དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 18 June 2012
༄༅། །ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་ལ་ཕུལ་བའི་
རྟོགས་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས་ཞེས་བྱ་བ།
།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཕྱོགས་དུས་རྒྱལ་ཀུན་སྲས་བཅས་འཕགས་ཚོགས་ཀྱི་ཡེ་ཤེས།
།
འཇམ་དཔལ་རྡོ་རྗེ་འཆང་དངོས་རིགས་བདག་གི་ལྷ་མཆོག །
མཚུངས་མེད་དགེ་བའི་བཤེས་གཉེན་ཡིད་བཞིན་གྱི་ནོར་བུ།
།
ཀུན་མཁྱེན་བརྒྱུད་པའི་བླ་མ་སྙིང་དབུས་ནས་འདུད་དོ།
།
ཀུན་བཟང་གདོད་མའི་མགོན་པོའི་ཕ་ནོར་གྱི་ཟབ་ཆོས།
།
ཀ་དག་ཁྲེགས་ཆོད་ཆོས་སྐུའི་དགོངས་དོན་གྱི་ངོ་བོ། །
འོད་གསལ་ལྷུན་གྲུབ་ཐོད་རྒལ་ལོངས་སྐུ་ཡི་རང་བཞིན། །
ཟུང་འཇུག་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ལ་འདུད་དོ།
།
ཆོས་རྒྱལ་མེས་དབོན་དམ་པའི་སྐུ་དྲིན་ལས་རྙེད་པའི།
།
བཅུ་ཕྲག་རིག་པའི་གཏེར་མཛོད་གངས་ཅན་གྱི་ཕ་ནོར།
།
མ་ནོར་ཉམས་སུ་ལེན་པའི་སྔ་འགྱུར་གྱི་སྐྱེས་ཆེན།
།
མི་ཕྱེད་དད་གུས་དྲག་པོས་སྙིང་དབུས་འདུད་དོ།
།
མཁན་སློབ་ཆོས་རྒྱལ་ལོ་པན་མཁས་གྲུབ་ཀྱི་བཀའ་དྲིན།
།
ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་དྲི་མེད་ཀྱི་རིང་ལུགས།
།
འཇམ་མགོན་མི་ཕམ་རྒྱ་མཚོའི་དགོངས་འགྲེལ་གྱི་གསོས་སྨན།
།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཆོས་སྡེ་ལ་འདུད་དོ།
།
སྐྱེ་འཕགས་ཐར་ལམ་འདྲེན་པའི་སྒྲུབ་བརྒྱུད་ཀྱི་ཤིང་རྟ།
།
འཕགས་བོད་བསྟན་པའི་འབྱུང་གནས་གངས་ཅན་གྱི་སྙིང་ནོར།
།
ཀུན་གྱི་གཞི་རྩ་སྔ་འགྱུར་བསྟན་པ་འདི་ཁོ་ན།
།
བཤད་སྒྲུབ་ཕྲིན་ལས་ཕྱི་མོའི་རྒྱལ་བསྟན་ལ་འདུད་དོ།
།
འགྲོ་ཁམས་མོས་པ་དང་བསྟུན་བཀའ་གདམས་དང་ས་དགེ
།
ཇོ་ནང་ཞི་བྱེད་བོན་ཆོས་གསར་རྙིང་གི་གྲུབ་མཐའ།
།
སྒོ་གསུམ་དགེ་བར་འཁྲིད་པའི་ཐབས་གྲོལ་གྱི་ལམ་རིམ།
།
ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་སྔ་འགྱུར་གྱི་བཀའ་དྲིན།
།
འཕགས་བོད་ལོ་པན་དམ་པས་བཀའ་བསྡུ་དང་གཏན་འབེབས།
།
བཀའ་གཏེར་གདམས་པའི་ཆུ་འགོ་རིག་འཛིན་གྱི་གདུང་བརྒྱུད།
།
འདི་ཕྱི་གཏན་བདེའི་སྐྱབས་གནས་བསླུ་མེད་དུ་བཞུགས་པ།
།
ནམ་ཡང་གཞལ་མེད་ཀུན་མཁྱེན་ཆོས་བརྒྱུད་ཀྱི་བཀའ་དྲིན།
།
འདི་ཕྱི་འཁོར་བའི་སྡུག་བསྔལ་ངེས་འབྱུང་གི་བསྐུལ་མ།
།
འགྲོ་ཀུན་དྲིན་ཆེན་ཤེས་པའི་བྱང་སེམས་ཀྱི་སྙིང་རྗེ། །
སྣང་སྲིད་དག་མཉམ་རྟོགས་པའི་གསང་ཆེན་གྱི་མན་ངག
།
ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་བཀའ་དྲིན་དེ་ཆེའོ།
།
ལྟ་བ་ཀློང་ཆེན་རབ་འབྱམས་དགོངས་པ་དང་མཉམ་ཞིང་།
།
སྒོམ་པ་མཁྱེན་བརྩེ་འོད་ཟེར་སེམས་རྒྱུད་དུ་འཆར་བས།
།
སྤྱོད་པ་རྒྱལ་བའི་མྱུ་གུའི་ཕྱིན་དྲུག་གི་མཛད་བཟང་།
།
འབྲས་བུ་སྨིན་གྲོལ་ཐོབ་པའི་སྐལ་བཟང་དག་སྐྱིད་པ།
།
བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་སྲས་ཀྱི་བུ་རྒྱུད།
།
བཞག་ཐབས་བཞི་ཡིས་གནད་གསང་མན་ངག་ལ་བྱང་བས།
།
སྙིགས་ལྔའི་འདུ་འཛིས་མི་འཆིངས་འཁྲུལ་ཞིག་གི་ཆོས་པ།
།
འགྲོ་དྲུག་ལས་ཉོན་བག་ཆགས་ཡིད་ཡུལ་ལ་མི་འདུག
གཟེར་བུ་བདུན་གྱི་རྫོང་ཆེན་བཙན་ས་ཞིག་ཟིན་པས།
།
ཐེག་བརྒྱད་རྩོལ་བའི་བློ་གཤིས་རང་ཡལ་དུ་སོང་ནས།
།
བཟང་དགུའི་རྒྱལ་ཁ་ཐོབ་པའི་རྫོགས་ཆེན་གྱི་རྣལ་འབྱོར།
།
ས་བཅུ་ལམ་ལྔར་མཐར་ཕྱིན་མཁས་གྲུབ་ཀྱི་རྒྱལ་པོ།
།
འཁོར་འདས་རེ་དྭོགས་བྲལ་བའི་ངེས་ཤེས་ཀྱི་ཁོ་ཐག
།
གཉུག་མའི་བདེ་གཤེགས་མཇལ་བའི་དེ་ཉིད་ཀྱི་བདག་པོ།
།
སྒོམ་ཉམས་རྟོགས་པའི་ཡོན་ཏན་རང་རྒྱུད་ལ་འབྱོར་བས། །
ཐོབ་ཤོར་ཟུག་རྔུ་ཀུན་སྤངས་བྱ་བྲལ་དེ་སྐྱིད་པ། །
ཡེ་ནས་རྩོལ་བསྒྲུབ་བྲལ་བའི་རང་བྱུང་གི་རིག་པ།
།
ཚིག་ཆེན་བརྒྱད་ཀྱི་གདམས་པའི་དབུགས་དབྱུང་ལ་བརྟེན་ནས།
།
གབ་སྦས་གསང་གསུམ་དབེན་པའི་གཅེར་མཐོང་གི་རིག་པ། །
མཚན་ལྡན་བླ་མའི་ཐུགས་དམ་རྒྱལ་ཀུན་གྱི་རང་གཟུགས། །
སྣང་སྲིད་རྣམ་དག་གཞོན་ནུ་བུམ་སྐུ་ཡི་མཁྱེན་ཆ།
།
མངོན་སུམ་རང་བྱུང་འོད་གསལ་བཞི་ལྡན་གྱི་སྒྲོན་མེ།
།
ཡེ་ཤེས་བླ་མའི་རང་ཞལ་དེ་ཉིད་དུ་མཇལ་བས།
།
རིག་སྟོང་ཆོས་སྐུའི་བདག་པོ་བདེ་སྐྱིད་ཀྱི་མཐར་ཐུག
།
ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཆོས་རྗེ་ཡི་བསྟན་སྲིད།
།
རྟེན་འབྲེལ་བསླུ་མེད་ཐོས་བསམ་སྒོམ་པ་ལ་གོམས་པས།
།
བཤད་སྒྲུབ་ཕྲིན་ལས་མཛོད་ལ་མངའ་དབང་དུ་འབྱོར་ནས།
།
འགྲོ་ཁམས་ཕན་བདེའི་ལེགས་ཚོགས་ཡིད་བཞིན་དུ་འགྲུབ་སྨོན།
།
ཞེས་པ་འདི་ཡང་རབ་རྒྱན་སྣྲོན་ཟླའི་སྟོང་བར་གསུམ་པའམ་ཀུན་མཁྱེན་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་སྐབས་སུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་མཆོད་འབུལ་དང་འབྲེལ་ནས་རྙིང་བན་ཤྲྰི་ཨནནྟ་བཛྲས་གང་ཤར་བྲིས་པ་དགེའོ།
། ༢༠༡༢ ༦ ༡༨་ལའོ། །
Subscribe to:
Post Comments (Atom)
0 comments:
Post a Comment