དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 1 June 2012
སྒོམ་གྱི་འབྱུང་ཁུངས
ཨ་ལན་གྱིས་བརྩམས་པའི་<<འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ>>ཞེས་པ་ལས་ཚན་བཤུས།


…….བསྟན་འཛིན་རིག་བཟང་གིས་བསྒྱུར།
ནུབ་ཕྱོགས་སུ་དར་བའི་སྒོམ།

དེབ་འདིའི་མགོ་མཇུག་བར་གསུམ་དུ་ངས་ནང་བསྟན་དང༌། ཡེ་ཤུའི་ཆོས་ལུགས། གནའ་བོའི་ཀེ་རི་སིའི་ལྟ་གྲུབ་རིག་པ་བཅས་ལས་གཙོ་བོར་བྱུང་བའི་སྒོམ་གྱི་ཉམས་ལེན་དང་རྣམ་གཞག་རྣམས་གཞིར་བཞག་ནས་གླེང་རྒྱུ་ཡིན། ང་ཚོས་མཐོང་རྒྱུ་ཡིན་པ་ལྟར་རིག་གཞུང་གི་སྲོལ་རྒྱུན་འདི་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཇི་བཞིན་མཚུངས་ཆོས་གལ་ཆེན་ཁག་ཅིག་ཀྱང་ཡོད། དབྱིན་ཡིག་གི་ཐ་སྙད(contemplation)འདི་ནི་ལ་ཏྲིན་གྱི(contemplation)ལས་གྲུབ་པ་རེད། ལ་ཏྲིན་གྱི་ཚིག་འདི་ཀེ་རི་སིའི་ཚིག(theoria)དང་མཚུངས། ཐ་སྙད་འདི་གཉིས་ཀས་དངོས་ཡོད་གནས་ལུགས་ཀྱི་རང་བཞིན་མངོན་པར་བྱེད་པ་དང༌། གསལ་པོ་བཟོ་བ། གསང་བརྟོལ་བྱེད་པ་བཅས་ཀྱི་འབད་པ་བླ་མེད་ཅིག་མཚོན། དེང་སྐབས(contemplation)ནི་གང་ཞིག་ལ་བསམ་བློ་གཏོང་བར་གོ་ནའང༌། (contemplation)དང་ (theory)གཉིས་ཀྱི་ཐོག་མའི་གོ་དོན་ནི། དབང་ཤེས་ལྔ་དང་རྟོག་པ་གང་རུང་གིས་མ་ཡིན་པར་ཡིད་ཤེས་ཀྱིས་དངོས་ཡོད་གནས་ལུགས་མངོན་སུམ་དུ་རྟོགས་པའི་དོན་དང་འབྲེལ་ཞིང༌། དཔེར་ན། ཐད་ཀར་རང་གི་བསམ་བློ་དང༌། འཆར་སྣང༌། སྟོང་བསམ་ལྟ་བུ་ལ་ཞིབ་ལྟ་བྱེད་དུས། ང་ཚོས་ཡིད་ཤེས་བཀོལ་སྤྱོད་བྱེད་ཀྱིན་ཡོད། སྒོམ་སྒྲུབ་ཀྱི་ཉམས་ལེན་བརྒྱུད་ནས་ཡིད་ཤེས་ཀྱི་ནུས་སྟོབས་རྒྱ་བསྐྱེད་དང་ཕྲ་མོར་གཏོང་ཆོག སྒོམ་དང༌། (contemplation)གཉིས་ཀྱི་འབྲེལ་བ་ཅི་ཞིག་ཡིན་ནམ། ལེགས་སྦྱར་གྱི་ཚིག་བྷ་བ་ནཱ་ནི་དབྱིན་ཡིག་གི་ཚིག(meditation)དང་མཚུངས་ཤིང༌། འདིའི་དོན་ནི་གོམས་འདྲིས་བྱེད་པ་རེད། སྒོམ་པ་ནི་དངོས་ཡོད་གནས་ལུགས་ཀྱི་གོ་རྟོགས་དང༌། བདེ་ཐང་ངོ་མའི་འདུ་ཤེས། དགེ་བ་སོགས་ལ་སྦྱང་གོམས་བྱེད་པ་ཞིག་རེད། དེའི་ཕྱིར་སྒོམ་ཟེར་བ་ནི་བློ་ལ་རིམ་པས་སྦྱོང་བརྡར་སྤྲོད་བྱེད་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང༌། སྒོམ་གྱི་དམིགས་ཡུལ་ནི་དངོས་ཡོད་གནས་ལུགས་རྟོགས་པར་ཕྱོགས་པ་ཞིག་ཡིན།

ཀེ་རི་སིའི་སྲོལ་རྒྱུན་ནང་དུ་སྒོམ་གྱི་ཉམས་ལེན་ནི་ཕེ་ཐ་གྷོ་ར་སིའི(Pythagoras C.582-507 B.C.E)དུས་ནས་ཡོད་པའི་བདེན་དཔང་མཐོང་རྒྱུ་ཡོད། སེམས་བཙོག་སྒྲིབ་ལས་ཐར་ནས་དེའི་ནུས་པ་ཕྲ་མོ་རྣམས་ཕྱིར་འདོན་བྱེད་པ་གཙོ་བོར་འཛིན་པའི་འོད་ཧྥེའི( Orphism)ཆོས་ལུགས་དང༌། གསང་ཆོས་ཀྱིས་ཕེ་ཐ་གྷོ་ར་སི་ལ་ཤན་ཤུགས་ཐེབས་ཤིང༌། ཁོང་གིས་རང་ཉིད་དམན་སར་བཟུང་ནས་མཁས་མཛངས་ཅན་ཞེས་པའི་མིང་འདི་མ་བཀོལ་བར། ལྟ་གྲུབ་སྨྲ་བ་ཞེས་པའི་མིང་འདི་ཐེངས་དང་པོར་རང་ཉིད་ལ་བཏགས། མིང་ཚིག་འདི་ནི་ཤེས་རབ་ལ་དུང་མཁན་ཞེས་པའི་དོན་ཡིན། ཁོང་གིས་མེ་ཌི་ཏྲམ་རམ(Mediterranean)ས་ཁུལ་དང༌། དེའི་ཕ་རོལ་ལ་འགྲུལ་བསྐྱོད་བྱས་ནས་ཤེས་རབ་དང་གོ་རྟོགས་དོན་ངོ་མར་བཙལ་ཡོད།

ལོ་མང་པོར་འཚོལ་སྙེག་བྱས་པའི་རྗེས་ཀྱི་ཕྱི་ལོ་སྔོན་གྱི་ ༥༢༥ ལོའི་ཡས་མས་ཤིག་ལ་ཕེ་ཐ་གྷོ་ར་སི་ཀེ་རི་སིའི་གླིང་ཕྲན་ས་མོ་སི་ཟེར་བ་ནས་དབྱི་ཏྲ་ལེའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀི་རོ་ཏྲོམ་ལ་གནས་སྤོར་བྱས། ས་གནས་འདིར་ཁོང་གིས་ཆོས་ལུགས་ཀྱི་རྣམ་པ་ལྡན་པའི་ལྟ་གྲུབ་སྨྲ་བའི་ཚོགས་པ་ཞིག་གསར་དུ་བཙུགས། གཞན་ལ་མ་བརྟེན་པར་དེའི་ནང་དུ་འཚོ་བ་མཉམ་དུ་རོལ་བཞིན་པའི་ཚོགས་མི་ཚོར་ཕེ་ཐ་གྷོ་ར་སིས་ལུས་སེམས་ཆ་སྙོམས་པའི་འཚོ་བ་སྐྱེལ་སྟངས་ཀྱི་ཐོག་ལ་སྦྱོང་བརྡར་སྤྲད་པ་དང༌། ཚོགས་མི་ཚོས་སོ་སོའི་རྣམ་ཤེས་སྒྲིབ་པ་ལས་སྦྱོང་བར་བླང་དོར་གྱི་ཚད་གཞི་མཐོ་པོ་ཞིག་སྲུང་དགོས། དེ་བཞིན་ལུས་རྩལ་སྦྱང་བ་དང༌། ཚངས་སྤྱོད་སྲུང་བ། དཀར་ཟས་ལ་སྤྱོད་པ། འཛེམ་བྱ་འདྲ་མིན་བརྩི་བ། དུས་ཡུན་རིང་པོར་ངག་བཅད་ནས་སྡོད་པ་སོགས་ཀྱང་བྱེད་དགོས། ཁོང་ཚོའི་སློབ་གཉེར་དངོས་གཞི་ནི་རོལ་དབྱངས་དང་སྒོམ། རྩིས་རིག་དང་གནམ་རིག་བཅས་ཀྱིས་གྲུབ་འདུག ཕེ་ཐ་གྷོ་ར་སིའི་བརྩམས་ཆོས་གཅིག་ཀྱང་ལྷག་མེད་པས་ཁོང་དང་ཁོང་གི་རྗེས་འཇུག་པ་ཚོས་སྤེལ་ཞིང་ཉམས་སུ་བླངས་པའི་སྒོམ་གྱི་རིགས་འདྲ་མིན་ཐད་ལ་ང་ཚོར་གོ་རྟོགས་ཕྲན་བུ་ཞིག་མ་གཏོགས་མེད།

ཕེ་ཐ་གྷོ་ར་སིའི་མཚན་སྙན་གྱི་རྒྱུ་མཚན་གཙོ་བོ་ཞིག་ནི། གཡས་ལ་ཕྱོགས་པའི་ཟུར་གསུམ་མའི་ཟུར་གསུམ་ཀའི་ལྟོས་བཅས་ཀྱི་རིང་ཐུང་དང་འབྲེལ་བའི་རིགས་པ་ཞིག་སྟེ། ཕེ་ཐ་གྷོ་ར་སིའི་ཐེ་རོམ་ཟེར་བ་འདི་རེད། ཐེ་རོམ(theorem)འདི་ནི་འདས་ལོའི་དུས་རབས་བརྒྱད་པའི་ནང་རྒྱ་གར་དུ་གཏན་ལ་ཕབ་ཟིན་པའི་རྒྱུ་མཚན་གྱིས། ཕེ་ཐ་གྷོ་ར་སིས་རང་གི་འགྲུལ་བཞུད་མང་པོའི་སྐབས་སུ་རྣམ་གཞག་འདི་དང༌། ཤེས་ཡོན་གྱི་ཡན་ལག་གཞན། ལྷག་པར་དུ་སྒོམ་དང་འབྲེལ་བ་ཡོད་པ་རྣམས་རྒྱ་གར་གྱི་ཤེས་རིག་གཞིར་བཞག་ནས་བསླབས་པ་ཞིག་ཡིན་སྲིད། ཕེ་ཐ་གྷོ་ར་སིས་སྐྱེ་བ་ཕྱི་མ་ཡོད་པར་འདོད་པའང་ཡོངས་གྲགས་ཤིག་ཡིན། ཁོང་གི་ཡིད་ཆེས་གཞིར་བཞག་ན། རྣམ་ཤེས་ནི་འཇིག་རྒྱུ་མེད་པ་དང༌། དེ་ནི་སླར་ཡང་མི་དང་དུད་འགྲོའི་ལུས་ཕུང་ལ་ཞུགས་ནས་སྐྱེ་ཆོག གནའ་བོའི་གཏམ་རྒྱུད་ཀྱི་བཤད་སྲོལ་ལ། ཁོང་གིས་རང་དང་གཞན་གྱི་སྐྱེ་བ་སྔ་མ་ཉི་ཤུ་ཙམ་དྲན་ཐུབ་ཡོད། འོན་ཀྱང༌། མི་ཚོས་བཤད་པའི་ཁོང་གི་དྲན་ཤེས་དེ་དོན་དངོས་དང་མཐུན་མིན་དང༌། གལ་ཏེ་མཐུན་ཚེ་ནུས་པ་དེ་ནི་ལྷན་སྐྱེས་དང༌། ཡང་ན་སྒོམ་སྒྲུབ་ལས་ཐོབ་པ་ཡིན་མིན་ང་ཚོས་རྟོགས་ཐབས་མེད། ཕེ་ཐ་གྷོ་ར་སིས་གསུངས་པར་བཤད་པའི་སྐད་ཆ་ཞིག་ནི། ‘ཁུ་སིམ་པོར་འདུག་པར་སྦྱང་བ་བྱོས་་༌། ཞི་བར་གནས་པའི་རང་གི་བློ་ལ་རིག་པ་བསྒྲིམ་པ་དང་ཉན་དུ་ཆུག’ ཞེས་པ་འདི་ཡིན་པ་དང༌། སྒོམ་གྱི་སྲོལ་རྒྱུན་འདིའི་དམིགས་པ་གཙོ་བོ་ནི་ཟླུམ་གཟུགས་ཀྱི་མཐུན་འགྲིག་ཅེས་པ་དེ་ཡིན་ལ། འདི་ནི་རོལ་དབྱངས་དང༌། རྩིས་རིག གནམ་རིག་བཅས་ཀྱི་བརྗོད་དོན་ཟུང་འབྲེལ་གྱིས་གྲུབ་པ་ཞིག་རེད། ཕེ་ཐ་གྷོ་ར་སིའི་ཡིད་ཆེས་ལ། ཚོར་འདུ་ཆེ་ཞིང་གདུང་སེམས་མཉམ་བསྐྱེད་ལྡན་པའི་སྒོམ་ལ་གཞོལ་བའི་མི་ཚེ་ནི་བླ་ན་མེད་པ་ཡིན་ཞིང༌། འདི་ལ་བརྟེན་ནས་དངོས་ཡོད་གནས་ལུགས་ཀྱི་རྟོགས་པ་རྙེད་པའི་དགའ་བ་ནི་ཚད་མེད་ཡིན།

ཕེ་ཐ་གྷོ་ར་སིའི་ཐེ་རོམ་དང༌། སྐྱེ་བ་ཕྱི་མ་ཡོད་པའི་ཁོང་གི་ཡིད་ཆེས་གཉིས་ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན་སྲིད་པའི་རྒྱུ་མཚན་ལ་བརྟེན་ནས་ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་རྒྱ་གར་གྱི་ལྟ་ཚུལ་མི་ཉུང་བ་ཞིག་གིས་ཏ་ཟིག་དང༌། ཡེ་ཇར་ཕི(Egypt)བརྒྱུད་ནས་ཁོང་ལ་ཤན་ཤུགས་ཐེབས་ཡོད་པའི་སྡོམ་ཚིག་འཇོག་གི་ཡོད། ང་ཚོས་ཕེ་ཐ་གྷོ་ར་སིའི་སྐོར་ལ་གང་ཤེས་པ་ཕལ་ཆེ་བ་ཨ་རི་སི་ཏྲོ་ཏྲལ(Aristotle 384-322 B.C.E)ལས་ཡོང་བ་ཞིག་ཡིན། ཁོང་གིས་གསུངས་པ་ལྟར་ན། ཕེ་ཐ་གྷོ་ར་སི་དང་ཁོང་གི་རྗེས་འབྲང་བ་རྣམས་ནི་རྩིས་རིག་གི་ཤེས་ཡོན་ཡར་རྒྱས་གཏོང་མཁན་ཐོག་མ་དེ་ཆགས་ཡོད། ཁོང་ཚོསརང་བྱུང་ཁམས་ཀྱི་ཆོས་ཐམས་ཅད་ཨང་ཀི་ལ་དཔེ་བལྟོས་ནས་གྲུབ་པར་འདོད་པ་དང༌། དོན་ངོ་མར་ཨང་ཀི་ནི་རང་བྱུང་ཁམས་ཧྲིལ་པོའི་ནང་དུ་ཆེས་ཐོག་མའི་གྲུབ་གཞི་དེ་ཡིན་ཞིང༌། ཆོས་ཐམས་ཅད་ལ་ཁྱབ་ཡོད། ཨང་ཀི་ནི་བར་སྣང་དུ་སྡེ་ཁག་འདྲ་མིན་གྱི་རྣམ་པ་ལ་གྲུབ་པར་བསམ་པ་དང༌། ཁོང་ཚོས་གཞི་འདིའི་སྟེང་ནས་ཨང་ཀིའི་འབྱུང་བ་ནི་ཆོས་ཐམས་ཅད་ཀྱི་འབྱུང་བ་ཡིན་པའི་མཐའ་སྡོམ་བཞག་པ་རེད། ཨ་རི་སི་ཏྲོ་ཏྲལ་གྱིས་བརྗོད་རྒྱུར། ’’ཕེ་ཐ་གྷོ་ར་སིའི་རྗེས་འབྲང་བ་ཚོས་ཨང་ཀི་གཅིག་གི་རིགས་ལ་ཡིད་ཆེས་བྱས་པ་དང༌། ཁོང་ཚོ་གཅིག་པུས་རྩིས་རིག་གི་ཨང་ཀི་དེ་ནི་ཁ་ཁར་མིན་ཞིང༌། དབང་ཤེས་ལ་སྣང་བའི་དངོས་པོ་རྣམས་དེ་ལས་གྲུབ་པར་བཤད། ཁོང་ཚོར་མཚོན་ན། འཇིག་རྟེན་ཧྲིལ་པོ་ཨང་ཀི་ལས་གྲུབ་པ་དང༌། ཨང་ཀི་དེ་ཡང་སྤྱི་མཚན་གྱི་སྡེ་ཁག་ལས་མ་གྲུབ་པ་ཞིག་ཡིན། ཁོང་ཚོས་སྤྱི་མཚན་གྱི་སྡེ་ཁག་ལ་བར་སྣང་གི་ཆ་ཚད་ཡོད་པར་འདོད་པ་རེད།’’

ཕེ་ཐ་གྷོ་ར་སིས་ཇེའུ་ཆོས་ལུགས་ལ་ཡིད་སྨོན་བྱས་ཡོད་པར་བཤད། ཆོས་ལུགས་འདིའི་ནང་དུ་བཀོད་པ་པོའམ་དཀོན་མཆོག་ནི་བླ་ན་མེད་པའི་འཇིག་རྟེན་གྱི་བཀོད་འདོམས་བྱེད་པོ་ཁོ་ན་དེ་ཡིན་ཞིང༌། འཇིག་རྟེན་ནི་དཀོན་མཆོག་གི་ཆོས་ཉིད་ལ་འཇུག་པར་བྱས་ཡོད། ཇེའུ་ལོ་རྒྱུས་སྨྲ་བ་ཧཕི་ལ་ཝེ་སིས(Flavius Josephus 37-C.100 C.E)བརྗོད་པ་ལྟར་ན། འེ་སམ་ནེ་སི(Essenes)ཞེས་པའི་ཇེའུ་གྲུབ་མཐའ་ཞིག་གིས་ཕེ་ཐ་གྷོ་ར་སིའི་གསུང་རྣམས་ལ་མཐོང་ཆེན་བྱས་ཏེ། ཁོང་གི་ཚོགས་པའི་འཚོ་བ་སྐྱེལ་སྟངས་ཀྱི་རྗེས་སུ་འབྲངས་ཡོད། གྲུབ་མཐའ་འདིའི་ཚོགས་མི་རྣམས་ཕྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་དཀྱིལ་མ་ནས་འདས་ལོའི་བདུན་ཅུ་ཐམ་པའི་བར་ཏེ། རོ་མན(Romans)གྱིས་ཁོང་ཚོ་གཏོར་བཤིག་མ་བཏང་བར་དུ་འཇོ་རྡེའི(Judea)ནང་དུ་འཚོ་སྡོད་བྱས་པ་རེད། ཕེ་ཐ་གྷོ་ར་སིའི་རྗེས་འབྲང་བ་རྣམས་དང་མཚུངས་པར་གྲུབ་མཐའ་འདིར་གཏོགས་པའི་མི་རྣམས་སྤྱི་ཚོགས་སྤྱི་དང་ཁ་བྲལ་ནས་ཐུན་མོང་ལ་དབང་བའི་ཁང་པ་སོགས་མཉམ་སྤྱོད་བྱེད་བཞིན་འཚོ་བ་སྟབས་བདེ་ཞིག་རོལ་ཡོད། ཁོང་ཚོའི་ཡིད་ཆེས་ལ། དམར་མཆོད་ནི་དཀོན་མཆོག་ལ་ཕུལ་བའི་མཆོད་པ་ལེགས་ཤོས་མིན་ཞིང༌། སྒྲིབ་པ་ལས་རང་གི་སེམས་སྦྱང་བ་ནི་ལེགས་ཤོས་དེ་ཡིན། ཚངས་སྤྱོད་ནི་ཇེའུ་སྲོལ་རྒྱུན་གྱི་ཆ་ཤས་ཤིག་མིན་ཡང༌། ཁོང་ཚོས་གཉེན་སྒྲིག་ལ་འཛེམ་པའི་རྒྱུ་མཚན་ནི་གཉེན་སྒྲིག་ཀྱིས་ཁོང་ཚོའི་མཉམ་སྤྱོད་ཀྱི་འཚོ་བ་ལ་དཀའ་ངལ་སྤྲོད་པས་རེད། འོན་ཀྱང༌། ལྟ་བའི་ཆ་ནས་ཁོང་ཚོས་གཉེན་སྒྲིག་ལ་སྐྱོན་བརྗོད་བྱས་མེད། ཁོང་ཚོས་ཆུ་གྲང་མོའི་ནང་དུ་ལུས་པོ་བཀྲུས་ནས་ཆོ་ག་བྱེད་པའམ་ཁྲུས་དབང་བྱེད་ཅིང༌། ནད་སོགས་གསོ་བའི་བླ་སྡེ་ཞིག་ལ་ཡིད་ཆེས་བྱེད་པ་དང་ནུས་སྟོབས་དེ་ལག་པའི་སྟེང་ནས་ཡོང་གི་ཡོད། ཁོང་ཚོ་ནི་སྐབས་དེའི་རོ་མན(Romans)དང༌། ཇེའུ་སྤྱི་ཚོགས་ནང་གི་བླང་དོར་གྱི་ཚད་གཞི་ལ་གཏན་ནས་མི་དགའ་ཞིང༌། ཁོང་ཚོས་དཀོན་མཆོག་གི་རྒྱལ་ཁམས་དེ་མྱུར་དུ་འབྱུང་རྒྱུ་ཡིན་ཞིང༌། དགེ་ཅན་དང་སྡིག་ཅན་བར་ལ་ས་གཞི་གཡོ་བའི་འཐབ་འཁྲུག་བྱུང་ནས་དེར་སྔོན་བསུ་བྱེད་པར་ཡིད་ཆེས་བྱས་པ་རེད།
དུས་རབས་བཅུ་དགུ་པ་ནས་བཟུང་མཁས་དབང་ཚོས་འེ་སམ་ནེ་སི་དང༌། འཇོན་བྷ་བྷི་སི་ཏྲི།༼ John the Baptist ༽ དེ་བཞིན་ཡེ་ཤུ་མ་ཤི་ཀ་བཅས་ཀྱི་བར་ལ་འབྲེལ་བ་བྱུང་ཡོད་སྲིད་པའི་བསམ་ཚུལ་བཏོན་ཡོད། འདི་ལྟར་བྱུང་ཡོད་ཚེ་ཕེ་ཐ་གྷོ་ར་སིའི་ལྟ་ཚུལ་དང༌། ཉམས་ལེན་གྱིས་ཆེས་ཐོག་མའི་ཡེ་ཤུའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་ཤན་ཤུགས་ཐེབས་ཡོད་ངེས་རེད། དོན་ངོ་མར་འཇོན་བྷ་བྷི་སི་ཏྲིའི་འཚོ་བ་སྐྱེལ་སྟངས་དང་གསུང་རྣམས། འེ་སམ་ནེ་སིའི་འཚོ་སྟངས་དང་གསུང་ཆོས་ཁག་དང་ཤིན་ཏུ་མཚུངས་ཤིང༌། ཁོང་གིས་ཚངས་སྤྱོད་སྲུང་བ་དང༌། རྔ་མོང་གི་སྤུ་ལས་བཟོས་པའི་གྱོན་ཆས་གྱོན་པ། དཀའ་བ་སྤྱད་དེ་ཆ་ག་པ་དང་རི་མགོའི་སྦྲང་རྩིའི་ཐོག་ནས་འཚོ་བཞིན་འཇོ་རྡེའི་བྱེ་ཐང་དུ་ཆོས་གསུངས། འགྱོད་བཤགས་བྱོས། རྒྱུ་མཚན་ནི་དཀོན་མཆོག་གི་རྒྱལ་ཁམས་འབྱུང་ལ་ཉེ།འེ་སམ་ནེ་སི་དང་འདྲ་བར་ཁོང་གིས་མི་གཞན་གྱི་སྡིག་པ་དང༌། སྒྲིབ་པ་དག་པར་བྱེད་པར་ཁྲུས་དབང་གནང་ཞིང༌། ཇེའུ་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་གཉིས་ཏེ། ཧྤ་རེ་སེ་དང་ས་དྷོ་སེ༼ Pharisees and Sadducees༽ཚོ་ཉེ་འགྲམ་ལ་ཡོང་སྐབས། དུག་སྦྲུལ་གྱི་རིགས་རྒྱུད་ཅེས་ཚིག་རྩུབ་པོས་ཁོང་ཚོར་སྐྱོན་བརྗོད་བྱས་ཡོད།
ཁྲུས་དབང་གི་ཆེད་དུ་འཇོན་བྷ་བྷི་སི་ཏྲིའི་རྩར་བཅར་མཁན་གཙོ་བོ་ནི། ན་རྫ་ར་ཐི་ནས་ཕེབས་པའི་ཡེ་ཤུ་མ་ཤི་ཀ་རེད། ཡེ་ཤུ་མ་ཤི་ཀས་འཇོན་བྷ་བྷི་སི་ཏྲི་ནི་ལུང་སྟོན་པ་པོའི་ནང་ནས་མཆོག་ཡིན་ཞེས་འདི་ལྟར་གསུངས་འདུག བུད་མེད་ལས་སྐྱེས་པའི་ནང་ནས་འཇོན་བྷ་བྷི་སི་ཏྲི་ལས་ལྷག་པ་ཞིག་བྱུང་མ་མྱོང༌། འོན་ཀྱང༌། དཀོན་མཆོག་གི་རྒྱལ་ཁམས་སུ་མི་དམན་ཤོས་དེ་ཡང་ཁོང་ལས་མཆོག་ཡིན།ང་ཚོས་འཇོན་བྷ་བྷི་སི་ཏྲིས་ཁོང་ལ་ཁྲུས་དབང་གནང་བའི་རྒྱུ་མཚན་གྱིས་ཡེ་ཤུ་མ་ཤི་ཀས་ཁོང་གི་གསུང་ཆོས་ཁས་ལེན་བྱས་པ་ཚོད་དཔག་བྱེད་ཆོག ཁྲུས་དབང་དེའི་རྗེས་སུ་ཡེ་ཤུ་མ་ཤི་ཀ་མྱུར་དུ་དབེན་གནས་ལ་ཕེབས་པ་དང༌། དེར་ཁོང་གིས་ཉིན་བཞི་བཅུ་ལ་སྨྱུང་གནས་དང་གསོལ་འདེབས་མཛད་ཅིང༌། སྐབས་དེར་བདུད་ཀྱི་ཆོ་འཕྲུལ་ལས་རྒྱལ་བའང་བྱས། ཁོང་དབེན་གནས་ནས་ཕྱིར་བྱོན་ཏེ། འེ་སམ་ནེ་སི་དང་འཇོན་བྷ་བྷི་སི་ཏྲི་གཉིས་ལ་ཐུན་མོང་དུ་ཡོད་པའི་ཆོས་ཤིག་གསུང་འགོ་བརྩམས། འགྱོད་བཤགས་བྱོས། རྒྱུ་མཚན་ནི་དཀོན་མཆོག་གི་རྒྱལ་ཁམས་དེ་འབྱུང་ལ་ཉེ།
ཐ་ན་ཧྥི་ལ་ཝེ་སིས་བཤད་པ་ལྟར། འེ་སམ་ནེ་སི་ཚོས་ཕེ་ཐ་གྷོ་ར་སིས་ཀེ་རི་སིའི་མི་ཚོར་བསྟན་པའི་འཚོ་སྟངས་དེའི་རྗེས་སུ་འབྲངས་པ་བདེན་ཡང༌། སྐྱེ་བ་ཕྱི་མ་ཡོད་པ་ལྟ་བུ་ཕེ་ཐ་གྷོ་ར་སིའི་ཡིད་ཆེས་རྣམས་ཚད་གཞི་ཅི་ཙམ་ཞིག་ལ་འེ་སམ་ནེ་སི་ཚོས་དང་དུ་བླངས་ཡོད་མེད་རྟོགས་དཀའ་བའི་གནས་ཤིག་རེད། ཡིན་ཡང༌། ཁོང་ཚོས་ཀྱང་རྣམ་ཤེས་ནི་འཇིག་པ་མེད་པར་འདོད་པ་གསལ་པོ་རེད། དེ་མཚུངས་སུ་ཡེ་ཤུ་མ་ཤི་ཀས་འཇོན་བྷ་བྷི་སི་ཏྲི་ནི་ལུང་སྟོན་པ་པོ་ཡེ་ལེ་ཇ༼Elijah༽ཡིན་པར་བསྒྲགས་ཡོད། གསུང་འདིས་ཉན་པ་པོ་རྣམས་འདྲོག་ཏུ་བཅུག་མེད་པའི་རྒྱུ་མཚན་ནི། ཇེའུ་རྣམས་ཀྱིས་ལུང་སྟོན་པ་པོ་རྣམས་སླར་ཡང་སྐྱེ་སྲིད་པ་དང༌། ཡང་ན་འདས་ལོག་བྱེད་ཆོག་པའི་ཡིད་ཆེས་སྔ་མོ་ནས་བཟུང་ཡོད་པས་ཡིན། དམ་པའི་གསུང་རབ་ཀྱི་ནང་དུའང་འཚོ་བཞིན་པའི་སྐབས་སུ་མེའི་ཤིང་རྟ་འཁོར་ལོ་ཞིག་གིས་ཡེ་ལེ་ཇ་དག་ཞིང་ལ་རླུང་འཚུབ་ཅིག་གི་ནང་དུ་བསྐྱལ་ཡོད་ཚུལ་གསུངས་ཡོད། ཞལ་ཆད་གསར་མའི་ནང་དུ་འཇོན་བྷ་བྷི་སི་ཏྲི་ལ་ཡེ་ལེ་ཇའི་ནུས་སྟོབས་དང་སེམས་ཤུགས་ཀྱིས་ཁེངས་ཡོད་པར་གསུངས། བརྗོད་པ་འདི་ལ་འགྲེལ་བཤད་བྱས་ནས་འཇོན་བྷ་བྷི་སི་ཏྲི་ནི་ཡེ་ལེ་ཇའི་སྤྲུལ་སྐུ་ཡིན་པར་བཤད་ཆོག ཆོས་ལུགས་རིག་པ་སྨྲ་བ་ཚོས་གསུང་དུམ་འདི་ཚོར་འགྲེལ་བཤད་འདྲ་མིན་རྒྱག་གི་ཡོད།
ཕེ་ཐ་གྷོ་ར་སི་དང་ཁོང་གི་རྗེས་འབྲང་བའི་གསུང་བཤད་རྣམས་སོ་ཀི་རད་ཏྲེ་༼Socrates C.470-399 B.C.E.༽བརྒྱུད་དེ་མཐའ་མར། ཕི་ལོ་ཏྲེ་ནེ་སིས༼ Plotinus C. 205-270 ༽བཙུགས་པའི་ལྟ་གྲུབ་རིག་པ་ཕོ་ལ་ཏྲོའི་རིང་ལུགས་གསར་མའི་ནང་དུ་ཐིམ་ཡོད། ཕི་ལོ་ཏྲེ་ནེ་སི་ནི་ཡེ་ཇར་ཕི་རུ་སྐྱེས་ནས་ཨ་ལབ་ཛམ་ཌར༼Alexandria༽དུ་ཀེ་རི་སིའི་ལྟ་གྲུབ་རིག་པར་ལོ་ངོ་དགུ་ཙམ་ལ་སྦྱངས། དེ་ནས་རྒྱ་གར་དང་ཏ་ཟིག་གི་ལྟ་གྲུབ་རིག་པའི་བརྩམས་ཆོས་ལ་སློབ་གཉེར་བྱེད་པའི་རེ་བ་བཅངས་ནས་ཏ་ཟིག་ལ་ཕྱོགས་པའི་འཚོལ་བཞུད་ཅིག་གི་ནང་དུ་ཞུགས། འོན་ཀྱང༌། དམག་དོན་གྱི་རྒྱང་བཞུད་འདིར་ལམ་ལྷོང་མ་བྱུང་བས་ཁོང་ནི་ཏ་ཟིག་ལ་གཏན་ནས་སླེབས་ཐུབ་མེད། ཁོང་གིས་རྫོགས་ལྡན་དང་བདེ་བ་ནི་ཚེ་འདི་ལ་འཐོབ་ཐུབ་པ་དང༌། སྒོམ་གྱི་ཉམས་ལེན་ལ་བརྟེན་ནས་དེ་ཚོ་བསྒྲུབ་ཆོག་པའི་ཡིད་ཆེས་བྱས། སྒོམ་གྱི་མཐའ་མའི་དམིགས་ཡུལ་ནི་དཀོན་མཆོག་དང་བདེ་སྣང་གི་ངང་ནས་དབྱེར་མེད་དུ་གནས་པར་འབད་རྒྱུ་དེ་ཡིན། ཁོང་གིས་དཀོན་མཆོག་ནི་སྒྲ་རྟོག་ལས་ཡོངས་སུ་འདས་པའི་མཐར་ཐུག་གི་དངོས་ཡོད་གནས་ལུགས་ཤིག་ཡིན་པར་བཤད། ཕོར་ཧྥེ་རེས༼ Porphyry C. 232-305 ༽ཁོང་གི་གྲགས་ཅན་གྱི་བརྩམས་ཆོས<<འེ་ནར་ཌི>>Enneads༽ཞེས་པ་ཕྱོགས་སྒྲིག་དང་རྩོམ་སྒྲིག་བྱས་པར་མ་ཟད། <<ཕེ་ཐ་གྷོ་ར་སིའི་མི་ཚེ>>ཞེས་པའི་དཔེ་དེབ་ཅིག་ཀྱང་རྩོམ་སྒྲིག་བྱས་ཡོད། ཕོར་ཧྤེ་རེས་བཤད་པ་ལྟར་ན། ལོ་ངོ་དྲུག་གི་རིང་ལ་ཕི་ལོ་ཏྲེ་ནེ་སི་དང་ལྷན་དུ་ཁོང་གིས་སློབ་སྦྱོང་བྱས་པའི་སྐབས་སུ་ཕི་ལོ་ཏྲེ་ནེ་སི་ལ་དཀོན་མཆོག་དང་དབྱེར་མེད་དུ་གནས་པའི་སྐལ་བ་ཐེངས་བཞི་ལ་བྱུང༌། སྒོམ་ནི་དཀོན་མཆོག་དང༌། གསར་བསྐྲུན་བྱས་ཡོད་པའི་ཆོས་ཐམས་ཅད་གཅིག་ཏུ་སྒྲིམ་བྱེད་ཀྱི་ཐག་སྐུད་ཁོ་ན་དེ་ཡིན་ཞིང༌། ཆོས་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་གི་ཡོད། མི་ཞིག་གིས་སྒོམ་སྒྲུབ་ཉམས་ལེན་བརྒྱུད་ནས་རང་ཉིད་འོངས་སའི་འབྱུང་ཁུངས་རྟོགས་ཐུབ། ཕེ་ཐ་གྷོ་ར་སི་དང་སོ་ཀི་རད་ཏྲེ་སི་གཉིས་དང་འདྲ་བར་ཕི་ལོ་ཏྲེ་ནེ་སིའི་ལྟ་ཚུལ་ལ། མི་སྒེར་སོ་སོའི་རྣམ་ཤེས་དེ་དྲི་མ་ལས་ཡོངས་སུ་མ་བྲལ་བ་དང༌། སྒོམ་སྒྲུབ་ལས་བྱུང་བའི་བདེ་བ་བླ་མེད་དེ་མ་ཐོབ་བར་དུ་སྐྱེ་བ་ནས་སྐྱེ་བ་བརྒྱུད་དེ། དགེ་མི་དགེ་བའི་བྱ་སྤྱོད་ཀྱི་འབྲས་བུ་མྱོང་བཞིན་སླར་ཡང་སྐྱེ་བ་ལེན་ངེས།
དུས་རབས་མང་པོ་ཞིག་ལ་ཕི་ལོ་ཏྲེ་ནེ་སིའི་བརྩམས་ཆོས་རྣམས་ཀྱིས་ཡེ་ཤུ་དང༌། ཇེའུ། ཁ་ཆེ། དེ་བཞིན་ནོར་སི་ཏྲེ་སིའི༼Gnosticism༽གྲུབ་མཐའ་ལ་གཏོགས་པའི་ལྟ་གྲུབ་སྨྲ་བ་དང་སྒོམ་པ་བ་ཚོར་སེམས་ཤུགས་བསྐྱེད་ཡོད། ཁོང་ཚོའི་ནང་ནས་ཤུགས་རྐྱེན་ཆེ་ཤོས་ཤིག་ནི་ཨོ་རེ་གྷན་རེད།༼ Origen C.185-254 ༽ ཁོང་ནི་ཨ་ལབ་ཛམ་ཌར་དུ་སྐྱེས་ཤིང་དེའི་སྐབས་ཀྱི་ཡེ་ཤུའི་ཆོས་ལུགས་རིག་པ་སྨྲ་བ་མཚན་སྙན་ཆེ་ཤོས་དེ་ཡིན། ཁོང་གིས་ཀྱང་རྣམ་ཤེས་ནི་སྒོམ་པ་ལ་བརྟེན་ནས་དཀོན་མཆོག་མ་རྟོགས་བར་དུ་ཚེ་རབས་ནས་ཚེ་རབས་ལ་འཕེལ་འགྱུར་བྱེད་པར་ཡིད་ཆེས་བྱས། དུས་རབས་གསུམ་པའི་ནང་དུ་འགོ་བརྩམས་ནས་ཡེ་ཤུའི་སྒོམ་སྒྲུབ་པ་ཚོ་ཡེ་ཇར་ཕུའི་ས་ཧ་རའི་བྱེ་ཐང་དུ་སྒོམ་སྒྲུབ་རི་ཁྲོད་འགྲིམས་ཤིང༌། ཁོང་ཚོ་མང་པོ་ཞིག་རོ་མན་བཙན་རྒྱལ་གྱི་གཉའ་གནོན་དང་ཟང་ཟིང་ལས་བྲོས་བྱོལ་བྱས་ཏེ། བྱེ་ཐང་འདིར་སྐྱབས་བཅོལ་དུ་ཡོང་བ་ཞིག་རེད། བྱེ་ཐང་གི་རི་ཁྲོད་པ་འདི་ཚོར་བྱེ་ཐང་གི་ཆོས་དཔོན་ཟེར་ཞིང༌། ཁོང་ཚོ་ནི་མི་དམངས་འདུས་སྡེའི་མཐའ་དང༌། རོ་མན་བཙན་རྒྱལ་གྱི་ལྟ་རྟོག་དང་ཐག་རིང་ས་ནས་གྲུབ་པའི་ཚོགས་སྡེའི་ནང་དུ་གནས་ཀྱང༌། སྤྱི་ཚོགས་ཀྱི་དཔལ་ཡོན་དང་འབྲེལ་ཐག་ཡོངས་སུ་ཆད་མེད།
བྱེ་ཐང་གི་ཆོས་དཔོན་ཕལ་ཆེ་བ་ཞིག་ནི་ཡིག་རྨོངས་པ་ཡིན་ཡང༌། འེ་ཝ་ཀི་རེ་སི༼ Evagrius of Pontus 345-399༽ནི་ཤེས་ཡོན་ཚད་མཐོ་པོ་ལྡན་པའི་མཁས་དབང་ཞིག་རེད། ཁོང་གིས་ཁོང་ཚོའི་ངག་རྒྱུན་གྱི་གསུང་ཆོས་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཡིག་ཐོག་ལ་འགོད་འགོ་བརྩམས་ཤིང༌། ཨོ་རེ་གྷན་ལ་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཡོད། འེ་ཝ་ཀི་རེ་སིས་འགྲོ་བ་མིའི་རྣམ་ཤེས་ལ་སྐྱེ་བ་ཕྱི་མ་ཡོད་པ་དང༌། དེ་མཐའ་མར་དཀོན་མཆོག་དང་དབྱེར་མེད་དུ་འགྱུར་བའི་ཨོ་རེ་གྷན་གྱི་ལྟ་ཚུལ་འདི་ངོས་ལེན་བྱས་ཡོད། འཇོན་ཁ་ཤམ་ནི༼ John Cassian C. 360-433 ༽ཁོང་གི་སློབ་མ་གཙོ་བོ་ཞིག་ཡིན་ཞིང༌། ཁོང་གིས་རང་གི་ནུབ་ཕྱོགས་པའི་སློབ་མ་ཚོའི་ཆེད་དུ་འེ་ཝ་ཀི་རེ་སིའི་བརྩམས་ཆོས་རྣམས་བཅོས་བསྒྲིགས་བྱས་པ་དང༌། ཧྥ་རན་སིའི་ལྷོ་ཕྱོགས་སུ་མཉམ་དུ་གཤིབ་པའི་དགོན་པ་གཉིས་གསར་འཛུགས་བྱས། གཅིག་ནི་ཕོ་དང་གཞན་ནི་བུད་མེད་ཚོའི་ཆེད་དུ་རེད། འདི་ནི་ནུབ་ཕྱོགས་སུ་ཚོགས་པ་འདིའི་རིགས་བཙུགས་པ་ཐོག་མ་དང༌། ཕྱིས་སུ་དར་བའི་ཡེ་ཤུའི་དགོན་པའི་ལུགས་སྲོལ་གྱི་དཔེ་བལྟ་ས་ཞིག་ཆགས་ཡོད།།
སྒོམ: གང་དུ་བྱུང་བ་དང་འདིར་ཇི་ལྟར་སླེབས་པ།
ཨ་ལན་གྱིས་བརྩམས་པའི་<<འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ>>ཞེས་པ་ལས་ཚན་བཤུས།
….བསྟན་འཛིན་རིག་བཟང་གིས་བསྒྱུར།

སྒོམ་ནི་ལེགས་པར་སྲུང་བའི་འགྲོ་བ་མིའི་རིགས་ཀྱི་གསང་བ་ཞིག་རེད། གལ་ཏེ་དགུ་ཚིགས་གཞན་ནས་འོངས་པའི་སེམས་ཅན་ཚོས་ང་ཚོའི་ལོ་རྒྱུས་ཀློག་པ་དང༌། གློག་བརྙན་ལ་བལྟ་བ། དྲ་རྒྱ་ལ་སྔོག་ཞིབ་བཅས་བྱས་ནས་ང་ཚོར་ཞིབ་འཇུག་ནན་མོ་ཞིག་བྱས་ཚེ། ཁོང་ཚོས་སྒོམ་གྱི་སྐོར་ལ་གོ་རྟོགས་འོལ་སྤྱི་ཙམ་ཞིག་མ་གཏོགས་རྙེད་རྒྱུ་མ་རེད། ཁོང་ཚོའི་མཇུག་སྡོམ་ནི་ང་ཚོ་མང་ཆེ་བའི་སྒོམ་ལ་འཛིན་སྟངས་ཀྱི་ལྟ་ཚུལ་དང་མཚུངས་ངེས། དེ་ཡང་སྒོམ་ཟེར་བ་ནི་སེམས་ངལ་ཞི་བར་བྱེད་པ་ལ་ཕན་ཞིང་སེམས་གནས་ལ་འབེབས་བྱེད་ཀྱི་ཐབས་ཤེས་ཤིག་དང༌། ན་ཚ་སྐོར་ཞིག་གི་བཅོས་ཐབས་གཉིས་པ་ལྟ་བུ་རེད། རེད་་་་ད་དུང་་༌། སྒོམ་ནི་ནང་ཆོས་དང་ཧིན་དྷུ་ལྟ་བུའི་ཆོས་ལུགས་ཁག་ཅིག་གི་ཕྱག་མཆོད་ཀྱི་ཆ་ཤས་ཤིག་རེད། འདི་ལས་ལྷག་པའི་ནང་དོན་ཞིག་སྒོམ་ལ་མེད།
ཕྱིར་མ་མངོན་པ་གང་ནི་སྒོམ་གྱི་བྱེད་ལས་དེ་ཡིན་ཞིང༌། འདི་ནི་རྣམ་པར་ཤེས་པ་དང༌། འཇིག་རྟེན་ལ་ཚན་རིག་དང་མཐུན་པའི་དཔྱད་པ་གཏོང་བྱེད་ཀྱི་ལག་ཆ་ཕྲ་མོ་ཞིག་རེད། འདིར་ཚན་རིག་དང་མཐུན་པ་ཞེས་པ་ནི་ཚན་རིག་གི་བརྟག་ཐབས་ཀྱི་ངོ་བོར་གྲུབ་པའི་ཁྱད་ཆོས་དེ་ཚོ་དང་ཆ་འདྲ་བའི་མངོན་སུམ་རིག་པའི་དཔྱད་ཐབས་སྒོམ་གྱི་ནང་དུའང་འདུས་ཡོད་པའི་དོན་ཡིན། གནའ་བོའི་དུས་ནས་བཟུང་འཛམ་གླིང་གི་ཡུལ་གྲུ་གང་སར་སྤྱི་ཚོགས་འདྲ་མིན་གྱི་ནང་དུ་སེམས་ཉམས་ལེན་གྱི་སྒོམ་པ་བ་ཚོས་སྒྲིག་འཛུགས་དང་ལྡན་པའི་སྒོ་ནས་ནང་ཡུལ་ཅན་གྱི་དངོས་ཡོད་གནས་ལུགས་དང༌། དེ་དང་ཕྱིའི་ཡུལ་གྱི་སྣང་ཚུལ་བར་གྱི་འབྲེལ་བ་གཉིས་ལ་ཞིབ་དཔྱོད་བྱས་ནས་ཞིབ་འཇུག་གི་འབྲས་བུ་རྣམས་གསལ་བརྗོད་བྱས་ཡོད། སྒོམ་གྱིས་ཞི་ཞིང་བག་ཕེབས་པའི་འཚོ་བ་ཞིག་བསྒྲུབ་ཐུབ་པ་དང༌། དེ་བཞིན་ལུས་པོའི་འཕྲོད་བསྟེན་དང་སེམས་ཁམས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པ་སོགས་ཀྱང་ཁོང་ཚོས་གསར་དུ་རྙེད་ཡོད། ཡིན་ཡང༌། འདི་ཚོ་ནི་ཁོང་ཚོའི་འཚོལ་སྙེག་གི་ཕན་ཡོན་སྤྱིར་བཏང་བ་སྐོར་ཞིག་རེད།
སྒོམ་པ་བ་ཁག་ཅིག་གིས་བསམ་བཞིན་དུ་རང་ཉིད་ཀྱི་གསར་རྙེད་གསང་ཡོད་ཀྱང༌། དེང་སང་སྒོམ་གྱི་འབྱུང་ཁུངས་རྣལ་མ་དེ་མང་ཚོགས་ལ་ལྐོག་གྱུར་ཞིག་ཆགས་པའི་རྒྱུ་མཚན་ནི་ང་ཚོས་ཆོས་ལུགས་ངོས་འཛིན་བྱེད་སྟངས་དེ་རགས་རིམ་ཙམ་ཡིན་པས་རེད། སྤྱིར་ང་ཚོས་ཆོས་ལུགས་ནི་བཀའ་ལུང་༼ ཡེ་ཤུ་མ་ཤི་ཀ་དང༌། མ་ཧ་མོ་རྡི།(Mohammed) ཡང་ན་མོ་ཟས་སིས(Moses)ཀ་གསུངས་པ་རེད། དེའི་ཕྱིར་ང་ཀ་ལ་ཡིད་ཆེས། ༽གི་ཡིད་ཆེས་ལ་གཞི་བཅོལ་བའི་བསམ་བློའི་འཁྱེར་སོ་ལྟ་བུ་ཙམ་ཡིན་པར་བསམ་གྱི་ཡོད། ཆོས་ལུགས་ཀྱི་བཀའ་ལུང་ལ་དོགས་འཇུག་མེད་པར་ཡིད་ཆེས་བྱེད་མཁན་དང༌། ཆོས་ཀྱི་སྣང་ཚུལ་ཐད་ཀར་མྱངས་ཏེ་དངོས་དོན་ར་སྤྲོད་ཀྱི་རེ་བའི་ཁྲོད་ནས་རྩད་གཅོད་དང་ཞིབ་བཤེར་བྱེད་མཁན་གཉིས་ང་ཚོས་བག་ཟོན་མེད་པར་གཅིག་ཏུ་བརྩི། འོན་ཀྱང༌། འདི་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་ཅིང༌། ང་ཚོས་གཟབ་ནན་དུ་བརྟག་དཔྱད་བྱས་ཚེ། ཆོས་ཉམས་ལེན་པའི་རིགས་དེ་གཉིས་གཅིག་ཏུ་བརྩིས་པ་ནི། ཉི་མ་དང་ཟླ་བ་མཁའ་དབྱིངས་སུ་ཡོད་པའི་རྒྱུ་མཚན་གྱིས་འདི་གཉིས་གཅིག་པ་རེད་ཟེར་བའི་སྐད་ཆ་ལས་ཀྱང་དོན་མེད་ཅིག་ཡིན་པ་རྟོགས་ཐུབ།
དཔེ་དེབ་འདིའི་ནང་དུ་རིག་གཞུང་སྣ་མང་གི་སྒོམ་གྱི་ལྟ་ཚུལ་ཞིག་གླེང་ཡོད་དེ། སྒོམ་ནི་མི་ཞིག་གི་འཚོ་སྟངས་ཡར་རྒྱས་སུ་གཏོང་ཐབས་ཤིག་དང༌། ཤེས་པ་དང་སེམས་ཀྱི་རང་བཞིན་ལ་གོ་རྟོགས་ཟབ་མོ་རྙེད་པའི་ཐབས་ཤེས།༼འདི་འདྲའི་གོ་རྟོགས་ལ་བརྟེན་ནས་གཙོ་བོར་སྔོན་མེད་པའི་སེམས་ཁམས་ཀྱི་བདེ་ཐང་ཞིག་འཐོབ་རྒྱུ་དེ་རེད།༽ སྙིང་རྗེ་དང་གཞན་སེམས་ལྷད་མེད་ཀྱི་རྟེན་གཞི་ལྟ་བུ་བཅས་ཡིན། ས་བཅད་དང་པོས་སྒོམ་གྱི་འཕེལ་རྒྱས་དང་ལོ་རྒྱུས་ཚིག་ཉུང་དོན་བསྡུས་ཀྱིས་གླེང་ཡོད། འདིའི་ནང་དུ་ད་དུང་སྒོམ་གྱི་དམིགས་ཡུལ་དང་ཐབས་ཤེས་གཙོ་བོ་ཁག ད་དུང་སྒོམ་དང་མཐའ་གཅིག་ཏུ་དད་པ་གཞིར་བརྟེན་གྱི་ཆོས་ལུགས་བར་གྱི་འགལ་བ་སོགས་ཀྱང་ཚུད་ཡོད། གལ་ཏེ་འགལ་བ་དེ་མ་རྟོགས་པ་དང་དེར་བསམ་གཞིགས་མ་བྱས་ཚེ། རྙོག་དྲ་ཆེ་ཞིང་དུམ་བུར་གྱུར་པའི་ང་ཚོའི་འཛམ་གླིང་འདི་བཅོས་བསྒྱུར་བྱེད་པ་ལ་སྒོམ་སྒྲུབ་ཉམས་ལེན་གྱི་ནུས་པ་དང༌། དེའི་གལ་ཆེན་རང་བཞིན་རྟོགས་རྒྱུ་ཁག་པོ་རེད།།

0 comments:

ཟིན་བྲིས་འཚོལ་ཡུལ