱེད་རླུང་ཡིན་པས་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། སོགས་ནས། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བརྒྱུད་ལ་བཞག་པར་བསམ། ཡང་ཐུགས་ཀའི་ཧཱུཾ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་དང༌། ཡིད་འཕེལ་བྱེད་ཐིག་ལེ་ཡིན་པས་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས་སོགས་ནས། ཆོས་སྐུའི་གོ་འཕང་གི་སྐལ་བརྒྱུད་ལ་བཞག་པར་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། སྒོ་གསུམ་གྱི་རྟེན་གཞི་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྡོ་རྗེ་བྱིན་རླབས་ཞུགས་སོགས་ནས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ། །ཞེས་བརྗོད་ཅིང་བསམས་ཏེ། མཐར་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག །ཐུན་བསྡུ་བའི་ཚེ། ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །སོགས་ནས། བསམ་དོན་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་པ་དང་མཉམ་དུ་མོས་གུས་དུང་དུང་བ་ཞིག་བྱས་པས། གུ་རུ་རིན་པོ་ཆེའི་ཞལ་འཛུམ་པ་དང་སྤྱན་རྗེས་ཆགས་སུ་གཡོ་བའི་ངང་ནས་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚལ་མ་གྱིས་འབར་བ་ཞིག་འཐོན། རང་རྡོ་རྗེ་རྣལ་འབྱོར་མར་གསལ་པའི་སྙིང་གར་རེག་པའི་མོད་ལ་འོད་ཀྱི་གོང་བུ་སྲན་མཙམ་དུ་གྱུར། དེ་ཉིད་མཐར་མེ་སྟག་ཡར་བ་བཞིན་དུ་ཐག་སྒྲ་དང་བཅས་གུ་རུ་རིན་པོ་ཆེའི་ཐུགས་ཀར་འདྲེས་པའི་ངང་ལ་མཉམ་པར་བཞག །རྗེས་ལ་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་གསལ་ཞིང༌། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང༌། ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་པར་བྱའོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་དེ་ཡང་འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ། དེ་བསྐོར་བ་བྱེད་པའི་རྟེན་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་གསོལ་བ་འདེམས་པའི་རྟེན་ཡིན། ཟ་འཐུང་བྱེད་པའི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་ཕུད་མཆོད་ས་ཡིན། ཉལ་བའི་ཚེ་སྙིང་གི་དབུས་སུ་བསྒོམ། དེ་ཤེས་བྱ་བུམ་འཇུག་གི་གནད་བསྡུས་པ་ཡིན། མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་གང་དུ་འདུག་པའི་གནས་ཟངས་མདོག་དཔལ་གྱི་རི་བོ་དངོས་ཡིན་སྙམ་པའི་དྲན་འཛིན་དང༌། སྣང་པ་ཐམས་ཅད་བླ་མའི་སྐུར་སྦྱངས་ཏེ་མོས་གུས་བྱ། ན་ཚ་དང་གདན་བགེགས་མི་འདོད་པ་ལ་སོགས་པ་བྱུང་ན་བདག་གི་ལས་ངན་འཛད་པའི་ཐབས་སུ་བླ་མའི་ཐུགས་རྗེས་གནང་པ་ཡིན་སྙམ་དུ་དགལ་བ་བསྒོམ་ཞིང་སྤང་བློ་མི་བྱ། སྐྱིད་ལ་ཟོས་བདེ་དགེ་སྦྱོར་འཕེལ་བ་ལ་སོགས་བྱུང་ན། དེ་དག་ཀྱང་བླ་མའི་ཐུགས་རྗེར་ཤེས་ཏེ། ང་རྒྱལ་དང་དགའ་བྲོད་མེད་པར་བྱ། ཏིང་ངེ་འཛིན་བསྒོམ་པས་སྐྱོ་དུབ་དང་བྱིང་རྒོད་ལ་སོགས་པ་བྱུང་ན།

བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེས་ཏེ་གནས་ལུགས་ལྟ་བའི་རང་མདངས་བསྐྱངས་ཤིང༌། གསོལ་འདེབས་བསྙེན་པ་བཛྲ་གུ་རུ་ལ་ཆིག་དྲིལ་བྱ། དེ་ལྟར་བྱས་ན་སྣང་བ་ཐམས་ཅད་ལྷ་དང་བླ་མར་འཆར་ཞིང༌། སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར་བ་ཡིན་ཏེ། རྗེ་མི་ལའི་ཞལ་ནས། ང་འགྲོན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་ཀྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཟ་ན་སྟོང་ཉིད་ཀྱི་ཟས་ལ་ཟ། །གཟུང་འཛིན་སྤངས་པའི་ཟ་ལུགས་ཡིན། །འཐུན་ན་དྲན་ཤེས་ཀྱི་ཆབ་ལ་འཐུང༌། །རྒྱུན་ཆད་མེད་པའི་འཐུང་ལུགས་ཡིན། །ཞེས་གསུངས། དེར་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ནས། དམ་ཚིགས་ཉམས་ཆགས་བྱུང་ན་གསོ་བ་དང༌། བསྐྱེད་རྫོགས་རྫོགས་ཆེན་ལ་སོགས་པའི་ལམ་ཐམས་ཅད་བསྒོམ་བལ་དབང་བ་དང༌། གེགས་དང་གོལ་ས་མི་འབྱུང་བ་དང༌། ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་པ་ལ་སོགས་པ་ཐམས་ཅད་ཀྱང་རྩ་བ་སྨིན་བྱེད་ཀྱི་དབང་ལ་ཐུག་པ་ཡིན་ཏེ། ཇི་སྐད་དུ། གསང་སྔགས་དབང་ལ་མ་བསྟེན་འགྲུབ་པར་མི་འགྱུར་ཏེ། དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། ཞེས་དང༌། དབང་མ་བསྐུར་ལ་དངོས་གྲུབ་མེད། ཕྱི་མ་བརྩིར་ལམ་མར་མི་འབྱུང༌། །ཞེས་གསུངས། དེ་ཡང་དང་པོ་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། དཀྱིལ་འཁོར་དུ་བཅུ་གནས་དབང་བསྐུར་བ་དེ་གཞིའི་དབང་ཡིན་ལ། བླ་མའི་རྣལ་འབྱོར་ལ་བརྟེན་ནས་གཞན་རྐྱེན་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་དབང་བཞི་ལེན་པ་ནི་དཔང་ཡིན། མཐར་ཐུག་འབྲས་བུས་འོད་ཟེར་ཆེན་པོའི་དབང་ངམ་ཟབ་གསལ་གཉིས་མེད་ཀྱི་དབང་བསྐུད་ཐོབ་ནས། མངོན་པར་རྫོགས་པ་སངས་རྒྱས་པ་འབྲས་བུའི་དབང་ངོ། །དེ་ལ་ཡང་དག་རྫོགས་སྨིན་གསུམ་གྱི་ཟབ་གནད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་པས། དངོས་གཞི་ཉམས་སུ་ལེན་པའི་ཚེ་ཡང་སྦྱིར་སྔོན་འགྲོའི་ཆོས་ཐམས་ཅད་འདོར་དུ་མི་རུང་མོད་ཀྱང༌། ཁྱད་པར་བསྐྱེད་རྫོགས་སོགས་སྒོམ་པའི་ཚེ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ལམ་དབང་བླང་བ་འདི་ཐུན་རེའི་མགོར་ཡང་མཆག་པར་བྱ་བ་ནི་གནད་དམ་པའོ། །དེ་ལྟར་ན་མོས་གུས་དང་དམ་ཚིག་རྣམ་པར་དག་པ་གང་ཞིག་འདི་ཡན་ཆད་ཀྱི་ལམ་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་དབྱང༌། དག་པའི་ཞིང་ཁམས་དེ་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕིན་པར་འགྱུར་རོ། །འདི་དག་གི་སྐབས་སུ་ཉན་པ་པོ་སྤྲོ་བསྐྱེད་པ་ལ་སོགས་པའི་ཆེད་དུ་ནང་རྒྱུད་ཡོ་ག་གསུམ་གཙོ་བོར་གྱུར་པའི་བསྟན་པའི་བྱུང་ཚུལ་ལོ་རྒྱུས་ཀྱི་སྒོ་ནས་རྒྱས་བསྡུས་འཚམས་པ་རེ་གསུང་སྲོལ་ཡོད་པ་འདིར་ཡང་ཅུང་ཟད་འགོད་ན། དེ་ཡང་སྔ་འགྱུར་ནང་པ་བསྐྱེད་རྫོགས་རྫོགས་ཆེན་གསུམ་མཧཱ་ཨ་ནུ་ཨ་ཏི་གསུམ་དུ་གྲགས་པའི་རྒྱུད་སྡེ་འདི་དག་གི་བསྟན་པའི་བབས་ཚུལ་ལ་གསུམ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་དང་གསུམ་མོ། །དང་པོ་རྒྱལ་བ་གོངས་པས་བརྒྱུད་པ་ནི། གདོད་ན་ཡེ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཐུགས་རྗེའིརྣམ་པར་འཕྲུལ་པ་ཚད་མེད་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་དང་གནས་དང་སྟོན་པ་སྐུ་བཞིར་སྣང་སྟེ། ཉིད་ལས་མི་གཞན་པའི་འཁོར་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་དང༌། རྒྱལ་བ་རྒྱ་ཚོའི་ཚོགས་བསམ་གྱི་མི་ཁྱབ་པ་རྣམས་ལ་ཆོས་ཐམས་ཅད་ཚིག་དང་བརྡའི་སྒོ་ནས་མ་གསུངས་ཀྱང༌། ཐུགས་རྗེ་ཆེན་པོ་རང་རིག་པ་ཡེ་ཤེས་ཀྱི་རང་གདངས་འབད་མེད་ལྷུན་གྲུབ་ཏུ་གསལ་བ་ཉིད་ལས་སྟོན་པས་མི་གསུང་བར་གསུངས་པ་ན། འཁོར་རྣམས་ཀྱིས་དོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་དོན་མངོན་དུ་གྱུར་ཏེ་སྤངས་རྟོགས་ཀྱི་ཡོན་ཏན་དབྱེད་མེད་པར་གྱུར་པའོ། །དེ་ཉིད་གོ་རྟོགས་ཀྱི་སྐལ་པ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་གསུངས་པའི་ཚུལ་ནི། སྤྱི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གང་ལ་གང་འདུལ་གྱི་སྤྲུལ་པ་གྲངས་མེད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་ལ། བྱེ་བྲག་ཏུ་རིགས་དྲུག་གི་གདུལ་བྱ་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་ཚུལ་གྱིས་འདུལ་བར་མཛད། ཁྱད་པར་ཛམ་བུའི་གླིང་འདིར་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ལྷ་དང་མི་ཡུལ་དུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་འདུལ་བ་མདོ་སྡི་མངོན་པ་རྣམས་དང༌། སྔགས་ཕྱི་བ་ཀྲི་ཡ་ཨུ་བ་ཡོ་ག་ལ་སོགས་པ་གསུངས་པ་སྟེ། དེ་ཡང་ཇི་ཀད་དུ། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུང། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལྟར་རོ།

།གཉིས་པ་རིག་འཛིན་བརྡ་ཡིས་བརྒྱུད་པ་ཇི་ལྟར་བྱུང་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་མྱ་ངན་ལས་འདའ་ཁར་གསང་སྔགས་བླ་ན་མེད་པའི་བསྟན་པ་ཕྱིས་འབྱུང་བར་ལུང་བསྟན་ཏེ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་ཉི་ཤུའི་ཚེ། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་ལྟས་བཟང་པོ་སྣང་བར་འགྱུར། དྲག་ཤུལ་ཅན་ཞེས་བྱ་བའི་རིར། །གྲོགས་ཀྱི་སེམས་ཅན་དམན་པའི་རིགས། །ལང་ཀའི་བདག་པོ་ལ་སོགས་པར། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་ནས་སྐུ་མྱ་ངན་ལས་འདའ་ཚུལ་བསྟན། དེ་ནས་ལུང་བསྟན་པ་དང་མཐུན་པར་ནང་པ་བླ་མེད་ཀྱི་བསྟན་པ་བསྐྱེད་རྫོགས་གསུམ་བྱུང་སྟེ། ཆོས་མཧཱ་ཡོ་གའི་རྒྱུད་རྣམས་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། རྒྱལ་པོ་ཛ་ལ་རྨིས་ལྟས་བདུན་བྱུང་སྟེ། རང་གི་ཁང་སྟེང་དུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻཌཱུརྻ་ཞུན་མས་ཡི་གེར་བྲིས་པའི་གསང་སྔགས་རྒྱད་སྡེའི་པུ་སྟི་མང་པོ་དང༌། ཕྱག་རྡོར་གྱི་སྐུ་ཁྲུ་གང་པ་ཞིག་རྙེད་དོ། །གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་མཇལ་བྱིན་གྱིས་བརླབས་པས། གླེགས་བམ་རྣམས་ཀྱི་དོན་མ་ལུས་པ་མཁྱེན་ཏེ་དེ་ལས་རིམ་པར་དར་རོ། །ལུང་ཨ་ནུ་ཡོ་གའི་བྱུང་ཚུལ་ནི། ཡང་དུས་དེའི་ཚེད་དམ་པའི་རིགས་ཅན་དྲ་མ་ལྔས་རིམ་ལ་ཡའི་རྩེ་མོར་ཕྱོགས་བཅུའི་བུདྡྷཱ་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱི་ཧུར་ཀྱེ་མ་ཀློང༌། །སྟོན་པའི་གསལ་བྱེད་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉིར་གསུམ་བཏོན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ་བསྐུལ་ཏེ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །ལོ་ཀའི་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེས་ས་ལ་བབས་ནས་ཀྱང༌། །ལོ་ཀའི་གདུང་བ་སེལ་བར་གྱིས། །ཞེས་བསྐུལ་པས། གསང་བདག་གིས་བསུངས་པར་ཞལ་གྱིས་བཞེས་ཏེ། ཐོག་མ་ཐ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བའི། །སྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང༌། །ཞེས་གསུངས་ནས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་མདོ་དགོངས་འདུས་ལ་སོགས་པ་གསུངས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའི་གླིང་དུ་ལག་ན་རྡོ་རྗེ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་རྒྱུད་དང་མན་ངག་དང༌། ཕུར་བ་དང༌། མ་མོའི་རྒྱུད་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་ཨོ་རྒྱན་པདྨ་ཐོད་ཕྲེང་ལ་བཀའ་བབས་ནས་རིམ་པར་དར། ཁྱད་པར་མན་ངག་ཨ་ཏི་ཡོ་གའི་བསྟན་པ་བྱུང་ཚུལ་ནི། དང་པོ་ལྷའི་ཡུལ་དུ་དར་ཏེ། དེ་ཡང་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་དེ་བ་བཟང་སྐྱོང་ལ་ཡིད་ལ་སྐྱེས་པའི་བུ་ལྔ་བརྒྱ་ཙམ་ཡོད་པའི། ཆེ་བ་ཀུན་དགའ་སྙིང་པོ་ཞེས་བྱ་བ་སྐྱེས་ཟླ་གཞན་ལས་བློ་གྲོས་དང་སྒྱུ་རྩལ་ཁྱད་པར་འཕགས་པ་ཞིག་བྱུང་སྟེ། བསམ་གཏན་གྱི་ཁང་པ་ན་གཅིག་པོར་སྡོད་ཅིང་རྡོ་རྗེའི་བཟླས་པ་ལ་དགའ་འོ། །དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་གྲགས་སོ། །ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོར་མི་ལྟས་བཞི་རྨོས་ཏེ། སརྦ་བུདྡྷས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། འོད་ཟེར་ཐུབ་དྲུག་གིས་སེམས་ཅན་ལ་བསྐོར་བ་བྱས་ཏེ་དབུ་གཙུག་ཏུ་ཐིམ་པ་རྨིས། གཉིས་པ་ལ་ཚངས་པ་དང༌། ཁྱབ་འཇུག་དང༌། གུ་ལང་དང་གསུམ་ཁྱུར་མིད་བྱས་པ་རྨིས། གསུམ་པ་ལ་ནམ་མཁའི་ཉི་ཟླ་གཉིས་རང་གི་ལག་ཏུ་བྱུང་ནས་ལོ་ཀ་སརྦ་འོད་ཀྱིས་གང་བ་རྨིས། བཞི་པ་ལ་ནམ་མཁར་སྤྲིན་རཏྣའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ་རྩི་ཐོག་དང༌། ནགས་ཚལ་དང༌། རིན་པོ་ཆེའི་མྱུ་གུ་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པ་རྨིས། ནངས་པར་ལྷའི་དབང་པོ་ལ་བཟླས་པས། ལྷའི་དབང་པོ་ཀོའུ་ཤི་ཀས་བསྟོད་པ། ཨེ་མ་ཧོ། སྙིང་པོ་རྩོལ་མེད་བསྟན་པ་འབྱུང་བའི་དུས། །རྒྱལ་བའི་སྤྲུལ་པ་དུས་གསུམ་བྱང་ཆུབ་སེམས། །ས་བཅུའི་དབང་ཕྱུག་ལོ་ཀའི་སྒྲོན་མེ་མཆོག །ལྷ་གནས་རྒྱན་གྱུར་ཁྱེད་ནི་ངོ་མཚར་ཆེ། །ཞེས་གསུངས་སོ།

།རྨི་ལམ་དང་པོ་ནི།
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལོན་ཏེ་རྒྱལ་ཚབ་བྱེད་པའི་རྟགས་སོ། །
གཉིས་པ་ནི་བདུད་ཐམས་ཅད་དབང་དུ་བསྡུས་ཤིང་དུག་གསུམ་རྩད་ནས་གཅོད་པའི་རྟགས་སོ།
།གསུམ་པ་ནི་གདུལ་བྱའི་བློ་མུན་སེལ་ཞིང་བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་སོ།
།བཞི་པ་ནི་རང་བྱུང་ཨ་ཏིའི་བདུད་རྩིའི་ཆུས་ཉོན་མོངས་པའི་ཚ་གདུང་སེལ་ཞིང༌།
རྩོལ་མེད་འབྲས་བུ་ཨ་ཏིའི་ཐེག་པ་ལྷུན་གྱིས་གྲུབ་པའི་རྟགས་སོ།


།ཡང་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་བསྐུལ་ལོ།
།རིན་ཆེན་འཕྲུལ་གྱི་ཐབས་ལྡན་པ། །གདུལ་བྱའི་གང་འདོད་སྒོ་ཕྱེ་ནས།
།རྩོལ་མེད་དབྱིག་དང་ལྡན་པར་མཛོད།

།ཅེས་བསྐུལ་བས་ཤྲཱི་བཛྲ་སཏའི་ཐུགས་ཀ་ནས་རིན་པོ་ཆེ་རང་འབར་གྱི་འཁོར་ལོ་བྱུང་སྟེ། སེམས་དཔའ་རྡོ་རྗེ་ལ་གཏད་དེ་འདི་སྐད་དོ།
།གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱར་མེད་རྩོལ་མེད་ཡེ་སངས་རྒྱས།
།དབུལ་ཆེན་པོ་གྲགས་པའི་ལམ། །འདུས་པའི་འཁོར་ལ་བསྟན་པར་གྱིས།

།ཞེས་བསྐུལ་བས་སེམས་དཔའ་རྡོ་རྗེས་བཤད་པར་དམ་བཅས་པ། བཛྲ་སཏ་ནམ་མཁའ་ཆེ། །ཚིག་སྤྱོད་ཡུལ་མ་ཡིན་པ་ལ། །བདག་གིས་སྒྲོགས་པར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་པས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པ་ཡིས་རྣལ་འབྱོར་སྒྲོལ། །ཞེས་ཞལ་གྱིས་འཆེས་ནས། དེའི་ཕྱག་ན་རྡོ་རྗེས་ཤར་ཕྱོགས་སུ་རྡོ་རྗེ་སྣང་བའི་ཞིང་དུ་དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ལ་སོགས་པ་རྡོ་རྗེའི་རིགས་རྣམས་དང༌། ལྷོ་ཕྱོགས་ལོ་ཀའི་ཁམས་རིན་པོ་ཆེའི་སྣང་བར་ཏ་ཐཱ་ག་ཏ་རིན་པོ་ཆེའི་ཞབས་ལ་སོགས་པ་རཏྣའི་རིགས་རྣམས་དང༌། ནུབ་ཕྱོགས་པདྨ་བརྩེགས་པར་བྷ་ག་ཝཱ་ན་པདྨའི་འོད་ལ་སོགས་པདྨའི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་དང༌། བྱང་ཕྱོགས་རྣམ་དག་གྲུབ་པར་ཏ་ཐཱ་ག་ཏ་གྲུབ་པར་སྣང་བ་ལ་སོགས་པ་ལས་ཀྱི་རིགས་མཐའ་ཡས་པ་དང༌། དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་སུ་ཏ་ཐཱ་ག་ཏ་ཤྲཱི་བཻ་རོ་ཙ་ན་ལ་སོགས་པ་དེད་བཞིན་རིགས་ཀྱི་རྒྱལ་བ་མང་པོ་རྣམས་ལས། རྨད་བྱུང་བསྟན་པའི་སྙིང་པོ་རྩོལ་མེད་རང་བྱུང་གི་དགོངས་པ་རྒྱུ་འབྲས་ལས་འདས་པའི་ཆོས་ཨ་ཏེ་ཡོ་གའི་དོན་རྣམས་སྒྲོ་འདོགས་བཅད་ཅིང༌། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་བླངས་ནས། སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་དབུས་ཁང་ན་ལྷའི་བུ་སེམས་ལྷག་ཅན་ཡོད་པ་དེ་ལས་དང་སྐལ་པར་ལྡན་པར་མཁྱེན་ཏེ་མདུན་དུ་བྱོན། སྲོག་ཤིང་གི་རྡོ་རྗེ་རྩེ་དགུའི་པའི་སྟེང་དུ་རིན་པོ་ཆེ་འབར་པའི་ཁྲིའི་ཁར་ཕྱག་ན་རྡོ་རྗེ་བཞུགས། རཏྣ་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། ལྷ་རྫས་ཀྱི་མཆོད་པ་མང་པོས་མཆོད་དེ། སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བརྡའི་སྒོ་ནས་བསྐུར། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག །གཞན་དབང་བདུན་མན་ངག་ལྔ་དང༌། ཏནྟྲ་དང་མན་ངག་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བསྟན་ནས། རྒྱལ་ཚབ་དམ་པར་དཔང་བསྐུར་ཏེ། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་ཤོག །ཅེས་གསུངས་ཏེ་བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་འགྱུར་ཏོ།

།དེ་ནས་མི་ཡུལ་དུ་བྱུང་བའི་ལོ་རྒྱུས་ནི། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོ་མའི་ཡུལ། དྷ་ན་ཀོ་ཁའི་གླིང༌། མཚོ་ཀུ་ཏྲའི་འགྲམ། རྡོ་རྗེ་གླིང་ཕུག་གི་གནས། མེ་ཏོག་བཀྲ་བའི་ཚལ་ཉམས་དགའ་བ་དེ་ན། ཡབ་རྒྱལ་པོ་ཨུ་པརཱ་ཙ་དང༌། ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ། སྲས་མོ་མེ་ཏོག་གསལ་ཞེས་བྱ་བ་མཚན་དང་ལྡན་པ། དགེ་སེམས་དང་བྱང་སེམས་ལྷག་པར་ཆེ་བ། གཡོ་སྒྱུ་དང་བག་མེད་སྤངས་ཏེ་རབ་ཏུ་བྱུང་བ་དགེ་སློང་མའི་ཁྲིམས་སྐྱོན་བྲལ་རྣམ་པར་དག་པ་སྲུང་ཞིང་དགེ་སློང་མ་ལྔ་བརྒྱའི་འཁོར་དང་བཅས་ནས་གནས་པ་ལ། ཤིང་མོ་གླང་གི་ལོ་དབྱར་ཟླ་ར་པའི་ཚེས་བརྒྱད་ཀྱི་ཐོ་རེངས་རྨི་ལམ་ན། ཏ་ཐཱ་གཏ་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ། ཉི་མ་སྤྱི་བོ་ནས་མར་ཐིམ། ཟླ་བརྐང་མཐིལ་ནས་ཡར་ཐིམ་པ་རྨིས། ནངས་པར་རྟོགས་པ་སྐྱེས་ཏེ་མཚོ་ཀུན་ཏྲའི་འགྲམ་དུ་ཁྲུས་བྱས་ནས་འདུག་པ་ལ། ཕྱག་ན་རྡོ་རྗེ་བྱའི་རྒྱལ་པོ་ངང་པ་ཞིག་ཏུ་སྤྲུལ་ནས་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ནས་སྤྲུལ་པ་ལ་ངང་པ་བཞིར་སྤྲུལ། ནམ་མཁའ་ལས་བབས་ཏེ་ཁྲུས་བྱས་ནས་གསུམ་སླར་ནམ་མཁའ་ལ་འཕུར། གསང་བདག་གི་སྤྲུལ་པའི་བྱ་དེས་སྲས་མོའི་ཐུགས་ཀར་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་ཐུགས་ཀར་བསྟིམས་ཏེ་འཕུར་སོང༌། དེར་མོ་ཡ་མཚན་སྐྱེས་ཏེ་ཡབ་དང་འཁོར་རྣམས་ལ་ལོ་རྒྱུས་བསྙད་བས། ཡབ་རྒྱལ་པོ་ཡ་མཚན་ཞིང་དགྱེས་ཏེ་སངས་རྒྱས་ཀྱི་སྤྲུ་པ་ཞིག་འབྱུང་ངམ་གསུངས། བྱ་དགའ་དང་རིམ་གྲོ་ཆེར་མཛད། དེར་སྦྲུམ་པའི་རྣམ་པ་མེད་པར་ལོ་དུས་ན་ཐུགས་ཀ་ནས་རྡོ་རྗེ་རྩེ་དགུ་འོད་འབར་བ་ཞིག་བྱུང་སྟེ་ཞུ་བ་ལས་ཁྱེའུ་ཆུང་མཚན་དཔེས་བརྒྱན་པ་ཕྱག་གཡས་པ་རྡོ་རྗེ་དང་གཡོན་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ༌། །དེར་ཐམས་ཅད་དགྱེས་ནས་བྲམ་ཟེ་མཚན་མཁན་ལ་བསྟན་པས། བྲམ་ཟེ་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོ་ཞིག་འབྱུང་བར་འདུག་ཟེར་རོ། །ཐམས་ཅད་དགའ་བའི་རབ་ཏུ་གྱུར་ཅིང་ཕྱག་ན་རྡོ་རྗེ་བསྣམས་པས་མཚན་ཡང་དགའ་རབ་རྡོ་རྗེ་ཞེས་བཏགས། ཐམས་ཅད་ཀུན་དགྱེས་པས་དགྱེས་པ་རྡོ་རྗེ། བཞད་པས་བཞད་པ་རྡོ་རྗེར་བཏགས། རྒྱལ་སྲིད་བཟུང་བ་ལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ཏེ། རྒྱལ་ཐབས་སྤྱི་བླུགས་རྫོགས་པ་ལ་སོགས་པའི་དབང་རྣམས་བསྐུར། ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་དུས་མཐའི་སྐད་ཅིག་ལ་རྫོགས་པར་མཛད། དགའ་རབ་རྡོ་རྗེ་ཉིད་ལ་བསྟན་པའི་བདག་པོར་དབང་བསྐུར། དམ་ཅན་རྣམས་ལ་གྲོགས་མཛོད་ཅིག་ཅེས་བསྟན་པའི་སྲུང་མར་གཉེར་གཏད་ཅིང་བསྐོས་སོ། །དེར་དགའ་བ་རྡོ་རྗེ་ཉིད་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་སྐད་ཅིག་གིས་སངས་རྒྱས་སོ། །དེའི་དུས་ན་རྒྱ་གར་འཕགས་པའི་ཡུལ་ན་ཕ་བྲམ་ཟེ་བདེ་སྐྱོང་དང་མ་ཀུ་ཧ་ན་གཉིས་ལ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་བུ་བྲམ་ཟེ་སྙིང་པོ་གྲུབ་པའམ་བདེ་མཆོག་སྙིང་པོ་ཞེན་བྱ་བ་ཞིག་ཡོད་པ་ཕྱིས་རབ་ཏུ་བྱུང་ནས་པཎྜི་ཏ་ལྔ་བརྒྱའི་གཙོ་བོར་གྱུར་ཅིང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་གྲགས་པ་ལ། འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་མཚོ་ཀུ་ཏྲའི་འགྲམ་དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་དབུས་རྡོ་རྗེ་གླིང་ཕུག་གི་གནས་ན། རྡོ་རྗེ་སེམས་དཔའི་སྤྲུལ་པས་སངས་རྒྱས་ཐམས་ཅད་ཀྱི་རྩོལ་མེད་བསྟན་པའི་བདག་པོ། རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཀྱི། ཁྱོད་དེ་རུ་སོང་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏེ་ཡོ་ག་ཞེས་བྱ་བ་རྩོལ་མེད་དུ་འཚང་རྒྱ་བའི་ཆོས་ཡོད་པ་དེ་ཞུས་ལ་སྤྲུལ་བའི་སྡུད་པ་པོ་ཡང་གྱིས་ཤིག་ཅེས་ལུང་བསྟན་པས། འཇམ་དཔལ་བཤེས་གཉེན་གྱིས་པཎྜི་ཏ་གཞན་རྣམས་ལ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་རྒྱུ་འབྲས་ལས་འདས་པའི་ཆོས་སྟོན་པ་ཞིག་ཡོད་པར་འདུག་པས་དེ་ཚར་གཅོད་པ་ལ་འདོད་དགོས་གསུངས་ནས་གྲོས་བྱས་ཏེ། ཐུ་པོ་རཱ་ཛ་ཧ་སྟེ་ལ་སོགས་པ་བདུན་གྱིས་ཨོ་རྒྱན་གྱི་གནས་བགྲོད་དཀའ་བར་བྱོན། རྒྱུ་དང་འབྲས་བུ་གསང་སྔགས་ཕྱིན་ནང་གི་ཆོས་གང་ནས་བརྩད་ཅིང་བགྲོ་གླེང་བྱས་ཀྱང་དགའ་རབ་རྡོ་རྗེ་མ་ཐུབ་ནས། འཇམ་དཔལ་བཤེས་གཉེན་གྱིས་གྲོགས་རྣམས་ལ་སྤྲུལ་པའི་སྐུ་ལ་རྒྱུ་འབྲས་ལས་འདས་པའི་ཆོས་ཞུའམ་ཞེས་དྲིས་པས། ཐུ་བོ་རཱ་ཛ་ཧ་སྟིས་ནི་ཞུ་བར་སྙམ་ཡང་འོ་སྐོལ་གྱིས་བརྙས་པ་བྱས་པས་ཞུ་མི་སྤོབས་ཟེར། ལ་ལ་ནི་འོ་ཅག་ཀྱང་ངེས་པར་འགྱུར་བས་ཞུའོ་ཟེར། བཤགས་པ་བྱེད་པར་གྲོས་བྱས་ནས། ལ་ལས་ནི་ཕྱག་དང་བསྐོར་བ་བྱས། ལ་ལས་ནི་ངུ་ཞིང་མཆི་མ་བྱུང༌། འཇམ་དཔལ་བཤེས་གཉེན་གྱིས་ཕྱག་བཙལ་ནས་སྨྲེ་སྔགས་བཏོན། སྤྲུལ་བའི་སྐུ་ལ་བདག་གིས་བརྙས་པ་ཤོར། རྩོད་པའི་ཚིག་མང་པོ་བྱུང་རྒྱལ་དུ་སྨྲས་པས། རང་གི་ལྕེ་འདི་བཅད་ལ་བཤགས་པ་བྱ་དགོས་སྙམ་སྤུ་གྲི་བཙལ་བ་ན། སྤྲུལ་པའི་སྐུས་དགོངས་ཏེ་ཁྱོད་ཀྱི་ལྕེ་བཅད་པས་སྡིག་པ་མི་འདག་གི། རྒྱུ་འབྲས་ཀྱི་ཆོས་ལས་ཁྱད་པར་དུ་འཕགས་པའི་ཆོས་ཞིག་རྩོམས་ཤིག །དེས་འདག་པར་འགྱུར་རོ་གསུངས་ཏེ། ལས་དང་སྐལ་བར་མི་ལྡན་བརྣམས་ནི་སླར་ལོག །འཇམ་དཔལ་བཤེས་གཉེན་ནི་བརྡའ་བསྟན་པ་ཙམ་ལ་སྐད་ཅིག་གིས་རྟོགས་པས་ཆོས་ཐམས་ཅད་ཁོང་དུ་ཆུད། བསྟན་པ་ཡོངས་སུ་རྫོགས་ཕྱིར་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པ་གཏད། འཇམ་དཔལ་བཤེས་གཉེན་ཞེས་མཚན་བཏགས། དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་གདམས་པའི་དོན་རྣམས་བྲིས་ནས་བཀའ་སྩལ་བ།

སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགགས་མེད་པ་ནམ་མཁའ་འདྲ།
།ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ན། །དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན།


།ཞེས་གསུངས། འཇམ་དཔལ་བཤེས་གཉིན་གྱིས་རྟོགས་པའི་དོན་ཁོང་དུ་ཆུད་ནས་རྟོགས་པ་བརྗོད་པ། བདག་ནི་འཇམ་དཔལ་བཤེས་གཉེན་ཏེ། །གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ། །འཁོར་འདས་མཉམ་པ་ཆེན་པོར་རྟོགས། །སརྦ་ཛྙཱ་ནའི་ཡེ་ཤེས་ཤར། །ཞེས་གསུངས། བྱང་སེམས་རྡོ་ལ་གསེར་ཞུན་བཤགས་པར་བརྩམས། སྤྲུལ་པའི་བཀའི་སྡུད་པ་པོའང་མཛད་དོ། །འཇམ་དཔལ་བཤེས་གཉེན་ལ་ཤྲཱི་སིཾ་ཧས་ཞུས་ཏེ། དེ་ཡང་རྒྱ་ནག་ཤོ་ཤའི་གླིང་དུ་ཡབ་དགེ་ལྡན་དང་ཡུམ་སྣང་གསལ་མའི་སྲས་སུ་འཁྲུངས། སློབ་དཔོན་ཧ་སྟེ་བྷ་ལ་ལས་སྒྲ་ཚད་རྩིས་སོགས་རིག་གནས་ལྔ་ལ་མཁས་པར་སྦྱངས། ལོ་ཉི་ཤུ་རྩ་ལྔ་ལ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ། ཟབ་མོ་ཨ་ཏིའི་བསྟན་པ་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་ཞུས་ཏེ། སྤྲོས་བྲལ་མཆོག་གི་རྟོགས་པ་མངོན་ཏུ་གྱུར། ཤྲཱི་སིཾ་ཧ་ལས། ཨོ་རྒྱན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན་རྣམས་ཀྱིས་ཞུས་པ་སྟེ། དེ་ཡན་ཆད་ནི་རིག་འཛིན་བརྡའི་བརྒྱུད་པའོ།

།དེ་ནས་བོད་ཁ་བ་ཅན་གྱི་ཡུལ་འདིར་སྙིང་པོའི་བསྟན་པ་ཅི་ལྟར་དར་ན། སྔོན་བཅོམ་ལྡན་འདས་ཞལ་བཞུགས་པའི་ཚེ་བོད་ཡུལ་འདིར་མིའི་འགྲོ་བ་མེད་པ་ལ་ཕྱིས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་སྤྲེའུ་བྲག་སྲིན་གཉིས་ལས་མིའི་འགྲོ་བ་མཆེད། དེ་ཡང་ཆོས་མེད་ཁྲིམས་མེད་གོང་ན་དཔོན་མེད་མགོ་མེད་ཇ་སིག་ཏུ་ཡོད་དུས། རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པ་ལ་སྲས་གཅིག་འཁྲུངས་པ་དེ། རྐང་ལག་ཐམས་ཅད་ངང་པ་བཞིན་འབྲེལ་པ། སྤྱན་བྱ་མིག་ལྟར་ཡས་འགེབས་པ། དེ་ལྟ་བུ་ཞིག་འདུག་ནས་ཡབ་ཀྱིས་འདི་མི་མ་ཡིན་གྱི་བུ་ཞིག་ཡིན་འདུག་པས་སྤྱུགས་བཏང་བ་གྲགས་ཟེར་ནས་སྲས་ཅུང་ཟད་ནར་སོན་པ་ན་སྤྱུགས་བཏང་བས་ལས་དབང་གིས་རྐང་འཁྱར་ཏེ་བོད་ཡུལ་དུ་ཕེབ། ཕྱུགས་རྫི་འགའ་ཞིག་དང་འཕྲད་དེ། གང་ནས་འོང་སུ་ཡིན་དྲིས་པས་གནམ་ལ་མཛུབ་མོ་བསྒྲེངས་པས། གནམ་གྱི་ལྷ་ཡིན་སྙམ་ནས་ཐམས་ཅད་ཀྱི་གཉའ་བར་ས་རྡོ་ཁུར་ནས་ཁྲི་བརྩིགས་ཏེ་དཔོན་དུ་མངའ་གསོལ་བ་དེ་རྒྱལ་པོ་ལ་ལྔ་བ་གཉའ་ཁྲི་བཙན་པོ་ཞེས་གྲགས་ཏེ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཡིན། དེ་ནས་རྒྱལ་རབས་མང་ཞིག་སོང་བའི་ཚེ། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ་སྐུའི་རྟེན་ཙིནྟ་མ་ཎིའི་སྐུ་དང༌། གསུང་གི་རྟེན་མདོ་སྡེ་ཟམ་ཏོག་བཀོད་པ་དང༌། སྤང་སྐོང་ཕྱག་བརྒྱ་པ་རྣམས་དང༌། ཐུགས་ཀྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བྱུང་སྟེ། དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱུང་སྟེ། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་དང༌། ལྷ་སའི་གཙུག་ལག་ཁང་བཞེངས། རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོ་དང༌། ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བསུས་པའི་རྫོངས་སུ་ཇོ་བོ་རྣམ་པ་གཉིས་སྤྱན་དྲངས། ཐོན་མི་སཾ་བྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། རྒྱ་གར་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་བསླབས་ཏེ། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པའི་འགྱུར་གྱི་མགོ་བཙུགས། རྒྱལ་པོའི་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨཱ་ཀར་མ་ཏི་ཞེས་བྱ་བར་སྤྲུལ་ཏེ། རྒྱ་གར་ཡུལ་གྱི་མུ་སྟེགས་པའི་རྒྱལ་པོ་བཏུལ། རྒྱ་གར་དང་ཟངས་གླིང་གི་མཚམས་བྱེ་མའི་གླིང་ཙན་དན་སྤྲུལ་གྱི་སྙིང་པོའི་ཁོང་ནས་རང་བྱུང་འཕགས་པ་མཆེད་ལྔ་སྤྱན་དྲངས། ལྷ་སའི་བཅུ་གཅིག་ཞལ་ཁྱད་པར་དུ་འཕགས་པ་བཞེངས། རྒྱལ་པོ་འདིའི་རིང་ལ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད།

དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཏེ། དགུང་ལོ་བཅུ་གསུམ་ལོན་པའི་ཚེ་ཡབ་གཤེགས། བཅུ་བདུན་གྱི་བར་དུ་ངམ་ཏ་ར་ཀླུ་གོང་དང༌། ལྷ་བཟང་ཀླུ་དཔལ་ལ་སོགས་པའི་བློན་པོ་རྣམས་དང་བགྲོས་ནས་དམག་ཇག་གི་སྒོ་ནས་ཡུལ་ཁམས་མང་པོ་བཏུལ་ཏེ་མངའ་འོག་ཏུ་བཙུད། དེ་ནས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོས་སྲོལ་བཏོད་པ་སོགས་ཡབ་མེས་གོང་མ་ཐམས་ཅད་ཆོས་ཁོ་ན་མཛད་པར་འདུག་པས། བདག་གིས་དམ་ཆོས་ཁོ་ན་དར་ཞིང་རྒྱས་པ་ཞིག་མཛད་དགོས་དགོངས་ནས། ཆོས་བློན་འགོས་པད་མ་གུང་བཙན་དང་གྲོས་བྱས། བློན་པོ་གཞན་ལ་ཐབས་ཀྱིས་གདམ་ག་བསྐུར་ཏེ་གཙུག་ལག་ཁང་ཞིག་བཞེངས་པར་ཀུན་གྲོས་མཐུན་ནས། ས་འདུལ་མཁན་གྱི་བླ་མཆོད་བཙལ་བའི་ཚེ། རྒྱལ་པོའི་མཆོད་གནས་ཉང་ཏིང་འཛིན་བཟང་པོ་བསམ་ཡས་མཆིམས་ཕུ་ན་ཞུགས་པ་ལ་ཞུས་པས། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་ན་ཆོས་རྒྱལ་གོ་མ་དེ་བྱི་བྱ་བའི་སྲས་པོ་མཁན་ཆེན་ཞི་བ་འཚོ་བཞུགས་པ་ཞི་གནས་ཀྱི་གསལ་སྣང་གིས་མཁྱེན་ཏེ། རྒྱལ་པོ་ལ་གསུངས་པས་སྤྱན་དྲངས་ས་བཏུལ་ཡང་ཨཱརྻ་པཱ་ལོའི་གླིང་ན་ཀླུ་གནས་པའི་སེ་ཕུང་ཞིག་ཡོད་པ་གཅོད་པར་ཤེས་ནས་ཀླུ་དེས་ལྷ་འདྲེ་ཐམས་ཅད་ར་མདར་སློག །དགེ་བསྙེན་ཉེར་གཅིག་དང་མི་དང་མི་མ་ཡིན་རྣམས་ཀྱི་དམག་དཔུང་བསྡུས། ཉིན་མིས་བརྩིགས་པ་རྣམས་མཚན་མོ་ལྷ་འདྲེས་བཤིགས་ཏེ་ས་རྡོ་ཐམས་ཅད་རང་གནས་སུ་བསྐྱལ། དེར་རྒྱལ་པོས་མཁན་པོ་ལ་འདི་ལྟར་ཡོང་བ་བདག་སྒྲིབ་པ་ཆེའམ་མཁན་པོས་བྱིན་གྱིས་མ་བརླབས་སམ། བསམ་པ་མི་འགྲུབ་པ་ལགས་སམ་ཞེས་ཞུས་པས། མཁན་པོའི་ཞལ་ནས། བདག་གིས་བྱང་ཆུབ་ཀྱི་སེམས་འབྱོངས་ཀྱང་ལྷ་འདྲེ་རྣམས་ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་པར་འདུག །ད་ལྟ་རྒྱ་གར་རྡོ་རྗེ་གདན་ན། ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ། སྐུ་རྫུས་སྐྱེས་སུ་འཁྲུངས་པ། རིག་པའི་གནས་ལྔ་ལ་མཁས་པ། དོན་དམ་གྱི་རྩལ་འབྱོངས་པ། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ། བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ། ལྷ་འདྲེ་ཐམས་ཅད་འདར་ཞིང་འབྱུང་པོ་འདུལ་བ་ཞིག་བཞུགས་བ་དེ་སྤྱན་དྲངས་ན། ལྷ་འདྲེ་ཐམས་ཅད་འཁུ་མི་ནུས་ཏེ། རྒྱལ་པོའི་ཐུགས་དགོངས་མཐར་ཕྱིན་པར་འགྱུར་རོ་གསུངས། རྒྱལ་པོས་འདྲ་སྤྱན་མི་འདྲོང་ངམ་ཞུས་པས། སྔོན་གྱི་སྨོན་ལམ་ཡོད་པས་སྤྱན་འདྲོང་སྟེ། སྔོན་བལ་ཡུལ་དུ་བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་མ་ལ་རྟ་རྫི། ཕག་རྫི། བྱ་རྫི། ཁྱི་རྫི་བཞིས་བཤོས་པའི་བུ་བཞིར་གྱུར་དུས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ཏེ་སྨོན་ལམ་བཏབ་པའི་ལོ་རྒྱུས་རྣམས་གསུངས་ཏེ། སྦ་ཁྲི་བཞེར། རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་པུ་དཔལ་གྱི་སེངྒེ་རྣམས་ལ་གསེར་ཕྱེ་བྲེ་རེ། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་ལ་བརྫངས། དེ་རྣམས་ཀྱིས་སློབ་དཔོན་བོད་ཡུལ་དུ་གཙུག་ལག་ཁང་གིས་གཞི་བྱིན་གྱིས་རློབ་པར་འབྱོན་དགོས་པའི་ཞུ་བ་ཕུལ་བས་ཞལ་གྱིས་བཞེས་ཏེ་རིམ་བཞིན་བྱོན་ནས། ལམ་དུ་བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག་ལ་སོགས་པ་བོད་ཡུལ་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་བྲག་དམར་དུ་ཕེབས། གཙུག་ལག་ཁང་གིས་བཏུལ་ཏེ། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དབུ་རྩེ་རིམ་གསུམ། གླིང་བཞི། གླིང་ཕྲན། ཡག་ཤ་ལྟག་འོག་ཉི་མ་དང་ཟླ་བ། ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་བཞེངས། མཁན་པོ་དང༌། སློབ་དཔོན་པདྨ། བི་མ་ལ་མི་ཏྲ་གསུམ་གྱིས་རབ་གནས་མེ་ཏོག་ལན་གསུམ་དུ་འཐོར། ངོ་མཚོར་གྱི་ལྟས་དང་ཆོ་འཕྲུལ་མང་དུ་བྱུང༌། དེ་ནས་མཁན་པོས་འདུལ་བ་དང༌། མདོ་ལུགས་ཀྱི་སྲོལ་བཟུང༌། སློབ་དཔོན་པདྨ་དང༌། བི་མ་མི་ཏྲས་སྔགས་ཀྱིས་བསྟན་པ་བཙུགས། དེའི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པ་དང༌། པཎ་ཆེན་བི་མ་མི་ཏྲ་གཉིས་ཀྱིས། ཐུགས་སྲས་རྗེ་འབངས་གྲོགས་གསུམ། ཉང་བན་ཏིང་འཛིན་བཟང་པོ་ལ་སོགས་པ་སྣོད་དང་སྐལ་པར་ལྡན་པ་རྣམས་ལ་ཤན་འབྱེད་ལ་བཟླ་རང་གྲོལ་མངོན་སུམ་དུ་སྟོན་པ་རྫོགས་ཆེན་ཨ་ཏི་ཡོ་ག་ལ་སོགས་པ་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ཕྱིན་ཆད་ཀྱི་བརྒྱུད་པ་ལ་གང་ཟག་སྙན་བརྒྱུད་དུ་གྲགས། དེར་མ་ཟད་ཨོ་རྒྱན་སངས་རྒྱས་གཉིས་པས་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་རང་རང་ལས་འཕྲོས་དབང་བའི་ཆོས་བཀའ་བསམ་གྱིས་ཁྱད་པ་ཞིག་གནང་སྟེ་དཔེ་རྒྱུད་ཤོག་སེར་ལ་བྲིས་ནས་གཏེར་དུ་སྤས། མ་འོངས་རྗེས་འཇུག་གི་དོན་དུ་སྨོན་ལམ་གཏད་རྒྱ་དང་བཅས་ཏེ་མཛད་པ། ཕྱིས་ལུང་བསྟན་དུས་ལ་བབས་པ་ན་སྔོན་གྱི་སྨོན་ལམ་ལ་དབང་བའི་གྲུབ་ཐོབ་སྤྲུལ་པའི་སྐུ་གློ་བུར་བ་རེ་བྱོན་ཏེ་ཟབ་མོ་གཏེར་གྱི་སྒོ་ཕྱེས། ལས་ཅན་གྱི་གང་ཟག་མང་པོ་རྗེས་སུ་བཟུང་སྟེ་འགྲོ་དོན་མཛད་པ་རྣམས་ལས་བརྒྱུད་པ་ནི། བརྒྱད་པ་དྲག་ལྡན་ནམ་དགུ་ལྡན་ལ་སོགས་པར་གྲགས་པ་ཡིན་ནོ། །དེ་ལྟར་སྤྲུལ་སྐུ་གཏེར་སྟོན་གྲངས་མེད་པ་འབྱུང་པ་ལས་འདིར་རིག་འཛིན་འཇིགས་མེད་གླིང་པ་ནི་འཕགས་པ་སེམས་ཉིད་ངལ་གསོ་དངོས་སོ་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མ་མི་ཏྲ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སོགས་པ་ལས་དགོངས་བརྡ་སྙན་བརྒྱུད་ཀྱི་བརྒྱུད་གསུམ་ཆིག་རྫོགས་སུ་བླངས་ཏེ། ལས་དང་སྐལ་པར་ལྡན་པའི་གང་ཟག་རྣམས་ལ་བསྟན་པ་ཡོངས་རྫོགས་ཀྱི་ཆོས་འཁོར་བསྐོར་ཞིང་མངོན་པར་རྫོགས་པའི་སངས་རྒྱས་སུ་བཞུགས་པ་ཡིན་ཏེ།

ཇི་སྐད་དུ།
ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་དམ་པ་སངས་རྒྱས་དངོས།


།ཞེས་པ་ལྟར་རོ། །དེས་ན་རྗེ་བླ་མའི་ཞལ་ནས་ཀྱང༌།
ཁྱེད་རྣམས་ཀྱིས་ཉམས་སུ་ལེན་ཅིང་གསོལ་བ་འདེམས་ནུས་ན། ང་ཡི་བླ་མ་རྡོ་རྗེ་འཆང་རྗེ་བཙུན་འགྲོ་བའི་མགོན་པོ་དེ་ཉིད་བསྟོད་འདོད་དང་མོས་གུས་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པར་ངེས་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་གང་ཟག་མི་ཡི་ཚུལ་བཟུང་སྟེ་སེམས་ཅན་གྱི་དོན་དུ་བྱོན་པ་ཞིག་ཡིན་ལ། དེ་དང་ཁྱེད་ཚོའི་བར་ནང་མ་གཏོགས་བརྒྱུད་པ་གཞན་གྱིས་ཆོད་པ་མེད། ངས་ཀྱང་བླ་མ་རྡོ་རྗེ་འཆང་དང་པོ་མཇལ་ནས་བཟུང་སྟེ་ཅི་གསུང་བཀའ་བཞིན་བསྒྲུབས། མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པ་མ་གཏོགས་ཐ་ན་སྤྱན་ལོག་ཅིག་གཟིགས་པ་ཙམ་གྱི་ཡང་ཐུགས་ལ་མི་འབབ་པའི་བྱ་བ་བྱེད་མ་མྱོང་བས་ན། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡས་མ་གོས་པ་ཞིག་ངེས་པར་ཡིན་པས་བྱིན་རླབས་ཀྱི་བརྒྱུད་པ་གཞན་དང་མི་འདྲ་བ་ཞིག་ཡིན། ཞེས་གསུངས། དེ་དག་ཀྱང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་པ་ལྟར། བརྒྱུད་པ་ཁུངས་ལ་ཐུག་པའི་ཆེ་བ་དང༌། ལོ་རྒྱུས་བཤད་པས་རྗེས་འཇུག་ཡིད་ཆེས་བསྐྱེད་པའི་དགོས་པ་ཡོད་པ་ཡིན་པས་ན། འདིར་བླ་མའི་རྣལ་འབྱོར་དང་འབྲེལ་ནས་བཤད་པ་ཡིན་ནོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་གྱི་བསྙེན་པའི་ཚད་ཀྱང་འབུམ་ཕྲག་བརྒྱ་ཐམ་པ་ཁོ་ན་ཡིན་ཏེ་ཅི་ནས་ཀྱང་འགྲོ་ངེས་པར་བྱ་དགོས་སོ། །དེ་ལྟར་མ་བྱས་པར་སྔོན་འགྲོའི་ཆོས་འདི་དག་ལ་དེ་ཙམ་གལ་མི་ཆེའམ་སྙམ་པའམ། དངོས་གཞིའི་ཆོས་ཀྱི་ཟབ་ཟབ་མོའི་ཁ་སྐད་ལ་རེ་ནས་སྔོན་འགྲོ་ཉམས་སུ་ལེན་ལོང་མེད་པར་བསྐྱེད་རྫོགས་སོགས་བསྒོམ་ལོ་བྱེད་པ་རྣམས་ནི། འཇིག་རྟེན་པའི་ཁ་སྐད་ལ། བགོ་མ་ཚོས་གོང་ལྕེ་སྙབས། །མལ་མ་དྲོས་གོང་རྡོག་པ་རྐྱོང༌། །ཟེར་བ་ལྟར། སྔོན་འགྲོའི་ཆོས་གཞུག་ཤོར་པའི་ཉམས་ལེན་ལ་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་ཅིང༌། དྲོང་རྟགས་གློ་བུར་བ་ཅུང་ཟད་སྐྱེས་ཀྱང་བརྟན་པ་མེད་པ་རྩི་རྨིང་མ་བླངས་པའི་མཁར་དང་འདྲའོ། །གལ་ཏེ་སྔོན་འགྲོའི་དུས་སྦྱངས་པ་སོགས་བྱེད་ཁུལ་བྱས་ཀྱང༌། དངོས་གཞིའི་དུས་དེ་དག་སྔོན་འགྲོའི་ཆོས་ཡིན་པས་ང་ནི་མི་དགོས་སོ་སྙམ་དུ་འདོར་བ་ཡང་དེ་དང་འདྲ་སྟེ། ལམ་གྱི་གཞི་རྟེན་སྔོན་འགྲོའི་ཆོས་དོར་བས་ཀྱང་མེད་པའི་རི་མོ་ལྟར་ཆོས་ཀྱི་རྩ་བ་ཆད་པ་ཡིན་པས་ན། དུས་དང་རྣམ་པ་ཐམས་ཅད་དུ་སྔོན་འགྲོའི་ཆོས་འདི་དག་ལ་ངེས་ཤེས་བཅོས་མ་མ་ཡིན་པ་རེ་སྐྱེས་སྐྱེས་སུ་འབད་ཅིང༌། ཁྱད་པར་བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་འདི་ཁོ་ན་ལ་ཉམས་ལེན་གྱི་མཐིལ་གཏད་དེ་འབད་པ་ནི་གནད་དམ་པ་ཡིན་ནོ། །དྲིན་ཆེན་བླ་མ་སངས་རྒྱས་དངོས་མཐོང་ཡང༌། །རང་གཤིས་གྱོང་བས་དམ་པའི་བཀའ་ལས་འགོངས། །ཁམས་གསུམ་སེམས་ཅན་ཕ་མར་གོ་ན་ཡང༌། །གདུག་རྩུབ་ཆེ་བས་མཆེད་ལ་ཚིག་རྩུབ་ཤོར། །བདག་དང་བདག་འདྲ་ལས་ངན་སེམས་ཅན་རྣམས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །ཞི་དུལ་དེས་ཤིང་མཉེན་ལྕུག་ལྡན་པ་ཡིས། །དགེ་བའི་བཤེས་གྲོགས་བསྟེན་པར་བྱིན་གྱིས་རླབས། །རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བསྐྱེད་པ། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ།། །།




རྨོངས་པའི་འགྲོ་ལ་ཐུགས་རྗེ་ལྷག་པར་འཇུག །སྡིག་པོ་ཆེ་ལ་རྗེས་སུ་ལྷག་པར་འཛིན།
།གདུལ་དཀའི་ཁམས་ལ་ཐབས་མཁས་ལྷག་པར་སྟོན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ།
།དེ་ནས་འདའ་ཀ་མའི་མན་ངག །འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་ནི། སྤྱིར་འཕོ་བ་ལ་དབྱེ་ན་ལྔ་སྟེ། རབ་ཆོས་སྐུ་ལྟ་བ་རྒྱས་འདེམས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ། ཐ་མ་ལ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཤེན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་དང་ལྔ་ཡོད་དེ། དེ་ལ་དང་པོར་རབ་ཆོས་སྐུ་སྟ་བརྒྱས་འདེབས་ཀྱི་འཕོ་བ་ནི། ཚེ་འདེར་གནས་ལུགས་མ་བཅོས་པའི་ལྟ་བ་མ་ནོར་བརྒྱུད་ལ་སྐྱེས་ཤིང་གོམས་འདྲིས་བྱེད་པ་རྣམས། འཆི་ཁའི་ཚེ་ཀ་དག་ཁྲེགས་ཆོད་ཀྱི་གསང་ལམ་ནས་དབྱིངས་དང་རིག་པའི་གནད་ལ་བརྟེན་ཏེ་ཆོས་སྐུའི་ཀློང་དུ་འཕོ་བ་དེ་ཡིན། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། བསྐྱེད་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་གོམས་འདྲིས་བྱས་ཤིང་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་རྩལ་འབྱོངས་པ་དག་འཆི་བའི་ཚེ་བར་དོ་འཁྲུལ་པའི་སྣང་བ་འཆར་བ་དང་མཉམ་དུ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འཕོ་བ་དེ་ཡིན། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ནི། གསང་སྔགས་སྨིན་བྱེད་ཀྱི་དབང་ཐོབ་ཅིང༌། དམ་ཚིག་ལ་སྐྱོན་མ་ཞུགས། བསྐྱེད་རྫོགས་མོས་པ་བྱེད་ཅིང་བར་དོའི་གདམས་ངག་དང་ལྡན་པ་རྣམས།

ཇི་སྐད་དུ།
མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ། །སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན།
།ཞེས་གསུངས་པ་ལྟར། མ་དག་པའི་མངལ་སྒོ་ངན་པ་བཀག་ཅིང༌། སྙིང་རྗེ་ཆེན་པོའི་འཕེན་པ་དང༌། སྐྱེ་བ་སྤྲུལ་པའི་ལམ་ཁྱེར་ལ་བརྟེན་ནས་ཞིང་དག་པའི་སྐྱེ་གནས་སུ་འཕོ་བ་དེ་ཡིན། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ནི། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་རྣམ་ཤེས་ཀྱི་ཐིག་ལེ་ལམ་མགྲོན་པོའི་འདུ་ཤེས། གནས་བདེ་ཆེན་དག་པའི་ཞིང་ལ་འགྲོ་སའི་འདུ་ཤེས་བྱས་ཏེ་འཕོ་བ་ཡིན། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་ནི། རྟོགས་པ་མཆོག་ལྡན་གྱི་གང་ཟག་སྣང་སེམས་ལས་སུ་རུང་སྟེ། བར་དོའི་ཤེས་རྒྱུད་མཁྱེན་པའི་རྣལ་འབྱོར་པས་གཞན་འཆི་ཀ་མའམ་བར་དོན་ཡོད་པ་ལ། འཕོ་བ་འདེབས་པ་དེ་ཡིན། དེ་ཡང་སྤྱིར་གཤིན་པོ་ལ་འཕོ་བ་འདེབས་པ་ལ། མཐོང་ལམ་ཐོབ་པ་ཞིག་ངེས་པར་དགོས་ཏེ།

རྗེ་མི་ལའི་ཞལ་ནས་ཀྱང༌།
མཐོང་ལམ་གྱི་བདེན་པ་མ་མཐོང་བར། །གཤིན་པོ་ལ་འཕོ་བ་མ་འདེབས་ཤིག


།ཅེས་གསུངས། འོན་ཀྱང་འཕོ་བ་གདབ་པའི་དུས་མ་ནོར་བ་དེ་ཕྱི་དབུགས་ཆད་ནས། ནང་དབུགས་མ་ཆད་པའི་དུས་དེ་ཡིན་ཏེ། དེ་ལྟ་བུའི་དུས་ངེས་པ་ཅན་དང་འཕྲད་ན་འཕོ་བའི་མན་ངག་ལ་ཅུང་ཟད་གོམས་འདྲེས་ཡོད་པ་གང་རུང་རུང་གིས་འཕོ་བ་བཏབ་ན་ཡང༌། ཕན་ཐོགས་ཆེ་ཞིང་ངན་སོང་གི་སྐྱེ་གནས་ལ་སོགས་པ་དགག་པར་ནུས་ཏེ། འགྲོན་པོ་ལམ་དུ་ཞུགས་པ་ལ་གྲོགས་ཀྱིས་སྒྱུར་བ་དང་འདྲ། དེ་ལྟར་མ་ཡིན་པར་ལུས་སེམས་བྲལ་ཚར་ནས་ནི་འཕོ་བ་དཀའ་སྟེ། དེ་འདྲ་དེ་ལ་འཕོ་བ་འདེབས་པ་ལ་བར་དོའི་སྐྱེ་གནས་མཁྱེན་པ་ཞིག་དང༌། སེམས་ལ་དབང་ཐོབ་པ་ཞིག་དགོས། དེ་ལྟ་བུའི་རྣལ་འབྱོར་པ་ཞིག་ཡིན་ན་བར་དོ་གདོས་བཅས་ཀྱི་ལུས་དང་བྲལ་བ་དེ་རྐྱེན་གྱིས་སྒྱུར་བར་སླ་བ་ཡིན་པས། བར་དོ་རང་ནས་འཕོ་བ་བཏབ་ན་རྣམ་ཤེས་དག་པའི་ཞིང་དུ་སྤར་ནུས་པ་ཡིན་གྱི། ཤི་ཚར་ནས་ཀྱང་ཕུང་པོ་ལ་རྣམ་ཤེས་བཀུག་སྟེ་འཕོ་བར་རློམ་པ་ལ་ནི་སྙིང་པོ་ཅི་ཡང་མེད་གསུངས། དེ་བས་ན་ད་ལྟ་བླ་མའམ་སྤྲུལ་སྐུ་ལ་སོགས་པའི་མིང་ཙམ་བཏགས་པ་ཕལ་མོ་ཆེས་གཤིན་པོ་ལ་འཕོ་བ་འདེབས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་རང་འདོད་ཀྱི་འཁྲིས་རྩ་བ་ནས་མེད་ན་ནི། བྱང་ཆུབ་སེམས་ཀྱི་ཀུན་སློང་ལས་གཤིན་པོ་ལ་ཡང་ཕན་ཐོགས་ཤས་ཆེ་ཞིང་རང་ལ་སྒྲིབ་པར་མི་འགྱུར་མོད། དེ་ལྟ་མ་ཡིན་པར་རང་གི་རྙེད་ཚོལ་གྱི་ཆེད་དུ་ངག་འདོན་ཙམ་ཤེས་པ་ལ་བརྟེན་ནས་འཕོ་བ་འདེབས་ཤིང༌། གཤིན་པོའི་འཕོ་རྟ་སོགས་ལེན་པ་ནི་ཤིན་ཏུ་ཐ་ཆད་བ་ཡིན་ཏེ།

ཇི་སྐད་དུ།
རང་ཐར་པའི་སྐམ་སར་མ་ཕྱིན་པར། །མི་གཞན་གྱི་འདྲེན་སྟོན་བྱེད་པ་དེ།
།དེ་གཉིས་ཀྱང་ཅུང་ཟད་ཆ་མ་མཐུན། །དཔེ་ཆུས་ཁྱེར་མི་ལ་མིས་འཇུས་འདྲ།


།ཞེས་པ་ལྟར་དང༌། སྔོན་རྟོགས་ལྡན་བསྟན་འཛིན་ཆོས་འཕེལ་ཙཱ་རིར་བྱོན་པས་སྐབས་ཤིག་ཁོང་གི་སྣང་བ་ལ་སྔ་སོར་ཁོང་རང་ནས་འཕོ་བ་བཏབ་སྟེ། འཕོ་རྟ་བླངས་པའི་མི་ཞིག་ཡོད་པ་དེས་ཁྲག་མཚོ་དམར་པོ་ཞིག་གི་ནང་ནས་མགོ་མཐོང་ཙམ་བྱས་ཏེ། ཁོང་གི་མཚན་ནས་འབོད་ཅིང་ང་ཅི་བྱེད་དགོས་རྒྱུ་ཡིན་ཟེར་བ་ལ། ཁོང་སྐྲག་ནས་ངས་ཙཱ་རི་བསྐོར་བ་་ཁྱོད་ལ་བྱིན་པ་ཡིན་བྱས་པས་མི་སྣང་བར་གྱུར་སྐད། དེར་མ་ཟད་རྟོགས་པ་མཆོག་ལྡན་གྱི་གང་ཟག་སྐྱེས་བུ་དམ་པ་ཡིན་ཀྱང་ཤི་པོའི་འབུལ་བ་བླངས་ནས་གསུང་ཆོག་སོགས་མ་བྱས་ན་ས་ལམ་ལ་སྒྲིབ་པ་ཡིན་ཏེ། སྔོན་རྫོགས་ཆེན་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ཞིང་གཤེགས་པའི་ཚེ་དྲི་མེད་ཞིང་སྐྱོང་མགོན་པོ་གདུང་ཆོག་ལ་སྤྱན་དྲངས་པས་ཉིན་གང་གི་རིང་ལ་ཁྲུས་ཆོག་དང་དགུག་པ་ཁོ་ན་མཛད་ནས་ཡང་དང་ཡང་འཕོ་བ་བཏབ་སྟེ། གང་ཟག་ཕལ་པ་ཞིག་ལ་བྱེད་པ་ལྟར་མཛད་པ་ལ། གྲྭ་པ་རྣམས་ནས་དེ་ལྟར་མཛད་པའི་རྒྱུ་མཚན་དྲིས་པས། སྔོན་ཁོང་གིས་གཤིན་པོ་རྟ་ནག་པོའི་འབུལ་མཁན་ཞིག་ལ་གསུང་ཆོག་དང་བསྔོ་སྨོན་སོགས་མ་མཛད་འདུག་པ། དེ་ཤིན་ཏུ་སྡིག་ཅན་གྱི་གང་ཟག་ཅིག་ཏུ་འདུག་པས་ཁོང་གི་ས་ལམ་ལ་ཅུང་ཟད་སྒྲིབ་པར་འདུག་ཀྱང༌། ད་ལྟ་ངེད་རྣམ་གཉིས་མཐུ་བསྡོངས་དཔུང་བསྡོངས་བྱས་ཏེ་ཕན་ཐོགས་པར་བྱུང་སོང་གསུངས་ཏེ། དེ་མགོ་ལོག་བསྟན་འཛིན་ཟེར་བ་ཡིན་སྐད། དེས་ན་བླ་མ་དང་སྤྲུལ་བའི་སྐུ་ཆེན་པོའི་གོ་སར་ཡོད་པ་རྣམས་ནས་ཀྱང༌། གཤིན་པོའི་འབུལ་བ་བཞེས་པའི་ཚེ་ཐུགས་བསྐྱེད་དང་བསྔོ་སྨོན་གསུང་ཆོག་སོགས་གནད་དུ་འགྲོ་ངེས་རེ་མ་མཛད་ན། ང་དེ་དང་དེ་ལྟ་བུའི་ཡིན་ནོ་སྙམ་པ་ཙམ་གྱིས་ནི་གང་ཡང་མི་འོང་སྟེ། དམ་པ་གོང་མའི་སྐྱེ་སྲིད་འཁྲུལ་མེད་དུ་ཞལ་གྱིས་བཞེས་པའི་སྤྲུལ་པའི་སྐུ་མཆོག་རྣམས་ནས་ཀྱང༌། དང་པོ་ཀ་ཁ་ག་ང་ནས་བརྩམས་ཏེ་ཡི་གའི་ཀློག་སྦྱང་ཚུན་ཆད་ཕལ་པའི་གང་ཟག་རྣམས་དང་ཁྱད་མེད་དུ་སློབ་དགོས་ཀྱིན་འདུག་པས། གོང་མའི་དུས་མཁྱེན་པའི་ཡི་གེའི་ཀློག་འདོན་བརྗེད་ནས་བསྐྱེད་རྫོགས་ཀྱི་རྣལ་འབྱོར་མ་བརྗེད་པར་ལུས་མེད་ངེས་ཡིན་པས། ཆིབས་གོང་ཐུབ་ཙམ་ནས་དཀོར་ལ་མི་འབྱོན་པར་ཐུགས་བསྐྱེད་དང་མཚམས་སྒྲུབ་རེ་ལ་ཅུང་ཟད་སློབ་དགོས་སམ་སྙམ་མོ། །དེ་ལད་རེས་ཀྱི་སྐབས་སུ་འཆད་རྒྱུའི་འཕོ་བ་འདི་ནི། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བའམ། རྣམ་ཤེས་བླ་མའི་འཕོ་བ་ཞེས་བྱ་སྟེ། དྲི་མེད་བཤགས་རྒྱུད་ལས། འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཞེས་པ་དང་ཡང་མཐུན། འདི་ལྟ་བུའི་འཕོ་བ་འདི་རྟོགས་པ་མཆོག་ལྡན་གྱི་གང་ཟག་ལ་ནི་མི་དགོས་ཏེ། དེ་འདྲ་དེ་རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད།

།ཅེས་དང༌། གཞན་ཡང༌།
འཆི་བ་འཆི་བ་ཞེས་བྱ་བ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཞེས་གསུངས་པ་ལྟར། ཚེ་འདིར་བཙན་ས་ཟིན་པའི་གང་ཟག་སྐྱེ་འཆིའི་རང་དབང་ཐོབ་པ་རྣམས་ནི། འཆི་བ་ལྟར་སྣང་ཡང་ད་ལྟ་གནས་གཅིག་ནས་གཅིག་ཏུ་འགྲོ་བ་ལྟ་བུ་ལས་མེད་ལ། བསྐྱེད་རྫོགས་ཀྱི་གནད་ལ་གོམས་པ་རྣམས་ནི། སྔར་བཤད་པ་ལྟར་སྐྱེ་འཆི་བར་དོའི་ཉམས་ལེན་གསུམ་གྱིས་སྐུ་གསུམ་དུ་འཕོ་བ་ཡིན་ནོ། །དེས་ན་ཇི་སྐད་དུ། ལམ་སྦྱངས་པ་དམན་ན་འཕོ་བས་བསུ། །གསུངས་པ་ལྟར། ལམ་བརྟན་པ་མ་ཐོབ་པའི་རིགས་ཅན་དང༌། གང་ཟག་སྡིག་པོ་ཆེ་ལ་སོགས་པ་ལ་གནད་འདི་དགོས་པ་ཡིན། འདི་ལྟ་བུའི་མན་ངག་དང་ལྡན་ན་ཅི་ཙམ་དུ་སྡིག་པོ་ཆེ་ཡིན་ཀྱང་ངན་སོང་གི་སྐྱེ་སྒོ་ཁོག་ངེས་ལ། མཚམས་མེད་པའི་ལས་ངན་བསགས་པ་ལྟ་བུ་མར་གྱི་ཟང་ཐལ་དུ་འགྲོ་བ་རྣམས་ཀྱང་གདམས་པ་འདི་དང་འཕྲད་ན། ངན་སོང་གི་སྐྱེ་གནས་སུ་འགྲོ་མི་དགོས་ངེས་པ་ཡིན་ཏེ།

རྒྱུད་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་ཡང༌།
།འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ།

།ཞེས་པ་ཡང༌།
བུ་ག་དགུ་ཡི་སྟེང་ཕྱོགས་སུ། ཡིད་ཀྱིས་བསམས་ཏེ་འཕོ་བྱེད་ན།
།སྡིག་གིས་གོས་པར་མི་འགྱུར་ཏེ། །དག་པའི་ཞིང་དུ་སྐྱེ་བར་འགྱུར།


།ཞེས་དང༌། གཞན་ཡང་ཇི་སྐད་དུ།
གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །ཕ་མཚན་ལྡན་གྱིས་བླ་མའི་ཞབས་དྲུང་དུ།
།རྩ་དར་དཀར་གྱི་ལམ་ལ་འགྲོ་ཤེས་ན། །མཚམས་མེད་ལྔ་པོ་བྱས་ཀྱང་གྲོལ།


།ཞེས་གསུངས། དེས་ན་ལམ་ཟབ་མོ་འཕོ་བའི་གདམས་པ་འདི་ནི་མ་བསྒོམས་པར་སངས་རྒྱས་པའི་ཆོས། སྡིག་པོ་ཆེ་བཙན་ཐབས་སུ་གྲུལ་བའི་གསང་ལམ་ཡིན་ཏེ།

སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས།
ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་ཡང༌།
།གདམས་པ་འདི་དང་འཕྲད་གྱུར་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད།


།ཅེས་དང༌།
ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང༌།
བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་ཆོས་ནི་ང་ལ་ཡོད།

།ཅེས་དང༌། པཎ་ཆེན་ནཱ་རོ་པས།
སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ།
།སྒོ་དགུ་བཅད་ནས་སྒོ་གཅིག་ཕྱེ། །ཐར་པའི་ལམ་ལ་ཐེ་མི་ཚོམ།


།ཞེས་དང༌། ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས།
ངས་ད་ལྟའི་དུས་སུ་འཕོ་བ་སྦྱངས། །སྦྱངས་ཤིང་སྦྱངས་ཤིང་ཡང་ཡང་སྦྱངས།
།ཐ་མལ་འཆི་ཡང་ཉམ་ང་མེད། །སྔ་འདྲིས་བྱས་པའི་གདེང་ཞིག་ཡོད།


།ཅེས་དང༌། རྗེས་བཙུན་བཞད་པ་རྡོ་རྗེས།
བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་འདི། །གནད་བར་དོ་འཇོམས་པའི་ལམ་མཁན་ཡིན།
།ལམ་འདི་དང་ལྡན་པའི་མི་ཡོད་དམ། །སྲོག་རྩོལ་དབུ་མར་ཚུད་པའི་མི་རེ་བདེ།
།ཆོས་ཀྱི་དབྱིངས་སུ་སླེབ་པ་འདི་ཨེ་མ་ཧོ།
།ཞེས་གསུངས། །དེ་ལྟ་བུའི་གདམས་པ་དེ་ལ་དང་པོར་སྦྱོང་བ་དང༌། ལས་སུ་སྦྱར་པ་གཉིས་ཡོད། དང་པོ་སྦྱོང་བ་ནི། ད་ལྟ་རང་ཉིད་ཀྱིས་འཕོ་བའི་ཁྲིད་ཞུས་ཏེ། ཡང་དང་ཡང་དུ་སྦྱང་ཞིང་རྟགས་མ་ཐོན་གྱི་བར་དུ་འབད་པ་དེ་ཡིན། དེ་ལྟར་ད་ལྟ་རང་ཉིད་ལུས་ཀྱི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་མ་ཉམས་ཤིང་དར་བའི་དུས་ན་འཕོ་བ་ལ་བརྟེན་ནས་དངོས་སུ་འཕོ་བ་ཅུང་ཟད་དཀའ་ཞིང༌། འཆི་ཀའི་དུས་ལ་བབས་པའམ། ཤིན་ཏུ་རྒས་འཁོགས་པའི་དུས་ན་ནི་འཕོ་སླ་བ་ཡིན་ཏེ། དཔེར་ན་ཤིང་ཏོག་དང་འབྲས་བུ་སོགས་དབྱར་ཁ་དར་ལ་བབས་པའི་དུས་ན་ནི་བཏུ་དཀའ་ལ། སྟོན་ཀ་སྨིན་ནས་ལྷུང་ལ་ཉེ་བའི་ཚེ་གོས་འདབ་ཙམ་རེག་ཀྱང་ལྷུང་འོང་བ་དང་འདྲ་བ་ཡིན་ནོ།

།དེ་ནས་ལས་ལ་བྱར་བ་ནི། རང་ཉིད་ལ་འཆི་ལྟས་བྱུང་སྟེ་ཅིས་ཀྱང་མི་བཟློག་པར་ཤེས་ཤིང་ཐིམ་རིམ་ལ་སོགས་པ་བྱུང་བའི་ཚེ་བྱ་དགོས་ཀྱི། དེ་ལས་གཞན་དུ་མི་རུང་སྟེ། རྒྱུད་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་གསུངས།

དེ་ལ་སྤྱིར་ཐིམ་རིམ་ལ་མང་དུ་ཡོད་ཀྱང་གོ་བདེ་བའི་དབང་དུ་བྱས་ན། དབང་པོ་ལྔ། འབྱུང་བ་བཞི། སྣང་མཆེད་ཐོབ་གསུམ་གྱི་ཐེམ་རིམ་རྣམས་ཡོད་པ་ལ། དང་པོ་ནི་རང་གི་སྔས་མགོར་སེར་འཚོགས་ལྟ་བུ་ཡོད་ན། དེ་དག་གི་འདོན་པ་གསུངས་པའི་སྒྲ་ལ་ཉན་ན་འུར་ཏིར་ཏིར་ཙམ་ལས་ཚིག་གི་འབྲུ་ཐོས་རྒྱུ་མེད་ཙ་ན་རྣ་བའི་ཤེས་པ་འགགས་པ་ཡིན། དེ་ལྟར་མིན་ཀྱང་གཞན་གྱི་སྨ་བརྗོད་ཀྱི་གཏམ་ལ་སོགས་པ་ལ་ཡང་རྒྱང་ནས་གྲགས་པ་རྣམས་སྒྲ་ཙམ་ཐོས་ཀྱང་ཚིག་འབྲུ་མི་ཐོས་པ་ཡིན། དེ་བཞིན་དུ་མིག་གི་གཟུགས་ལ་བལྟས་པས་ཀྱང་ལོང་ངེ་ལོང་ངེ་ཞིག་ལས། རང་བཞིན་ཅི་ཡིན་པ་མི་མཐོང་བའི་ཚེ་མིག་གི་ཤེས་བ་འགགས། དེས་མཚོན་ནས་སྣས་དྲི། ལྕེས་རོ། ལུས་ཀྱི་རེག་བྱ་ལ་སོགས་མི་མྱོང་པར་འགྱུར་བའི་ཚེ་ཐིམ་རིམ་ཕྱི་མ་ཡིན་པས། འདི་དུས་ངོ་སྤྲད་གདབ་དགོས་ཤིང༌། འཕོ་བ་འདེབས་མཁན་ཡོད་ན་འདེབས་པའི་དུས་མ་ནོར་པ་ཡིན།

དེ་ནས་ཤ་ཡི་ཁམས་ས་ལ་ཐིམ་པས་ལུས་དོང་དུ་ལྷུང་བ་དང༌། རི་ངོས་ནོན་པ་ལྟ་བུ་ལྕེ་སྣང་འཆར་ཏེ། ད་ལྟ་མི་འཆི་ཀ་མ་འགའ་རེས་ང་ཡར་ལ་འཐེན་ཟེར་བ་དང༌། ངའི་སྔས་འདི་མཐོ་རུ་ཆུག་ལ་སོང་ཟེར་པ་དེ་ཡིན། དེ་ནས་ཁྲག་གི་ཁམས་ཆུ་ལ་ཐིམ་དུས་ཁ་ཆུ་དང་སྣ་ཆུ་ལ་སོགས་པ་འཛག །དེ་ནས་དྲོད་ཀྱི་ཁམས་མེ་ལ་ཐིམ་དུས་ཁ་སྣ་ཐམས་ཅད་སྐམ་པ་དང༌། ལུས་ཀྱི་དྲོད་མཐའ་ནས་སྡུད་དེ་ཁ་ཅིག་ལ་སྤྱི་བོ་ནས་རླངས་པ་བྱུར་རུ་རུ་འོང་བ་དེ་ཡིན། དབུགས་ཀྱི་ཁམས་རླུང་ལ་ཐིམ་པའི་ཚེ། གྱེན་རྒྱུ། ཐུར་སེལ། མི་མཉམ། ཁྱབ་བྱེད་ཀྱི་རླུང་ཐམས་ཅད་སྲོག་འཛིན་གྱི་རླུང་ལ་འདུས་ནས་དབུགས་ནང་དུ་སྡུད་དཀའ་ཞིང༌། དབུགས་ཀྱི་གནས་གློ་བ་ནས་ལམ་མིད་པ་དཀར་ནག་བརྒྱུད་དེ་དབུགས་ཕྱིར་ལ་བརྩེགས་པ་དེ་ཡིན། དེ་ནས་ལུས་ཀྱི་ཁྲག་ཐམས་ཅད་སྲོག་རྩར་འདུས་ཏེ་སྙིང་དབུས་སུ་ཁྲག་གི་ཐིགས་པ་གསུམ་རིམ་པར་བརྒྱབ་བས་དབུགས་རིང་པོ་གསུམ་ཕྱིར་ལ་འཕེན་ཞིང་ཕྱི་དབུགས་ཁྲག་གིས་ཆད། དེའི་དུ་སུ་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐེག་ལེ་དཀར་ཆ་ཐུར་དུ་རྒྱུད་སྟེ། ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཕོག་པ་ལྟ་བུའི་དཀར་ལམ་འཆར། ནང་རྟགས་སུ་ཤེས་པ་གསལ་ཉམས་དང་ལྡན་ཞིང་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། དེ་སྣང་བ་ཟེར་བ་ཡིན། ལྟེ་བ་ནས་མ་ལས་ཐོབ་པའི་རཀྟ་དམར་ཆ་གྱེན་དུ་རྒྱུག་པས་ཕྱི་རྟགས་སུ་ནམ་མཁའ་དག་པ་ལ་ཉི་འོད་ཕོག་པ་ལྟ་བུའི་དམར་ལམ་འཆར། ནང་རྟགས་སུ་ཤེས་པ་བདེ་ཉམས་ཆེ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དེ་མཆེད་པ་ཟེར་བ་ཡིན། དེ་ནས་དཀར་དམར་གཉིས་སྙིང་དབུས་སུ་འཕྲད་པའི་བར་དུ་རྣམ་ཤེས་ཚུད་ནས་ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་སྨག་གིས་ཁྱབ་པ་ལྟ་བུའི་ནག་ལམ་དང༌། ནང་རྟགས་སུ་ཤེས་པ་མི་རྟོག་པའི་ཉམས་འཆར་ཞིང་དེ་ནས་ནག་ཐུམ་གྱིས་བརྒྱལ་འགྲོ། དེ་ཉེར་ཐོབ་ཟེར་བ་ཡིན། དེ་ནས་ཅུང་ཟད་བརྒྱལ་སངས་ནས་ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་གཞི་དུས་ཀྱི་འོད་གསལ་འཆར་བ་དེ་རང་ངོ་ཤེས་ནས་མཉམ་པར་བཞག་ན་རབ་ཆོས་སྐུར་འཕོ་བ་ཞེས་བྱ་བ་ཡིན་ཏེ་བར་དོ་མེད་པར་སངས་རྒྱ་བ་ཡིན།

དེ་ནས་རིམ་པས་ཆོས་ཉིད་དང་སྲིད་པའི་བར་དོ་སོགས་འཆར་བ་ཡིན་ཏེ། དེ་དག་དངོས་གཞིའི་ཁྲིད་ཀྱི་ཆ་ལག་ཡིན་པས་འདིར་མི་སྤྲོའོ། །དེ་ནས་ལམ་ལ་གོམས་འདྲིས་ཆུང་བ་དག་འཕོ་བ་ལས་ལ་སྦྱར་བའི་དུས་མ་ནོར་བ་ནི་ཐིམ་རིམ་རྣམས་འཆར་བའི་མགོ་རྩོམ་པའི་དུས་དེར་ཡིད་ཏེ། དེའི་དུས་སུ་ཚེ་འདིའི་ཞན་པ་ཐམས་ཅད་རྦད་ཀྱིས་བཅད། ད་རེས་འཆི་བ་འདི་བླ་མའི་གདམས་ངག་ལ་བརྟེན་ཏེ་དག་པའི་ཞིང་ཁམས་སུ་དཔག་ཆེན་གྱི་མདའ་འཕངས་པ་ལྟར་འགྲོ་བ་ཡིན་པས་ང་རེ་དགའ་སྙམ་དུ་སེམས་ཀྱི་དཔའ་བསྐྱེད། འཕོ་བའི་དམིགས་པ་སོགས་རང་གི་ཡིད་ལ་གསལ་དཀའ་ཞིང་གསལ་འདེབས་ནུས་པའི་གྲོགས་ཡོད་ན་གསལ་འདེབས་སུ་འཇུག །གང་ལྟར་ཡང་སྐབས་འདིར་སྔར་སྦྱངས་པ་ལྟར་ལམ་ཟབ་མོ་འཕོ་པའི་གདམས་པ་ལ་བསྟེན་ཏེ་བཙན་ཐབས་སུ་འཕོ་དགོས་པ་ཡིན་ནོ། །དེ་ལྟར་སྦྱོང་བ་དང་ལས་ལ་སྦྱར་བ་གང་གི་ཚེ་ཡིན་ཡང་འདྲ་སྟེ།

འཕོ་བའི་གདམས་པ་དངོས་བསྒོམ་པའི་རིམ་པ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅའ་ཞིང༌། ལུས་དྲང་པོར་བསྲང༌། སྔོན་འགྲོ་བླ་མ་རྒྱང་འབོད་ནས་བཟུང་སྟེ་བླ་མའི་རྣལ་འབྱོར་གྱི་བསྡུ་རིམ་དང་བཅས་ཡོངས་སུ་རྫོགས་པ་གསལ་ལ་རྒྱས་པར་བྱ། དེ་ནས་དངོས་གཞིའི་དམིགས་པ་ནི། རང་གི་གཞི་ལུས་ཀྱི་ཕུང་པོ་འདི་ཉིད་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་མཉམ་པའི་འདོར་སྟབས་ཅན། སྤྱན་གསུམ་ནམ་མཁར་གཟིགས་ཤིང༌། འཕོ་ལུང་གི་དུས་འདིར་ཅུང་ཟད་ཞི་མ་ཁྲོའི་ཉམས་ཆགས་པ་ཞིག་བསྒོམ། ཕྱག་གཡས་མ་རིག་གཏི་མུག་གི་གཉིད་ལས་སློང་བའི་ཐོད་པའི་ཌ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། གཡོན་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུར་བརྟེན་པ། སྐུ་གཅེར་མོ་རོ་པའི་རྒྱན་དང་མེ་ཏོག་གི་ཆུན་འཕྱངས་ཅན། སྣང་ལ་རང་བཞིན་མེད་པ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ཞིག་བསྒོམ། དེ་ཕྱི་ལུས་ཀྱི་སྟོང་ར་ཡིན། དེའི་ལུས་ཀྱི་དབུས་དྲང་པོ་ན་རྩ་དབུ་མ་ཁང་སྟོང་ནང་ཀ་བ་བཙུགས་པ་ལྟར་བསྒོམ་དགོས་ཏེ། དེ་ཡང་གཡས་གཡོན་གང་དུའང་མ་ཡོ་བར་ལུས་ཀྱི་དབུས་དྲང་པོ་ན་ཡོད་པའི་དོན་གྱིས་དབུ་མ་ཟེར་བ་ཡིན། དེ་ཡང་ཆོས་སྐུ་འགྱུར་བ་མེད་པ་མཚོན་པས་མཐིང་གི་ཤུན་པ་ལྟར་སྔོ་བ། བག་ཆགས་ཀྱི་སྒྲིབ་པ་སྲབ་པའི་བརྡར་པདྨའི་འདབ་མ་ལྟར་སྲབ་པ། མ་རིག་པའི་མུན་པ་བསལ་བའི་བརྡར་ཏིལ་གྱི་མར་མེ་ལྟར་གསལ་བ། ལམ་དམན་པ་དང་ལམ་ལོག་པར་མི་འགྲོ་བའི་ཆེད་དུ་ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ་སྟེ། མཚན་ཉིད་བཞི་དང་ལྡན་པ། མཐོ་རིས་དང་ཐར་པའི་ལམ་མཚོན་པའི་ཆེད་དུ་ཡར་སྣ་སྤྱི་བོ་ཚངས་པའི་བུ་གན་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཧད་པོར་ཡོད་པ། འཁོར་བ་དང་ངན་སོང་གི་སྒོ་འགེགས་པ་མཚོན་པའི་མར་སྣ་ལྟེ་འོག་སོར་བཞིའི་ཐད་ན་རྩ་ཕུག་རྡུགས་སུ་ཁ་ཟུམ་པ། དེ་ལྟ་བུ་ཞིག་གསལ་གདབ། དེ་ནང་རྩའི་སྟོང་ར་ཡིན། དེ་ནས་རྩ་དབུ་མ་དེའི་ནང་སྙིང་གའི་ཐད་ན་སྙུག་མ་ཚིགས་ཀྱིས་འགགས་པ་ལྟ་བུའི་ཚིགས་ཤིག་ཡོད་པར་བསམ། དེའི་སྟེང་དུ་རླུང་གི་ཐེག་ལེ་ལྗང་སྐྱ་འགུལ་བ་དང་འཕྲིགས་པའི་རྣམ་པ་ཅན་ཞིག་བསྒོམ། དེའི་སྟེང་དུ་རང་གི་སེམས་རྣམ་ཤེས་ཀྱི་ངོ་བོ་ཡི་གི་ཧྲཱིཿཡིག་དམར་པོའི་རིང་ཆ་ཚེགས་དྲག་དང་བཅས་པ་དར་ལྕོག་རླུང་གིས་བརྡབས་པ་ལྟར་འཕར་འདར་ཧྲི་ལི་ལི་ཡོད་པ། དེ་ལྟ་བུ་ཞིག་བསྒོམས་ཏེ། དེ་རིགས་པ་སེམས་ཀྱི་རྟེན་གཞི་ཡིན། དེ་ནས་རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་སུམ་བརྩེགས་ཀྱི་སྟེང་ན། ངོ་བོ་དུས་གསུམ་སངས་རྒྱས་ཐགས་ཅད་འདུས་པའི་བདག་ཉིད་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ལ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ་དེ་ལྟ་བུ་ཞིག་གསལ། དེའི་གཡས་སུ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ། གཡོན་འོག་མས་པད་དཀར་པོའི་ཡ་བ་ནས་འཛིན་པའི་མེ་ཏོག་གི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། འོད་དཔག་མེད་ཀྱི་གཡོན་དུ་རྒྱལ་བ་ཐགས་ཅད་ཀྱི་མཐུ་སྟོབས་ནུས་པའི་བདག་ཉིད་གསང་པའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་སྟབས་སུ་འཛིན་པ། དེ་གཉིས་ཀའང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། དེ་ཡང་འོད་དཔག་མེད་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དང༌། སེམས་དཔའ་གཉིས་འགྲོ་དོན་སྐྱོ་དུབ་དང་བྲལ་བའི་བརྡར་ཞབས་བཞེངས་པའི་སྟབས་ཀྱིས་བཞུགས་པ།

གཙོ་བོ་དེ་གསུམ་གྱི་མཐའ་བསྐོར་དུ་ལམ་ཟབ་མོ་འཕོ་བ་བརྒྱུད་པའི་བླ་མ་ཐམས་ཅད་དྭངས་པའི་མཁའ་ལ་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་ནས། རང་གཞན་སེམས་ཅན་ཐམས་ཅད་ལ་བརྩེ་བའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། དགྱེས་པའི་ཐུགས་ཀྱིས་དགོངས་ནས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་བསམས་ལ། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། སྤྱན་གསུམ་ནམ་མཁར་གཟིགས། དེའི་ཁོང་དབུས་རྩ་དབུ་མ་སོགས། མཚན་དཔེ་རྫོགས་པའི་ཕུང་པོར་གསལ། ཞེས་གསལ་གདབ། དེ་ནས་ཡིད་ཁྱེད་ཤེས་ཀྱི་དད་པའི་སྒོ་ནས་ལུས་བ་སྤུ་གཟེངས། མིག་མཆི་མ་འཁྲུགས་པ་དང་བཅས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་ཅི་མང་བརྗོད་མཐར། ཨེ་མ་ཧོ། གནས་རང་སྣང་དོན་གྱི་འོག་མིན་ན། །སོགས་ནས། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །བར་ཐམས་ཅད་ཚང་བར་ཚར་གསུམ། རྗེས་མ་ལ་ཡིད་མོས་གུས་མན་ཆད་ཚར་གསུམ། དེའི་ཡང་རྗེས་མ་ལ། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ལན་གསུམ་བརྗོད། དེ་དག་གི་ཚེ་བླ་མ་དང་མགོན་པོ་འོད་དཔག་མེད་ལ་མོས་གུས་མཆི་མ་འཁྲུགས་པ་ལྟ་བུའི་ངང་ནས་རིག་པ་སེམས་ཀྱི་རྟེན་གཞི་ཧྲཱིཿཡིག་ཁོ་ན་ལ་སེམས་བཟུང༌། དེ་ནས་སྤར་ཆོག་གི་ཚེ་རྐན་གྱི་ཕུགས་ནས་ཧྲཱིཿཧྲཱིཿཞེས་ལྔ་ཚར་བརྗོད་པ་དང་མཉམ་དུ་རིག་པ་སེམས་ཀྱི་རྟེན་གཞི་ཡི་གེ་ཧྲཱིཿདམར་པོ་དེ་རླུང་གི་ཐིག་ལེ་ལྗང་སྐྱ་གཡོ་བའི་རྣམ་པ་ཅན་དེ་ལ་བཏེགས་ཏེ་འདར་ཕྲི་ལི་ལི་བྱེད་ཅིང་ཇེ་མཐོ་ཇེ་མཐོར་སོང༌། སྤྱི་བོ་ཚངས་པའི་བུ་གར་ཐོན་པ་དང་མཉམ་དུ་ཧིཀ་ཅེས་བརྗོད་པས། དཔག་ཆེན་གྱི་མདའ་འཕངས་པ་ལྟར་ཡར་ཏེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ། ཡང་སྙིང་གར་ཧྲཱིཿཡིག་གསལ་ལ། དམིགས་པ་སྔར་ལྟར་བཅས་ཧིཀ་སྒྲ་བདུན་ནམ་ཉེར་གཅིག་སོགས་བརྗོད། ལུགས་ཀ་གཞན་ལ་ཧིཀ་བརྗོད་ནས་སྤར་ཞིང་ཀ་བརྗོད་པས་མར་འབབས་པའི་དམིགས་པ་བྱ་སྲོལ་ཡོད་ཀྱང༌། འདིར་ཀ་བརྗོད་ནས་མར་འབེབས་སྲོལ་མེད། ཡང་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སོགས་ནས། གསོལ་འདེབས་དང་སྤར་ཆོག་སོགས་སྔར་ལྟར་བཅས་ཇི་ཙམ་འཚམས་པར་སྦྱང༌། དེ་ནས་ཡང་བཅོམ་ལྡན་འདས་སོགས་ནས། མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་ནམ་གསུམ་ལ་སོགས་པའི་མཐར། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་འཛུགས་མ་རྫོགས་ཆེན་ནས་བརྒྱུད་པ་ལྟར་གྱི་གསོལ་འདེབས་བསྡུས་པ།

སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།
།དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུང་རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས།
།ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས།
།མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས།
།བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།


།ཞེས་ལན་གསུམ་གྱི་རྗེས་མ་ལ།
བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།


།ཞེས་པ་ལན་གསུམ་བྱ་ཞིང༌། སྤར་ཆོག་སོགས་སྔར་ལྟར་དེ་དག་ཇི་ལྟར་འཚམས་པར་སྦྱངས་ནས་ཡང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་སྔར་ལྟར་དང༌། གནམ་ཆོས་ཀྱི་འཕོ་བ་དཔལ་ཡུལ་ནས་བརྒྱུད་པའི་གསོལ་འདེབས།
ཨེ་མ་ཧོ།

ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང༌། །ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ།
།བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས།
།བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རླབས།


།ལན་གསུམ་གྱི་ཚེག་རྐང་རྗེས་མ་ཡང་བསྐྱར་དང༌། སྤར་ཆོག་སོགས་སྔར་ལྟར་ཡིན། གསོལ་འདེབས་རྗེས་མ་གཉིས་པོ་འདི་ཀློང་ཆེན་སྙིང་ཐིག་གི་ཁྲིད་གཞུང་མ་ཡིན་པས། རིག་འཛིན་འཇིགས་མེད་གླིང་པ་ནས་བརྒྱུད་པ་མིན་ཀྱང༌། རྫོགས་ཆེན་རིན་པོ་ཆེ་དང༌། སྒོ་ཆེན་སོགས་ནས་བརྒྱུད་དེ། སྐྱབས་རྗེ་རྡོ་གྲུབ་རིན་ཆེ་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་དེས་གསུང་སྲོལ་ལྟར། རྗེ་བླ་མས་ཀྱང་གསུང་བར་འདུག་ལ། འོན་ཀྱང་གྲུབ་རྗེ་རིན་པོ་ཆེ་ལ་དྭགས་པོ་ནས་བརྒྱུད་པའི་བཀའ་བརྒྱུད་ཀྱི་འཕོ་བའི་ཁྲིད་རྒྱུན་ཀྱང་བཞུགས་པས་འཕོ་བའི་ངག་འདོན་གྲུབ་རྗེའི་བསྒྲིགས་མར་དེ་ཉིད་གྱི་གསོལ་འདེབས་ཀྱང་ཡོད་མོད་ཀྱང༌། རྗེ་བླ་མས་གསུང་སྲོལ་མེད་ལ། གང་ལྟར་ཡང་བརྒྱད་སྲོལ་མི་འདྲ་བ་ཐམས་ཅད་དམིགས་རིམ་སོགས་ལ་ཁྱད་པར་མེད་པས་ཁྲིད་རྒྱུན་ཆུ་བོ་གཅིག་འདྲེས་སུ་སོང་བར་ངེས་ཤིང༌། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་དྲུང་ནས་རྗེ་བླ་མས་ལན་གྲངས་དུ་མར་གསན་པ་བཅས་རྗེ་བླ་མ་ནས་འཕོ་ཁྲིད་ཐོབ་པ་རྣམས་ཀྱིས་ཀྱང༌། བཀའ་བརྒྱུད་ཀྱི་འཕོ་ལུང་ཡང་ཐོབ་པར་བྱས་ནས་བརྒྱུད་འདེབས་སོགས་བཏོན་ཀྱང་ཆོག་པར་སེམས་སོ། །གསོལ་འདེབས་བསྡུ་མ་འདི་གཉིས་ཀྱང་གྲུབ་རྗེའི་བསྒྲིགས་མ་ལྟ་བུ་ཡིན་ནམ། གང་ལྟར་ཡང་གཞན་རྣམས་དང་ཅུང་ཟད་མི་འདྲད་ཙམ་འདུག་པས། འདིར་རྗེའི་གསུང་རྒྱུན་ལྟར་བྲིས་པ་ཡིན་ནོ། །ཡང་གནམ་ཆོས་འཕོ་ལུང་གི་དུས་རྗེ་བླ་མས་མང་ཚོགས་ལ་འཕོ་བ་གདབ་པའི་དུས། འདི་རྣམས་ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཞེས་གསུང་སྲོལ་ཡོད་པ་བརྡའ་མ་འཕྲོད་པར་བཟུང་ནས། ད་ལྟ་ཁ་ཅིག་གིས་འདིར་སྣང་ནམ་ཞིག་དང༌། འདི་ནས་ནམ་ཞིག་སོས་སུ་འདོན་པ་ནི། ཅུང་ཟད་མ་དག་གམ་སྙམ་མོ། །དེ་ལྟར་ཡང་དང་ཡང་དུ་སྦྱངས་པ་སོང་ནས་མཐར་འཇོག་ཁར། སྐུ་ལྔའི་དབྱིངས་སུ་རྒྱས་གདབ་པའི་ཆེད་དུ། ཕཊ྄༔ལྔ་ཕྲུགས་སུ་བརྗོད་ཅིང༌། གནས་ལུགས་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་དེ་ནས་སྤྱི་གཙུག་གི་བརྒྱུད་པའི་བླ་མ་ཐམས་ཅད་གཙོ་བོ་གསུམ་ལ་ཐིམ། སེམས་དཔའ་གཉིས་ཀྱང་འོད་དཔག་མེད་ལ་ཐིམ། འོད་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཚེ་བུམ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་ཅན་འཛིན་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་དེ་ལྟ་བུ་ཞིག་ཏུ་བསྒོམས་ལ། ཨོཾ་ཨ་མཱ་ན་ཎི་ཛཱི་ཝན་ཏི་ཡེ་སྭཱཧཱ། ཞེས་བརྒྱ་རྩ་དང་ཚེ་གཟུངས་སོགས་འདོན། དེས་ཚེ་ལ་མི་གནོད་ཅིང་རྟེན་འབྲེལ་གྱི་བདེན་པས་ཚེ་གེགས་ཀྱང་ཞི་བ་ཡིན། དེས་ན་གཞན་ཤི་པོ་དང་འཆི་ཀ་མ་ལ་གདབ་པ་དང་རང་ཉིད་འཆི་བའི་ཚེ་ལས་ལ་སྦྱར་བའི་དུས་འདི་མི་དགོས། དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་ཀྱང་གཞུང་ལས། མགོ་ན་ཆུ་སེར་ཟིལ་པ་ཕྲོམ། །འཇག་མ་དལ་གྱིས་ཚུགས་སོགས་འབྱུང༌། །ཞེས་པ་ལྟ་བུའི་རྟགས་མ་ཐོན་གྱི་བར་དུ་ནན་ཏན་གྱིས་སྦྱང་དགོས་པ་ཡིན་ནོ། །མཇུག་དགེ་བ་བསྔོ་ཞིང༌། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་སོགས་པ་འདོན་པར་བྱའོ། །དེ་ལྟར་ཟབ་ལམ་འཕོ་བའི་གདམས་པ་འདི་ནི་བསྐྱེད་རྫོགས་ཀྱི་རྣམ་གྲངས་གཞན་ལྟར་དུས་ཡུན་རིང་དུ་སྦྱང་མི་དགོས་པར་བདུན་ཕྲག་གཅིག་ཙམ་སྦྱངས་ན་ངེས་པར་རྟགས་ཐོན་དུ་འབྱོངས་པས། མ་བསྒོམས་པར་འཚང་རྒྱ་བའི་ཆོས་ཞེས་པའང་གསུངས་པ་ལྟར་ཡིན་པས་མྱུར་ལམ་བླ་ན་མེད་པ་འདི་ལྟ་བུ་ལ་ཐམས་ཅད་ཀྱིས་ཡི་དམ་དུ་བྱ་བའི་རིགས་སོ། །རང་མགོ་མི་ཐོན་རོ་མགོར་ཅ་ཅོ་སྒྲོགས། །ཉམས་སུ་མི་ལེན་བཤད་རྒྱངས་གདུགས་ལྟར་ཕུབ། །བདག་དང་བདག་འདྲ་ཟོག་པོའི་རིགས་ཅན་རྣམས། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་དོ། །དེ་ལྟར་དལ་འབྱོར་རྙེད་པར་དཀའ་བ་ལ་བསམས་ནས་དལ་བའི་རྟེན་ལ་སྙིང་པོ་བླང༌། ཚེ་མི་རྟག་པའི་ཚུལ་ལ་བསམས་ནས་བརྩོན་འགྲུས་ཀྱི་ལྕག་གིས་བྲབས། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་ངེས་འབྱུང་དང་སྙིང་རྗེའི་བློ་བསྐྱེད། རྒྱུ་འབྲས་ཀྱི་རྣམ་གྲངས་ཤེས་ནས་དགེ་སྡིག་ལ་སྤང་བླང་དུ་བྱ། ཐར་པའི་ཕན་ཡོན་དྲན་པས་འབྲས་བུ་ལ་བྲོད་པ་བསྐྱེད། ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་ནས་དགོངས་སྤྱོད་བསླབ་པ་སྟེ། ཐུན་མོང་ཕྱིའི་སྔོན་འགྲོ་ཁྲིད་རྐང་དྲུག་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་ནས་ཐར་པའི་ལམ་གྱི་རྟེན་གཞི་བཅའ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་ཁོག་ཕུབ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བསྟེན་ནས་ཉེས་པ་ཐམས་ཅད་ཀྱི་རྩ་བ་སྡིག་ལྟུང་སྟོབས་བཞིའི་སྒོ་ནས་བཤགས། སྐུ་གསུམ་གྱི་ཞིང་ཁམས་མཎྜལ་དུ་ཕུལ་ཏེ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག །བྱིན་རླབས་ཐམས་ཅད་ཀྱི་འཁྱུད་གནས་བླ་མ་ལ་གསོལ་བ་བཏབ་སྟེ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པ་སྟེ། ཐུན་མིན་ནང་གི་སྔོན་འགྲོ་ཁྲི་རྐང་ལྔ་དང༌། ལམ་མཐར་མ་ཕྱིན་པར་འཆི་བ་ཐོག་བབ་ཏུ་བྱུང་ན་དག་པའི་ཞིང་དུ་མཚམས་སྦྱོར་བ་འཕོ་བ་མ་བསྒོམས་སངས་རྒྱས་ཏེ་ཁྱོན་ཁྲིད་རྐང་བཅུ་གཉིས་ཡིན་ལ། དེ་དག་ཀྱང་སྔོན་འགྲོ་བློ་ལྡོག་བཞི་དང༌། ཐར་པའི་ཕན་ཡོན་ལ་བརྟེན་ཏེ་བཅོས་མ་མ་ཡིན་པའི་ངེས་འབྱུང་བསྐྱེད་ཅིང་ལམ་ཐམས་ཅད་ཀྱི་སྒོ་ཕྱེ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་བསྟེན་ཏེ་ལམ་གྱི་རྟེན་འབྲེལ་བསྒྲིག །སྐྱབས་འགྲོས་གཞི་བཟུང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཕྱིན་དྲུག་གི་ལམ་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡང་དག་པ་ལ་ཁྲིད་པར་བྱེད་པ་སྟེ། ཁྲིད་ཚུལ་གཞན་དུ། སྣང་བ་གསུམ་དང༌། སྐྱེས་བུ་གསུམ་དང༌། ཕྱག་ཆེན་མདོ་ལུགས་སུ་ཁྲིད་པར་གྲགས་པ་ལ་སོགས་པ་ཐམས་ཅད་ཀྱི་ལམ་གནད་ཡོངས་སུ་རྫོགས་པའི་འདི་ཙམ་དུ་འདུས་པ་ཡིན་ལ། ཐབས་བླ་ན་མེད་པ་རྡོར་སེམས་དང་མཎྜལ་ལ་བསྟེན་པའི་བསགས་སྦྱོང་གཉིས་དང༌། ཟབ་མོ་བྱིན་རླབས་ཀྱི་གསང་ལམ་བླ་མའི་རྣལ་འབྱོར་དང༌། མ་སྒོམས་པར་སངས་རྒྱས་པ་འཕོ་བའི་གདམས་པ་རྣམས་ནི། ཁྲིད་ཚུལ་འདིའི་ཁྱད་པར་གྱི་ཆོས་བླ་ན་མེད་པ་ཡིན། ད་དུང་ཡང་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གྱི་དངོས་གཞི་ཐུན་མོང་མ་ཡིན་པའི་སྒོར་འཇུག་པ་ལ་ནི། ཁྱད་པར་གྱི་སྔོན་འགྲོའི་སྒོ་ནས་སྐུ་གསུམ་དང་སེམས་རིག་གི་སྣ་ཁྲིད་དེ། དོན་གྱི་ངོ་སྤྲོད་རིག་པ་རྩལ་གྱི་དབང་བསྐུར་ནས་གཟོད་ཉམས་ཁྲིད་དམར་བཅང་དུ་འདེབས་པ་ཡིན་ནོ། །

དེ་ལྟར་བཤད་པ་ཐམས་ཅད་ཀྱང་ཚིག་གི་སྙན་ཆ་དང་སྡེབ་སྦྱོར་གཙོ་བོར་མ་བཏོན་པར། རྗེ་བླ་མའི་གསུང་སྒྲོས་ཞལ་གདམས་ཀྱི་གསུང་ངག་ཇི་ལྟར་ཡོད་པ་ལྟར་ལ། རང་ཚིག་གི་བསྲེ་བསླད་སྤོང་ཅི་ནུས་སུ་སྤངས་ཏེ་གོ་སླ་བ་དང་སེམས་ལ་ཕན་པ་ཁོ་ན་གཙོ་བོར་བཏོན་ནས་བྲིས་ཤིང༌། དེ་ལས་ཀྱང་མཚང་འདོན་གྱི་ཞལ་གདམས་དམིགས་ཀྱིས་བཀར་ནས་གསུངས་པ་དུ་མ་ཡོད་པ་རྣམས་ཀྱང་རང་གིས་གང་ཟིན་ཐམས་ཅད་སྐབས་ཅི་རིགས་པར་འཕྲོས་དོན་གྱི་ཚུལ་དུ་བཀོད་པ་ཡིན་ལ། དེ་དག་ཀྱང་ཞེན་སྐྱོན་ལྟ་བའི་མིག་སྒོར་ནི་མི་བཟུང་སྟེ། ཁ་ནང་དུ་ལོག་ནས་རང་སྐྱོན་ལྟ་བའི་མེ་ལོང་དུ་བྱས་ནས། སྐྱོན་མཚང་དེ་དག་རང་ལ་ཡོད་དམ་མེད་ལེགས་པར་བརྟག །ཡོད་པར་འདུག་ན་སྐྱོན་ངོས་བཟུང༌། མཚང་ཡུལ་ནས་ཕུད་དེ་ཡང་དག་པའི་ལམ་ལ་བློ་ལྷན་གྱིས་འགྲོ་བ་ཞིག་ཏུ་རང་གིས་རང་རྒྱུད་འཆོས་དགོས་པ་ཡིན་པས་ན། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། གྲོགས་ཀྱི་མཆོག་དྲན་པ་དང་ཤེས་བཞིན་ཡིན། སྐུལ་མའི་མཆོག་དགྲ་བགེགས་དང་ན་ཚ་སྡུག་བསྔལ་ཡིན། ཐབས་ཀྱི་མཆོག་བཅས་བཅོས་མེད་པ་ཡིན། ཞེས་གསུངས་པ་ལྟར་གདམས་ངག་མཚང་ཐོག་ཏུ་ཕབ། ཆོས་དང་རང་སེམས་ཞུ་དག་བྱས། རྒྱུན་དུ་དྲན་པ་དང་ཤེས་བཞིན་གྱིས་བཟུང་སྟེ་ལན་ཐམས་ཅད་རང་ལ་འདའ་ཞིང༌། ཀུན་རྟོགས་ངན་པ་གཅིག་སྐྱེས་པ་ཚུན་ཆད། ཁ་ཡན་ཏུ་མི་བཏང་བར་རང་རྒྱུད་ཆོས་ཀྱིས་འདུལ་བ་ནི་གནད་དམ་པ་ཡིན་ནོ། །དེ་ལྟར་བྱས་ན་རང་དྲིན་རང་ལ་ཆེ། ཆོས་ཀྱིས་སེམས་ལ་ཕན། བླ་མ་བསྟེན་པ་ལ་དོན་སྒོ་བྱུང་པ་ཡིན་ཏེ། ཇོ་བོའི་ཞལ་ནས། ཕན་བཏགས་པའི་མཆོག་ཆོས་ལ་བཙུད་པ་ཡིན། ཕན་ཐོགས་པའི་མཆོག་ཆོས་ལ་བློ་སྣ་འགྱུར་པ་ཡིན་གསུངས། མདོར་ན་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཐོབ། ཆོས་ཐེག་པ་རིམ་དགུ་ཉམས་སུ་བླངས་ནས་སངས་རྒྱས་རང་ལ་བསྒྲུབ་ཏུ་ཡོད་པའི་སྐབས་འདིར། ཚེ་རབས་གཏན་གྱི་ཆུས་ཚུགས་ན་ད་རེས་མ་ཚུགས་ན་ད་རེས་བློ་ལེགས་ན་ད་རེས་ཉེས་ན་ད་རེས། འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱིས་མཚམས་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས། རང་མགོ་ཉི་མ་ཆོས་ཀྱིས་བཏོན་ནས་དུས་རྟག་ཏུ་འཆི་བའི་སྐུ་མ་གདབ། ཚེ་འདིར་བློ་སྣ་བསྟུང༌། བརྩོན་འགྲུས་སྲོག་དང་བརྡོས་ནས་དགེ་སྒྲུབ་དང་སྡིག་སྤང་ལ་འབད། མཚན་ཉིད་ཀུན་ལྡན་གྱི་བླ་མ་བསྟེན་ནས་ཅི་གསུང་དང་དུ་བླང༌། བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏད་དེ། སྐྱིད་ན་དཀོན་མཆོག་གི་ཐུགས་རྗེ། སྡུག་ན་སྔོན་བསགས་ཀྱི་ལས་འཕྲོར་ཤེས་ཤིང༌། བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ངང་ནས་ཉམས་ལེན་བསགས་སྦྱོང་གཉིས་ལ་འབད་དེ། མཐར་ཐུག་མོས་གུས་དང་དམ་ཚིག་རྣམ་པར་དག་པའི་སྒོ་ནས། བརྒྱུད་ལྡན་གྱི་བླ་མ་མཆོག་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ། ཚེ་འདིར་བཙན་ས་ཟིན་པར་བྱ་ཞིང༌། མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་དོང་ནས་འདོན་པའི་བློ་སྟོབས་ཀྱི་ཁུར་ཁྱེར་བ་ནི། གདམས་ངག་གི་གནད་ཐམས་ཅད་བསྡུས་པ་ཡིན་ནོ། ། དེ་ལྟར་བརྒྱུད་གསུམ་མན་ངག་བདུད་རྩིའི་ཀླུང༌། །བརྒྱུད་ལྡན་བླ་མའི་ཞལ་ཆབ་དངར་མོའི་བཅུད། །རིམ་དགུའི་ཐེག་པའི་ཉམས་ལེན་སྙིང་པོའི་གནད། །མ་ནོར་ཡོངས་སུ་བསྡུས་པ་འདི་ཁོ་ན། །སྤྲོས་བཤད་ཚིག་གི་སྦུན་པ་ཡོངས་དོར་ནས། །ཡང་ཟབ་ཉམས་ལེན་གནད་ཀྱི་རོ་བསྡེབས་ཏེ། །ཉམས་མྱོང་ཞལ་གྱི་གདམས་པས་བཙོས་པའི་བཅུད། །ལེགས་བཤད་འདི་ནི་གཡོས་ལེགས་ཁ་ཟས་འདྲ། །གཤིས་ངན་དུག་གསུམ་སྤྱོད་པའི་ཐ་རྒོད་ལ། །མཚང་འདོན་ཞལ་གདམས་རྡོ་རྗེའི་ཐོང་བཙུགས་ཏེ། །ཡང་དག་དམ་ཆོས་རླན་གྱིས་འདེབས་མཁས་པ། །ལེགས་བཤད་འདི་ནི་ཐབས་མཁས་ཞིང་པ་འདྲ། །ངེས་འབྱུང་བློ་སྣ་གཤིམ་པོའི་ཞིང་ས་ལ། །བྱང་ཆུབ་སེམས་ཀྱི་ས་བོན་ལེགས་བཏབ་ནས། །བསགས་སྦྱོང་ཐབས་ཀྱིས་ཡོན་ཏན་འབྲས་སྐྱེད་པ། །ལེགས་བཤད་འདི་ནི་སྐལ་བཟང་ལོ་ཏོག་འདྲ། །རང་སྐྱོན་མཚང་ནས་བྲུས་ཏེ་དྲུངས་འབྱིན་ཞིང༌། །ཡོན་ཏན་ཐབས་མཁས་དག་གིས་ལན་བརྒྱར་འདོམས། རྟག་ཏུ་ཕན་པ་འབའ་ཞིག་ལྷུར་ལེན་པ། །ལེགས་བཤད་འདི་ནི་མ་མ་སྡུག་གུ་འདྲ། །ཚིག་ཙམ་མ་ཡིན་དོན་གྱི་ཟབ་ཁྱད་ཅན། །མཚུངས་མེད་དམ་པའི་ཞལ་རླངས་མ་ཡལ་བ། །ལེགས་བཤད་འདི་འདྲ་སྙིང་གི་ནོར་བུ་རུ། །ཐོབ་རྣམས་ཡང་དག་ལམ་གྱིས་ཟིན་པར་ངེས། །ཕན་དང་སྒྲུབ་པ་ལྷུར་ལེན་དམ་པའི་གཞུང༌། །སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་ཏེ། །ཕལ་དང་གྲོང་པའི་ངག་གིས་ཡང་དག་ལམ། །ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན། །གཞུང་བཤད་ཚིག་གིས་སྤྲོས་པ་རྒྱ་ཆེ་ཡང༌། །བློ་རྨོངས་ཡིད་ཀྱི་ཁང་བུར་འཇུག་དཀའ་ཞིང༌། དོན་ཟབ་ལྟ་གྲུབ་མཐོན་པོའི་ཁ་སྐད་ཀྱང༌། །སྙིགས་སྤྱོད་བློ་ཆུང་སྐྱེ་བོས་ཉམས་ལེན་དཀའ། །དེ་སླད་གཞུང་འདི་ཤེས་སླ་དོན་དུ་འདུ། བློ་ཆུང་བློ་ཡི་ཁུང་བུར་གསེར་གྱི་བཅུད། །བློ་དམན་ཡིད་ཀྱི་མུན་པར་མར་མེ་བཞིན། དོན་བཟང་རང་གསལ་ཁྲོ་མེད་སློབ་དཔོན་ཡིན། །བཤད་ཡམ་ཚིག་ལ་ཞེན་པའི་མཁས་པ་དང༌། །གཞུང་ལུགས་གདམས་པར་མ་ཤར་སྟོན་ཆེན་ཀྱང༌། །དམ་པའི་མན་ངག་བཅུད་འདི་འཐུངས་དང་གཟོད། །ཉམས་ལེན་གནད་ཀྱི་ལུས་ཟུངས་ལོས་ཀྱང་རྒྱས། །སྟོང་སྒོམ་མུན་རྡོ་འཕེན་པའི་སྒོམ་ཆེན་དང༌། །དགེ་སྦྱོར་བྱས་ཡུས་འདྲེན་པའི་སྒྲུབ་པ་པོ། །རང་རྒྱུད་ཚོད་མ་ལོངས་པའི་གྲུབ་བརྫུ་རྣམས། །ལམ་འདི་མཐོང་ན་སྙིང་གི་ཐུར་མ་བྱེད། །བཤད་ཡམ་ཚིག་གི་སྤྲས་གཞུང་མང་ཐོས་ཤིང༌། །སྙན་ཚིག་འཇའ་ཚོན་རི་མོ་བྲི་མཁས་ཀྱང༌། །དྲིན་ལྡན་བླ་མའི་ཞལ་རྒྱུན་མ་ལགས་པ། །རང་བཟོའི་ཚིག་རིས་བསྲེས་པ་འདི་ལ་མེད། །མཚུངས་མེད་བླ་མ་སངས་རྒྱས་དངོས་བྱོན་ཏེ། །གངས་ལྗོངས་འཇིག་རྟེན་སྐལ་པ་བཟང་པོ་རུ། །གྱུར་པའི་དུས་ཚོད་དེ་ལས་འགྱངས་མིན་པས། །ད་དུང་རྡོ་རྗེའི་མཆེད་བཞུགས་འདི་ལ་དཔང༌། །དེ་སླད་ཡང་དག་བཀའ་ཡི་བསྡུ་བ་རུ། །བརྩོན་པའི་རྒྱུ་ཡང་དམ་པའི་དྲིན་ལས་ཏེ། །མོས་གུས་བསམ་པ་བཟང་པོའི་ལག་རིས་ལ། །ཡི་རངས་ལྷར་བཅས་མཆེད་ཀྱིས་སྩལ་བར་རིགས། །སླད་ནས་འབྱོན་པའི་སྐལ་བཟང་གང་ཟག་ཀྱང༌། །ཚུལ་འདི་མཐོང་ན་བླ་མ་སངས་རྒྱས་དེ། །དངོས་སུ་མཇལ་བའི་མོས་གུས་སྐྱེད་ཅིག་དང༌། །གསུང་གི་གནད་ལ་ནོར་འཁྲུལ་མེད་དམ་སྙམ། །དེ་འདྲ་དེ་ལས་གང་ཞིག་ཐོབ་པ་ཡི། །དགེ་བ་དེ་ཡང་མར་གྱུར་འགྲོ་བ་ཀུན། །བཤེས་གཉེན་དམ་པས་ཟིན་ནས་དམ་པའི་གསུང༌། །སྒྲུབ་པའི་འབྲས་ལེགས་མཐོང་བའི་རྒྱུ་རུ་བསྔོ། །ཁྱད་པར་མཚུངས་མེད་བླ་མ་རྫོགས་སངས་རྒྱས། །དེ་ཡི་ཞལ་གྱི་བདུད་རྩིས་བསྐྱངས་མཐའ་དག །ཚོམ་བུ་གཅིག་མངོན་པར་སངས་རྒྱས་ནས། །འགྲོ་བའི་འདྲེན་པར་ཆས་པའང་མཐོང་གྱུར་ཅིག །དམ་པའི་ལེགས་བཤད་བདུད་རྩིའི་བཅུད་གསོལ་ཏེ། །གདམས་པའི་མྱོས་གླུས་སྐལ་བཟང་ཡིད་འགུགས་པའི། །དྲིན་ཆེན་བླ་མའི་རྒྱལ་ཚབ་མཆོག་རྣམས་ཀྱང༌། །ཞབས་པད་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་དང་དེ་ཡི་རྗེས་འཇུག་གི། །བྲན་ཏུ་གྱུར་ནས་ཅི་གསུང་བཀའ་སྒྲུབ་ཅིང༌། །མཉེས་པས་རྗེས་སུ་འཛིན་པ་ཡོད་གྱུར་ཅིག །འཁོར་བའི་མཐའ་དང་ལུས་ཅན་མཐའ་དེ་སྲིད། །ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤུངས་ཏེ། །ཉམ་ཐག་མ་རྒན་རྣམས་ཀྱི་གཡོག་བགྱིད་ཅིང༌། དེ་ཀུན་རྫོགས་སངས་རྒྱས་པའི་ཆོས་འཛིན་ཤོག །གནས་སྐབས་སུ་ཡང་བརྒྱུད་པ་རིན་པོ་ཆེའི། །བྱིན་རླབས་ཉི་མ་སྙིང་ལ་ལེགས་འཆར་ཞིང༌། །དབེན་པའི་གནས་སུ་ཚེ་འདི་མཐར་བྱས་ཏེ། །མཚུངས་མེད་བླ་མའི་དྲུང་དེར་འགྲོ་བར་ཤོག །

དེ་ལྟར་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་ཕྱིན་ནང་གི་ཁྲིད་ཡིག་མཚུངས་མེད་བླ་མ་དམ་པའི་ཞལ་རྒྱུན་ལྟར་བྲིས་པ་འདི་ཡང༌། སྔ་སོར་རྗེ་བླ་མའི་ཞལ་སློབ་སྡོམ་བརྩོན་དམ་པ་སྒྲོན་མ་ཚེ་རིང་ནས་ཁོང་རང་གི་ཐུགས་ལ་གང་ངེས་ཟིན་རིས་སུ་བྲིས་ནས་བྱིན་ཏེ། འདི་ལ་གཞི་བྱས་ནས་ཁྱེད་ཀྱིས་རྗེའི་ཞལ་རྒྱུན་བཅོས་མེད་ཀྱི་ཁྲིད་ཡིག་ཅིག་ཅིས་ཀྱང་བྲིས་ཤིག་ཅེས་ནན་ཏན་གྱིས་བསྐུལ་བ་དང༌། ཁྱད་པར་རྗེ་བཙུན་བླ་མ་མཆོག་གི་སྨིན་གྲོལ་གྱི་བསྟན་པ་འཛིན་པའི་རྒྱལ་ཚབ་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེའི་ཞལ་སྔ་ནས་བྲི་གཞིའི་ཤོག་བུ་དང་བཅས་པ་གནང་ནས་ལན་གྲངས་གཉིས་གསུམ་གྱི་བར་དུ་གསུང་གིས་བསྐུལ་བ་དང༌། སླར་ཡང་སྐྱབས་མགོན་བླ་མ་དམ་པའི་གདམས་ངག་གི་བརྒྱུད་པ་འཛིན་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཡོངས་རྫོགས་བསྟན་པའི་མངའ་བདག་སྐུ་ཞབས་རིན་པོ་ཆེ་གཞན་ཕན་མཐའ་ཡས་འོད་ཟེར་ནས། རྗེ་བླ་མའི་ཞལ་རྒྱུན་གསུང་སྒྲོས་ལྟར་ཡི་གེར་བྲིས་ན། བླ་མ་དྲན་པའི་མོས་གུས་ཀྱི་གསོས་སུ་འདུག་པས་ཅིས་ཀྱང་བྲིས་ཤིག་ཅེས་གསུང་གིས་དབུགས་དབྱུང་གནང་བ་དང༌། གཞན་ཡང་ཇི་སྲིད་བྱང་ཆུབ་སྙིང་པོའི་མཐས་གཏུགས་པ་དེ་སྲིད་དུ་མེ་མར་གྱི་འོད་དང་སྡོང་བུ་ལྟར་འགྲོགས་པར་ངེས་པ། དཔྲལ་བའི་མིག་ལྟར་བརྩེ་བའི་རྡོ་རྗེའི་མཆེད་པོ་དུ་མས་ལེགས་སོའི་དབུགས་དབྱུང་དང་བློ་གྲོས་ཀྱི་ཟུར་གསོས་ཐོབ་པ་ལ་བརྟེན་ནས། མཚུངས་མེད་གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་བྱང་ཆུབ་རྡོ་རྗེའི་ཞལ་སྔ་ནས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མིང་གི་ཅོད་པན་བྱིན་པ་ཡིན་ན་ཡང༌། དོན་ཏུ་དུག་ལྔ་མེ་འབར་ཨ་བུ་ཧྲལ་པོར་འབོད་པའི་གདོལ་སྤྱོད་མཁན་དེ་ཉིད་ཀྱིས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་དབེན་པའི་ཡོན་ཏན་མ་ཚང་བ་མེད་པའི་རྒྱན་གྱིས་བརྗིད་ཆགས་པར་སྤྲས་ཤིང༌། དྲོད་བཅུད་ཉི་ཟེར་འོད་སྣང་སྤྱི་བོས་ལེན་ལ། བསིལ་བཅུད་བདུད་རྩིའི་ཐེགས་པ་རྐང་པས་འཐུངས་པའི་ལྗོན་ཤིང་དང༌། འཁྲི་ཤིང་དང༌། ལྕུག་མ་དང༌། ཕང་ཕུང་དང༌། ལྡུམ་བུ་དང༌། སྡོང་པོའི་བྱེ་བྲག་རིགས་མི་གཅིག་པ་དུ་མའི་ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་འཕྱངས་འཕྲུལ་དྲ་བ་དང༌། དྲ་བ་ཕྱེད་པར་བྲེས་པའི་ཁོང་སེང་ནས་སྔོ་བསངས་ནམ་མཁའི་བུ་མོའི་འཛུམ་ཟེར་གྱི་བདུད་རྩིས་སྙིང་ལ་སིམ་པ་ཅིར་ཡང་སྦྱིན་པའི་གནས་སུ། ལེགས་པར་གྲུབ་པར་བགྱིས་པ་འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལམ་མཆོག་འདི་ལ་བརྟེན་ནས་གདོད་མའི་མགོན་པོའི་གཞི་ཀློང་དུ་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག། །།

༈ ཨོཾ་ས སྟི་སིདྡྷི། །གྲོལ་བ་དྲུག་ལྡན་ཀུན་བཟང་དགོངས་པའི་གཏེར། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་ཕྱག་རྒྱས་བཀྲོལ། །ཀློང་ཆེན་སྙིང་ཐིག་ཅེས་གྲགས་གྲུབ་གཉིས་དཔལ། །འདོད་རྒྱུར་སྦྱིན་ལ་མཐུ་དང་རླབས་ཆེ་བ། །གང་དེའི་སྔོན་འགྲོའི་ཆོས་བཤད་ཐོས་ཙམ་གྱིས། །ཡིད་ཅན་བློ་སྣ་བཙན་ཐབས་སྒྱུར་ནུས་པ། །འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་གྱི་ལུང༌། །ཨོ་རྒྱན་ཆོས་ཀྱི་དབང་པོའི་ལེགས་གསུང་བཅུད། །གཏན་པ་མེད་པའི་ཆོས་སྦྱིན་སྒོ་འབྱེད་ཕྱིར། །སྡེ་བཞི་དགེ་བ་བཅུ་ལྡན་ཆོས་སྲིད་ཀྱི། །གཉེར་ཆེན་པདྨ་ལེགས་གྲུབ་དད་འབྱོར་ནི། །རྫོགས་ལྡན་སྤྲིན་ལས་ཕྱི་མོའི་ཆོས་ཆར་ཕབ། །དགེ་བས་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན། །སྲིད་པ་གསུམ་དུ་དར་རྒྱས་ཡུན་རིང་གནས། །འབྲེལ་བཅས་འགྲོ་རྣམས་གདོད་མའི་རྒྱལ་སྲིད་ཆེར། །མྱུར་དུ་སྤྱོད་ཅིང་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་ཕྱི་མོའི་ཞུད་དག་དང་ཆབས་ཅིག་དག་པའི་སྣང་བ་རིས་སུ་མ་ཆད་པ་བློ་གྲོས་མཐའ་ཡས་པའི་སྡེས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ།། །།

༈ དེ་ལྟར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གང་ཉིད་སྙིགས་དུས་གདུལ་བྱའི་སྣང་ངོར་གསུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ་དུ་བྱོན་པ། འཇིགས་མེད་རྒྱལ་བའི་མྱུ་གུ་དཔལ་བཟང་པོའི་ཞལ་སྔ་ནས། དཔལ་དགེ་ཨྱོན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་སྲས་ཀྱི་ཐུ་བོ་རྣམས་ལ་བཀའ་སྩལ་བའི་ཟབ་ཆོས་འདི་ཉིད་ཀྱིས་བདག་ཅག་ཕྱི་རབས་ཀྱི་གདུལ་བྱ་ཡོངས་ལ་སྐྱེས་གསུམ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ལམ་ལས་སློབ་ཚུལ་རྣམས་མཐར་ཕྱིན་ཏེ། ངེས་ལེགས་ཐར་པའི་ཁང་བཟང་ཆེན་པོར་བཀྲི་བའི་ལམ་སྟེགས་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དུ་གྲགས་པ་འདི་ནི། དམ་པའི་ཆོས་གཤའ་མ་བྱེད་འདོད་ཀྱི་སྐལ་ལྡན་རྣམས་ལས་ལམ་གྱི་འཇུག་སྒོར་མེད་དུ་མི་རུང་བའི་ཁྱད་ཆོས་རྨད་དུ་བྱུང་བར་བརྟེན། རང་རང་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལོན་པ་དང༌། ལྷག་པར་ཡིག་འབྲུ་འདི་དག་སངས་རྒྱས་ཀྱི་གསུང་སྤྲུལ་བླ་ན་མེད་པའི་མཐུ་ལས་འཇིག་རྟེན་གྱི་ཁམས་སུ་ཕན་བདེའི་གཞི་རྩ་རྒྱལ་བསྟན་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་རྒྱུད་པ་དང༌། ཐོས་བསམ་སྒོམ་གསུམ་བྱ་བའི་ཡུལ་དུ་གྱུར་པས་དབང་རྣོན་རིགས་ཅན་རྣམས་མོས་གུས་མའི་རྣལ་འབྱོར་ལ་བརྟེན་ཏེ་ཀུན་མཁྱེན་ཡབ་སྲས་བརྒྱུད་པ་དང་བཅས་པའི་དགོངས་བརྒྱུད་ཀྱི་བྱིན་རླབས་རང་རྒྱུད་ལ་འཕོས་ནས་རྟོགས་པའི་བདག་གྲོལ་ཞིང༌། ཐུགས་རྗེའི་གཞན་སྨིན་པས་འབྲེལ་ཚད་དོན་ལྡན་དུ་གྱུར་པ་གདོན་མི་ཟ་བར་ངེས་ཤེས་དྲངས་ཏེ་རང་གཞན་ཡོངས་ལ་སྨན་ཕྱིར། སྡེ་དགེའི་མ་ཕྱི་ལས་པར་གཞི་འདི་ལྟ་བུ་ཞིག་སྔོན་ནས་གསར་བསྐྲུན་ཞུ་འདུན་སྙིན་ཐག་པ་ནས་ཡོད་ཀྱང༌། རང་ཉིད་ཚེ་རབས་སྔོན་ནས་བསོད་ནམས་ཀྱི་བསགས་རྒྱབ་ཞན་རྐྱེན་འདི་ནང་མཁོ་དགུའི་ཡོ་བྱད་ཀྱིས་ཕོངས་པས་རིམ་པར་འགྱངས་ཤིང༌། ད་ནི་རྒ་བའི་འཁུར་ལྕིའི་ལུས་ཟུངས་ཉམས་པས་འདྲེན་བྱེད་གསལ་མིན་འདི་མུར་གློ་བུར་འཆི་རྐྱེན་དུ་གྱུར་ན། པར་བརྐོའི་བྱ་བ་ཡིད་སྨོན་ཙམ་དུ་ལུས་ངེས་མ་བཟོད་ཁར། ཉེ་ཆར་སྒེར་རྒྱལ་མཁར་ནང་པའི་སྐུ་ངོ་དཔལ་འབྱོར་རྡོ་རྗེ་ལགས་ཀྱི་ལྕམ་ཆུང་བཟང་མོ་ཚེ་རིང་སྐལ་བཟང་ལས་ཅན་དེ་ཉིད་ཕྱི་མའི་ལྔ་ལམ་དུ་གྱུར་པའི་དགེ་རྩར་པར་བརྐོའི་མཐུན་རྐྱེན་དུ་དངུལ་སྲང་ཉིས་སྟོང་ཐམ་པ་གསོལ་རས་སྩལ་ཏེ་རྣམ་དཀར་དགེ་བསྐུལ་གྱིས་མཚམས་སྦྱོར་གནང་བ་དང༌། གཞན་ཡང་དད་འབྱོར་གཏོང་ལ་ཡངས་པ་གཙང་རོང་སྒེར་གཉའ་ནོར་གླིང་པའི་ལྕམ་ཚེ་རིང་དབྱངས་ཅན་ལགས་ནས་དངུལ་སྲང་༥༠༠སྒེར་སྲེག་ཤིང་པའི་སྡེ་སྲས་བཤད་ཞབས་དར་སྟོང་རྡོ་རྗེ་ཚེ་དབང་ལགས་ནས་ལྕམ་ཆུང་དེ་ཉིད་ཀྱི་དངོས་ཁོངས་དངུལ་གྱི་བཏེགས་ཁེབ་རང་འགྲིགས་གཅིག །སྒེར་ཤེལ་དཀར་གླིང་པའི་ལྕམ་སྐུ་ཆོས་དབྱིངས་དབང་མོ་ལགས་ནས་འབྲུ་དཀར་རུའི་ཁལ་༣སྒེར་སྤོ་ཤོད་པའི་ལྕམ་འཆི་མེད་ཆོས་སྒྲོན་ལགས་ནས་དངུལ་སྲང་༡༥༠སྒེར་དཀྱིལ་སྨད་པའི་ལྕམ་ཆུང་བདེ་སྐྱིད་སྒྲོལ་དཀར་ལགས་ནས་དངུལ་སྲང་༢༥༠སྒེར་སྤོ་རོང་པོ་དོན་གཅོད་ཁང་དཀར་ཚེ་བརྟན་དབང་ཕྱུག་ནས་དངུལ་སྲང་༡༠༠བཅས་གནང་བ་རྣམས་པར་བརྐོའི་རྒྱུ་འགྲོར་སྨིན་གཏོང་ཞུས་ཤིང༌། གོང་གསལ་ཞལ་འདེབས་གནང་སོན་བྱུང་བའི་རྒྱུ་འགྲོའི་ལྡེང་མིན་ཁ་བསྣོན་དགོས་རིགས་དང༌། པར་ཞུས་ནན་ཏན་ཞུ་སྒོ་རྣམས་སླ་བཅོས་སུ་མ་སོང་བར་ཡོ་བྱད་ཀྱི་རྒྱུ་དང༌། བཙོན་འགྲུས་ཀྱི་དཀའ་ཚེགས་སོགས་ལ་མ་འཛེམས་པར། ལམ་བཟང་འདི་ཉིད་ལ་མོས་པའི་སྐལ་ལྡན་ལས་ཅན་དད་ལྡན་ཡོངས་ལ་ཕན་ཕྱིར་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས་ལོར། ལ་སྟོད་དིང་རི་བ་ཆོས་ཀྱི་རྒྱལ་མཚན་ནས་ལྷ་ལྡན་དུ་པར་གཞི་གསར་བསྐྲུན་ཞུས་པའོ།། །།

༈ སླར་སྨྲས་པ།

དེ་ལས་བྱུང་བའི་རབ་དཀར་དགེ་ཚོགས་རྒྱུན། ། བྱང་ཆེན་རྒྱ་མཚོའི་ཀློང་དུ་རབ་འདྲེས་ཏེ། །
མཁའ་མཉམ་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ། ། ཇི་ལྟར་སྨོན་པའི་དོན་རྣམས་འགྲུབ་པར་ཤོག །

ཅེས་པའང་རྣམ་དཀར་སྒྲུབ་པོས་སྦྱར་བ་དགེ་ལེགས་འཕེལ།། །།

༄༅། །ན་མོ་གུ་ར་ཝེ། གང་ཟག་གཅིག་གི་རྒྱུད་ལ་བསྟན་པ་ཐམས་ཅད་འགལ་མེད་ཉམས་སུ་ལེན་པའི་མན་ངག །ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་མྱུར་ལམ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་ཁྱད་པར་ཅན་འདི་ཉིད། མཚན་སྔོན་འགྲོ་གསུངས་ཀྱང་དོན་ཉམས་ལེན་གྱི་སྔོན་དངོས་རྗེས་གསུམ་གྱི་གཞུང་ཤིང༌། ནང་པ་སངས་རྒྱས་པའི་མདོ་སྔགས་ལམ་ཡོངས་རྫོགས་ཀྱི་ཉིང་ཁུ་མེད་དུ་མི་རུང་བའི་ཟབ་གནས་ཁྱད་འཕགས་སུ་གྲུབ་པའི་མ་ཕྱི་སྡེ་དགེ་ལྷུན་གྲུབ་སྟེང་གི་སྤར་མ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གཞུས་དག་ཅན། ལན་སྟོད་དིང་རི་བ་ཆོས་ཀྱི་རྒྱལ་མཚན་ཞེས་མཁྱེན་དཔྱོད་དད་ལྡན་ནས་ལྷ་ལྡན་དུ་པར་གསར་སྐྲུན་ངོ་བཤུས་ཀྱིས་འགྲེམ་སྤེལ་ཞུས་པ་དེང་དུས་ཆོས་མཛད་ཀུན་ནས་གཞུང་ལམ་རྒྱ་ཆེ་ལ་གསན་སྦྱངས་མ་བྱུང་ཡང་ཐོག་མ་དམར་ཁྲིད་ཁྱད་པར་ཅན་འདི་ལྟ་བུ་དགེ་བའི་བཤེས་གཉེན་ལས་ཞིབ་ཁྲིད་མཛད་ནས་གཟོད་དངོས་གཞིའི་བསྐྱེད་རྫོགས་རྫོགས་ཆེན་ལ་འཇུག་པའི་བླ་སློབ་གཉིས་ཀ་ལ་བསྟན་པའི་འཇུག་སྒོ་མ་ནོར་ཞིང༌། བློ་ཆོས་གཤའ་མ་ལ་བཀོལ་བའི་ཐབས་མེད་དུ་མི་རུང་བ་ཡིན་ཞེས་མཚན་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་སྒོ་ལས་ཐོས་པ་ཀུན་ལ་དྲན་གསོས་གསལ་འདེབས་སུ་ཞུས་པ་གསན་བཞེས་ཕྱག་ལེན་དུ་བཏབ་གྲུབ་པ་དང༌། ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང༌། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །ཅེས་དིས་མགོན་མཁྱེན་སྤྲུལ་པས་སྨྲས་པའོ།། །།ཞེས་པ་འདི་ནི་དྷ་ས་བོད་གཞུང་ཤེས་རིགས་པར་ཁང་ནས་འགྲོ་ཕན་རྒྱ་ཆེའི་སླད་ཕྱི་མོ་ཁུངས་ལྡན་ལྷ་སའི་ཕར་མ་གཞི་བཟུང་སྟེ་ད་ལམ་འཕྲུལ་པར་ཨོ་ཕ་སེ་ཌིའི་ཐོག་ཞལ་གྲངས་༡༠༠༠ཐམ་པར་བསྐྲུན་ཞུས་པའི་དགེ་བས་སྙིགས་ལྔའི་རྒུད་ཚོགས་རང་སར་ཞི་སྟེ། འགྲོ་ཀུན་ཕུན་ཚོགས་སྡེ་བཞིའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །།བོད་རྒྱལ་ལོ་༢༡༡༩ ཕྱི་ལོ་༡༩༩༢ ལོར་དཔར་ཐེངས་བཞི་པ་དཔར་བསྐྲུན་ཞུས་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ