དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 11 May 2012

༄༅། ། ཨེ་མ་ཧོས་ཆོས་མཆེད་དྲ་གྲོགས་ཡོངས་ལ་ཕུལ་བའི་ཚེ་དར་དཀར་པོའི་མཆོད་འབུལ། །

ན་མོ་གུ་རུ་པདྨ་ཀ་ར་ཡེ། །
བརྟན་གཡོའི་གཉུག་མའི་རཀྟ་དམར་པོའི་བཅུད། །
མཐའ་ཡས་ཐུགས་རྗེའི་འོད་སྣང་འདྲེས་པའི་སྐུ། །
སོར་རྟོགས་ཡེ་ཤེས་རང་གཟུགས་ཚེ་དཔག་མེད། །
ཐུགས་བསྐྱེད་བདེན་པའི་དགེ་ལེགས་དེང་འདིར་སྩོལ། །


སྤྱི་མཆེད་མ་གྱུར་སེམས་ཅན་ཐམས་ཅད་དང་། །
རིང་མཆེད་རྒྱལ་བའི་བསྟན་པའི་རྗེས་འཇུག་ཀུན། །
ཉེ་བའི་མཆེད་གྲོགས་གསང་ཆེན་བསྟན་པའི་གྲོགས། །
ནང་འདྲིས་རྡོ་རྗེ་མཆེད་ཀུན་བདག་ལ་དགོངས། །

གཟུར་གནས་ཉི་མ་མེད་པའི་མཚན་ནག་ཏུ། །
བློ་ལྡན་ཟླ་བ་བྲལ་བའི་མུན་ནག་ཁྲོད། །
དོན་གཉེར་སྐར་ཚོགས་སྒྲིབ་པའི་སྤྲིན་རུམ་ན། །
དྲང་བདེན་སྲིན་བུ་མེ་ཁྱེར་ཁོ་བོ་ཙམ། །

གངས་དཀར་ཤེལ་གྱི་མཆོད་རྟེན་བརྗེད་མ་མྱོང་། །
གངས་ཅན་བསྟན་སྲིད་དུང་སེམས་ཉམས་མ་མྱོང་། །
གངས་ལྗོངས་ཕན་བདེའི་ལེགས་ཚོགས་རལ་མ་མྱོང་། །
གངས་སེང་དཔའ་རྒོད་དཔལ་དགྱེས་རྡོ་རྗེ་ལགས། །

ཕྱི་སྣོད་མི་རྟག་འབྱུང་བཞི་འཇིག་པས་གནོད། །
ནང་བཅུད་མི་རྟག་སྐྱེ་རྒ་ན་འཆི་མང་། །
གསང་བ་བདུད་བཞིའི་གཡུལ་ལས་མ་རྒྱལ་བས། །
ཚེ་སྲོག་མི་རྟག་འཆི་བདག་དྲུང་དུ་རྒྱུ། །

རྒྱལ་དང་སྲས་བཅས་ཐུགས་རྗེས་བདེན་སྟོབས་གཅིག །
རིག་འཛིན་མཁས་གྲུབ་དབང་པོས་སྨོན་ལམ་གཉིས། །
དངོས་རིག་ལས་ཀྱི་ཕྱག་རྒྱའི་རྟེན་འབྲེལ་གསུམ། །
ཀུན་འཛོམས་བཟང་པོ་སྤྱོད་པའི་དཔལ་དུ་ཤར། །

ཤྲྰི་སེང་ཧའི་གྲུབ་པའི་རྟུལ་ཞུགས་དང་། །
སངས་རྒྱས་ཡེ་ཤེས་མཛད་པའི་ཕྲིན་ལས་གར། །
བཀའ་གཏེར་གདམས་པའི་མཛོད་འཛིན་རང་གྲོལ་རྩལ། །
སླར་ཡང་འཁྲུངས་རབས་རྣམ་ཐར་སྣང་བ་བཀྲ། །

རྩ་བརྒྱུད་བླ་མའི་བྱིན་རླབས་གཞི་རྩ་བརྟན། །
མདོ་སྔགས་ཟུང་འཇུག་དགོངས་དོན་ཡན་ལག་རྒྱས། །
ཟབ་རྒྱས་ཆོས་གཏེར་རིག་པ་སྨིན་གྲོལ་བས། །
མཁྱེན་བརྩེ་ནུས་པའི་འབྲས་བཟང་ཀུན་ཏུ་ཤིས། །

སྙིགས་ལྔའི་དུས་རླུང་འཚུབས་པ་ཐལ་ཆེ་ཡང་། །
གསུང་རབ་ལེགས་བཤད་མཇལ་བའི་མིག་བཟང་གིས། །
མདུན་ལམ་རིང་མཐའ་འཇལ་བའི་ཐབས་མཁས་ཤིང་། །
སྐལ་བཟང་ལམ་སྣ་ཟིན་པས་སེམས་པ་བདེ། །

ཆོས་ཀུན་གདམས་པའི་ཆུ་ཀླུང་གཅིག་ཏུ་འདུས། །
ཆོག་ཤེས་བྱང་ཆུབ་སེམས་ཀྱི་ནོར་བུས་བརྒྱན། །
བརྩོན་འགྲུས་དལ་མེད་ཕྲིན་ལས་རླབས་ཕྲེང་ཅན། །
ཡོན་ཏན་རྒྱ་མཚོའི་དཔལ་ཡོན་ཤིན་ཏུ་ལེགས། །

སྡེ་བཞིའི་ཕུན་ཚོགས་རིན་ཆེན་སྐོང་བུ་རུ། །
དམ་ཆོས་རྩི་བཅུད་མར་ཁུའི་རྒྱ་མཚོ་འཁྱིལ། །
ཕུང་ཁམས་སྐྱེ་མཆེད་དག་པའི་འོད་སྟོང་ལས། །
རྨི་ལམ་བདེ་ཆེན་ཕྱག་རྒྱར་མངའ་དབང་འབྱོར། །

ཀ་དག་གདོད་མའི་ངོ་བོ་ནམ་མཁའི་ཁམས། །
ལྷུན་གྲུབ་བདེ་ཆེན་རང་བཞིན་འོད་གསལ་དབྱིངས། །
ཟུང་འཇུག་རིག་སྟོང་ཡེ་ཤེས་ཕྱག་རྒྱ་ཆེ། །
ཀུན་ཁྱབ་རྫོགས་པ་ཆེན་པོའི་ཀློང་དུ་ཨ། །

ཞེས་པ་ཡང་རབ་རྒྱན་ཆུ་འབྲུག་ནག་པ་ཟླ་བའི་དབང་ཕྱོགས་ཀྱི་སྐབས་སུ་བོད་ཕྱི་ནང་གི་མཁས་གྲུབ་དམ་པ་དང་སྙན་ངག་མཁན་དུ་མས་བདག་ཉིད་སྨན་ཁང་དུ་ཡོད་པའི་འཕྲིན་གསར་གཟིགས་ནས་ཐུགས་སྨོན་དང་འཚམས་འདྲི་གང་མང་གནང་འཁན་བྱུང་བའི་རྐྱེན་ལས་བདེ་འཚམས་བཀྲ་ཤིས་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་འདི་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་སྨན་ཁང་ནས་ཨེ་མ་ཧོས་གང་ཤར་བྲིས་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ