དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 18 July 2012
ཤྲི་ལང་ཀར་བསྐྱོད་ཐེངས་གཉིས་པ། (འོས་སྦྱོར)

 




མཁན་པོ་ཚུལ་རྣམ་གྱིས་བརྩམས།
ཁོ་བོ་བོད་ཆུ་འབྲུག་ལོའི་ཟླ་གསུམ་པའི་ཚེས་བརྒྱད་རེས་བཟའ་པ་སངས་ས་ཆུ་འཕྲོད་སྦྱོར་དགེ་བའི་ཉིན། ཤར་ཕྱོགས་ཀྱི་གླིང་ཕྲན་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ནོར་བུའི་གླིང་ཞེས་སམ། ཡོངས་གྲགས་ཐེ་ཝན་ཞེས་འབོད་པ་དེའི་རྒྱལ་སྤྱིའི་གནམ་ཐང་ནས་། ཕྱི་དྲོའི་ཆུ་ཚོད་གསུམ་པ་ནས་མཁའ་ལམ་བརྒྱུད་མ་ལེ་ཤིས་ཡ་ཞེས་སྔོན་ནང་པའི་རྒྱལ་ཁབ་དང་ལྷག་ཏུ་ཐེག་ཆེན་གསང་སྔགས་བསྟན་པ་དར་བར་བཤད་ཅིང་། ཕྱིས་ཁ་ཆེའི་ཆོས་ལུགས་བྱེད་མཁན་དུ་གྱུར་པའི་རྒྱལ་ས་ཀྭ་ལ་ལུན་པུར་Kuala lumpurགྱི་གནམ་ཐང་བརྒྱུད་དགོང་མོ་ཤྲི་ལངྐའི་རྒྱལ་ས་ཁོ་ལོན་པོColoboལ་འབྱོར། ད་རེས་འགྲོ་དོན་ནི་གནས་བསྐོར་དང་མཆོད་འཇལ་སྤྲོ་འཆམ་སོགས་མ་ཡིན་པར་ཞིབ་འཇུག་དང་རྒྱུས་ལོན་ཞིག་གི་ཆེད་དུ་སོང་བ་ཡིན།
རྒྱང་ནས་མཐོང་བའི་ལང་ཀའི་ཡུལ་ཆེན་པོའི་ཟུར་ཞིག
ཕྲན་ནི་ལར་གནས་བསྐོར་དང་སྤྲོ་འཆམ་ལ་དགའ་བ་ཡིན་ཡང་། དེ་རིང་ནི་བྱ་བ་གལ་ཆེན་གཞན་དང་དམིགས་ཡུལ་གཞན་ཞིག་བཟུང་ནས་སོང་བ་ཡིན། དེ་ཡང་ཉེ་བའི་ལོ་ཤས་རིང་ལོ་རེ་བཞིན་རང་ནས་ཚོགས་བསགས་སྒྲིབ་སྦྱངས་ཅུང་ཟད་རེ་དང་། ནང་པའི་ཆོས་བརྒྱུད་གཞན་དང་སྟོན་པ་དང་བསྟན་པ་གཅིག་པའི་ཆོས་མཆེད་རྣམས་ངོ་ཤེས་དང་མཐུན་ལམ། སློབ་སྦྱོང་དང་རྒྱུས་ལོན། ཞོར་ལ་ཁམས་དྭངས་དང་ངལ་གསོ་སྤྲོ་འཆམ་བཅས་ཀྱི་ཆེད་གནས་བསྐོར་ལ་འགྲོ་བཞིན་པ་ལས། ད་ལོར་སེངྒ་ལའི་གླིང་ངམ་དེང་དུས་ཤྲི་ལངྐར་འབོད་པའི་ནང་པའི་རྒྱལ་ཁབ་དེར་། སྔོན་ཞིག་ནས་ཤྲི་ལངྐའི་དགེ་སློང་རྣམས་ནས་བཙུགས་པའི་འཛམ་གླིང་དགེ་འདུན་མཐུན་ཚོགས་ཞེས་པས་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་ནས་ལོ་ཉིས་སྟོང་དྲུག་བརྒྱ་འཁོར་བའི་འཁྲུངས་སྐར་མཛད་སྒོར་ངོ་ཤེས་ཤིག་གི་བརྒྱུད་མགྲོན་ཤོག་ཤིག་འབྱོར་། དེར་བརྟེན་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་མཛད་སྒོར་མཉམ་ཞུགས་དང་། ཞོར་ལ་མཆོད་འབུལ་དང་གནས་བསྐོར་བཅས་ལ་སོང་བ་ཡིན།
ཤྲི་ལངྐའི་དགེ་འདུན་པ་ནི་ནང་བསྟན་སྤྱི་ལ་གཟི་བརྗིད་དང་བྱས་རྗེས་ཅན་ཞིག་ཏུ་མཐོང་། འདི་ལྟ་བུའི་རྒྱལ་སྤྱི་ཅན་གྱི་དགེ་འདུན་ཚོགས་པ་དང་པོ་གཙུགས། དགེ་བསྙེན་རྡརྨ་པཱ་ལས་རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་ཕྱི་རོལ་པའི་ལག་ནས་བླངས་ཏེ་ཉམས་གསོ་གནང་། ནང་པའི་དར་ཆ་གསར་དུ་བཟོས། བྱང་ཆུབ་ཆེན་པོའི་ཚོགས་པ་འཛམ་གླིང་གང་སར་བཙུགས། ལོ་ཉིས་སྟོང་ལྷག་ལ་བསྟན་པ་ལ་ཉམས་ཆག་ཆེན་པོ་མ་ཤོར་། ལང་ཀའི་ཡུལ་མི་རྣམས་ལ་ནང་ཆོས་ཀྱི་སློབ་གསོ་ཤ་ཐིམ་རུས་ཐིམ་དུ་བྱས། དུས་ད་ལྟ་ཡང་ནང་ཆོས་ལ་བརྩི་བཀུར་དང་མཐོང་ཆེན་ཐོབ། ཕྱི་རྒྱལ་ཁབ་མང་པོར་ནང་ཆོས་སྤེལ་བར་མཛད། ཡང་དཔེར་མཚོན་གཞན་ཞིག་ནི། སྐབས་འདིའི་སྨོན་ལམ་གྱི་དགོང་ཚོགས་ཤིག་གི་སྟེང་སེངྒ་ལའི་དགེ་སློང་ཞིག་གིས། སངས་རྒྱས་པའི་རྗེས་འཇུག་རྣམས་། མཐུན་སྒྲིལ་གྱིས་ཤོག ངེས་པར་མཐུན་སྒྲིལ་བྱེད་དགོས། མཐུན་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་ཡིན། མཉམ་དུ་ལོངས་ཤོག ཅེས་བོས་སོང་བས་ང་ནི་སེམས་འགུལ་ཧ་ཅང་ཐེབས་ནས་ལུས་ཀྱི་བ་སྤུ་ལྡང་། མིག་ནས་འཆི་མ་ཤོར་གྲབ་བྱས་བྱུང་། ཆོས་བརྒྱུད་སོ་སོས་སྨོན་ལམ་གསུངས་སྐབས། ངའི་ཆོས་གྲོགས་བོད་ཀྱི་དགེ་འདུན་པ་ཚོ་གཅིག་གིས་སྨོན་ལམ་བཏོན། དེ་ནི་ཤྲི་ལངྐར་གཞུང་འབྲེལ་ཐོག་བོད་ཀྱི་སྨོན་ལམ་འདོན་པ་ཐེངས་དང་པོ་རེད།ཅེས་དང་། ངེད་རྣམས་ནས་ཀྱང་བོད་ཀྱི་གྲྭ་པས་ཞབས་འདྲེན་མ་སོང་བ་ཞིག་དགོས་ཞེས་ཚང་མས་ལྷག་བསམ་དང་གཟབ་ནན་དད་འདུན་རྩེ་གཅིག་གནང་སོང་བས། དེར་བཞུགས་མང་པོ་ཞིག་ནས་བསྔགས་བརྗོད་བྱས་པ་ཐོས། རྒྱལ་ཁབ་ཉི་ཤུ་ལྷག་འདུག རྒྱལ་ཡོངས་ཀྱི་གསར་ཤོག་དང་གློག་བརྙན་ནང་ནས་ཉིན་མང་པོར་རྒྱང་བསྒྲགས་བྱས། ཤྲི་ལང་ཀའི་སྲིད་འཛིན་ཡང་ཚོགས་ཞུགས་གནང་། ཁོང་ནི་དགེ་འདུན་པ་ལ་ཤིན་ཏུ་གུས། དགེ་འདུན་པའི་མདུན་སྐུ་མགྲོན་བཞུགས་སར་མ་བཞུགས་པར་རྒྱབ་ཀྱི་མི་སྐྱ་རྣམས་ཀྱི་གྲལ་འགོར་བཞུགས་སོང་། དེ་ནི་དཀོན་མཆོག་གསུམ་ལ་རྒྱབ་མི་གཏོད་པར་གུས་པ་མཚོན་བྱེད་རེད་འདུག མི་མང་རྣམས་ཁོང་ལ་ཧ་ཅང་དགའ། ངེད་རྣམས་ཀྱི་སྣེ་ཁྲིད་པས་མི་མང་པོས་ཁོང་ནི་གཏན་གྱི་སྲིད་འཛིན་ཡོང་བའི་རེ་བ་ཡོད་ཟེར། དེའང་སྟོན་པའི་འཁྲུངས་སྐར་ནི་ས་ག་ཟླ་བར་ངོས་འཛིན་འདྲ་ཡང་རང་རེ་བོད་ལས་གཞན་པའི་སངས་རྒྱས་ཀྱི་འཁྲུངས་ཡུལ་དང་མཛད་པ་སྟོན་པའི་གནས་བལ་ཡུལ་དང་རྒྱ་གར་། སྟོན་པ་ཉིད་ནས་གཏད་རབས་རེ་རེ་ནས་བརྒྱུད་པའི་ལྷོ་བརྒྱུད་ཀྱི་གནས་བརྟན་སྡེ་པ་། ཐེག་པ་ཆེན་པོའི་ཆོས་ལོ་ཉིས་སྟོང་སྔོན་ནས་དར་བའི་རྒྱ་ནག་དང་། དེ་ལས་བརྒྱུད་པའི་འཇར་པན་དང་ཀོ་རི་ཡ་སོགས་བསྟན་པ་བྱང་ལ་བརྒྱུད་པའི་སངས་རྒྱས་ཀྱི་རྗེས་འབྲང་པ་ཕལ་ཆེན་སྡེ་པ་ཡོངས་ནས་། རང་རེའི་ས་ག་ཟླ་བར་རྩིས་པའི་ཟླ་གཅིག་སྔོན་ལ་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་འདུག་པས་དུས་ཚོད་དེར་རང་རེ་བོད་པ་རྣམས་ནས་ཞིབ་འཇུག་རེ་བྱས་ན་བཟང་བར་སེམས། འོན་ཀྱང་རང་རེ་བོད་པའི་གཤིས་ནི་དགེ་ཆོས་དང་འདྲ་བའི་དཔྱོད་ལྡན་ཉུང་ཤས་རེ་མ་གཏོགས་མང་ཆེ་ཤོས་ནི་རང་མཐོང་ཆེ་ཤིང་དད་པའི་རྗེས་འབྲངས་གཙོ་བོར་བྱེད་པ་ལས་གཞན་ལ་དཔྱོད་པའི་ཤེས་རབ་དང་བརྩོན་འགྲུས་ཞན་པ་དང་། བསྒྱུར་བཅོས་ཀྱི་སྤོབས་པ་དེ་ལས་དབེན་པས་རེ་བ་དེ་ཙམ་མ་མཆིས།
སྔོན་ཞིག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་གྲུ་འཛིན་ལངྐའི་ཡུལ་ལ་ཡོད་པར་ཐོས་པ་དང་། དུང་དཀར་ཚིག་མཛོད་དང་། རྒྱ་ཡི་སློབ་དཔོན་ཆེན་པོ་ཝེན་ཚེག་དང་། ཕྱིས་ཞིབ་འཇུག་པ་མང་པོ་ནས་ཀྱང་སེངྒ་ལའི་གླིང་ཡིན་པར་ངོས་འཛིན་གནང་། བསྟན་འགྱུར་ཁྲོད་ཀྱི་པོ་ཊ་ལའི་ལམ་ཡིག་ལས་རྒྱ་གར་གྱི་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡའི་ཉེ་འགྲམ་ལ་ཡོད་པར་གསུངས། རང་རེའི་ལྷ་སའི་ཇོ་ཁང་གི་རྟེན་གཙོ་སྤྱན་རས་གཟིགས་རང་བྱུང་ལྔ་ལྡན་སོགས་རྟེན་བྱིན་རླབས་ཅན་མང་པོ་སེང་ག་ལ་ནས་གདན་དྲངས་ཚུལ་ལོ་རྒྱུས་ལས་གསལ་བས་གནས་དེར་སླེབས་པ་ཙམ་གྱིས་ལོ་རྒྱུས་དེ་ཉིད་ཤེས་འདོད་ཤིན་ཏུ་ཆེ་བར་བྱུང་། སྤྱན་རས་གཟིགས་ཀྱི་སྐུ་རྙིང་ལོ་སྟོང་ཕྲག་སྔོན་གྱི་སྐུ་ཆེན་པོ་ཡང་མཇལ་རྒྱུ་འདུག ཁོང་རྣམས་ནས་ཨརྱ་ཨ་ཝ་ལོ་ཀི་ཤྭ་རེ་ད་ལྟ་བྱང་ཆུབ་སེམས་དཔའ་རེད་མ་འོངས་པའི་སངས་རྒྱས་རེད་ཅེས་རང་རེས་རྗེ་བཙུན་བྱམས་པ་བཞིན་འགྲེལ་བཤད་འདུག དེས་བསྐོར་འགའ་ཞིག་ལ་དྲིས་པས་ལང་ཀའི་དགེ་སློང་མ་ཧཱ་སངྒ་རང་གི་ངོ་ཤེས་པ་རྒྱ་སྐད་མཁྱེན་པ་ཐེ་ཝན་ལ་ཡུན་རིང་བཞུགས་མྱོང་ཡོད་པ་ཞིག་ནས། དེ་སྔོན་རྒྱ་ནག་དང་ཐེ་ཝན།ཁོ་རེ་ཡ་སོགས་ནས་ཞིབ་འཇུག་ཡང་ཡང་བྱས་ཀྱང་ངེས་གཏན་མ་ཁེལ། ཁོང་དང་མང་པོ་ཞིག་ནས་ལངྐའི་ཡུལ་གྱི་བྱང་ཕྱོགས་གྲོང་ཁྱེར་རྗེ་ཧུས་ནའི་ཕྱོགས་ཀྱི་གླིང་ཕྲན་ཆུང་ངུ་ནཱ་ག་དིས་པ་ཅེས་པ་རྒྱ་གར་ལྷོ་ཕྱོགས་རྭ་མེ་ཤྭ་རེ་དང་མི་རིང་བར་ཡོད་པ་དེ་ཉིད་ཡིན་ལས་ཆེ་ཞེས་གསུངས།
ཟིན་བྲིས་འབྲི་གནང་བ་པོ་དང་བོད་ཀྱི་མཧན་རྡ།
ཡང་གཞན་ཞིག་ནི།ལངྐའི་ཆོས་གྲོགས་འགའ་ནས་བོད་པ་ལ་བརྩི་བཀུར་ཆེ་བ་དང་སྔོན་བོད་ཀྱི་གྲ་པ་ཞིག་སེང་ག་ལར་འབྱོར་ནས་སེང་ག་ལའི་རང་བཙན་ལ་བྱས་རྗེས་རླབས་ཆེན་བསྐྲུན་པ་དང་། ཁོང་ནི་མཁས་པ་དང་རྩོམ་པ་པོ་སྙན་ངག་མཁན་གྲགས་ཅན་ཏུ་འདུག་པས་ཁོང་གི་བརྩམས་པའི་སྒྲུང་དང་ཡ་རབས་མི་ཆོས་དང་ལྷ་ཆོས་མང་པོ་ཞིག་ད་ལྟ་ཤྲི་ལངྐའི་རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་ནང་ལ་བཞག་ནས་ཡུལ་མི་ཀུན་གྱིས་སློབ་སྦྱོང་བྱེད་བཞིན་པ་ཐོས། དེ་ངས་དང་པོ་བྲེལ་ཟིང་ངང་ཧར་བསམ་གྱིས་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་ན་སྙམ་ནས་ཞིབ་འཇུག་ཅིག་བྱེད་འདོད་བྱུང་། མིང་ལ་ངས་དང་པོ་ཐོས་སྐབས་བོད་ཀྱི་མ་ཧན་རྡ་ཞེས་པ་ཐོས། Tibet Mahi da. སྤྱིར་མཧནྡ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་ཡིན་། ལོ་ཉིས་སྟོང་གི་ཡར་སྔོན་ནས་སེངྒ་ལའི་གླིང་ལ་སངས་རྒྱས་ཀྱི་ཆོས་དང་པོ་སྤེལ་བ་ལ་ཕེབས། དགྲ་བཅོམ་པའི་གོ་འཕང་ཐོབ་ནས་མཐར་གནས་དེར་སྐུ་མྱ་ངན་ལས་འདས། ཁོང་ལ་དགྲ་བཅོམ་པ་མཧནྡ་ཞེས་འབོད། Arahanth Mahida དེའི་ཕྱིར་ཁོང་རྣམས་ནས་དད་གུས་དང་བཀའ་དྲིན་རྗེས་དྲན་ཆེད་བརླབས་ཆེན་གྱི་བྱས་རྗེས་ཅན་གྱི་མི་ལ་མཧནྡ་ཞེས་བཏགས། ད་ལྟའི་སྲིད་འཛིན་ལ་ཡང་མཧནྡ.Mahi da Rajapaksaཞེས་འབོད་། ད་རེས་བྱ་བ་གཙོ་བོ་འགའ་ཞིག་ལས་ཞིབ་འཇུག་གི་སྐོར་ལས། བོད་ཀྱི་མཧནྡ་ནི་དགེ་འདུན་ཆོས་འཕེལ་མ་ཡིན་པར་ཤེས། ཁོང་ནི་བོད་རིགས་འཁྲུངས་ས་འབྲས་ལྗོངས་རྒྱལ་ས་སྒང་ཐོག་ནས་ཡིན་པས་ཡིག་ཆ་མང་པོ་ཞིག་ནས་སི་ཀིམ་མཧནྡ་ཞེས་གྲགས། Sikhim. Mani da ཁོང་འཁྲུངས་ས་འབྲས་ལྗོངས་ལ་འཁྲུངས་ཀྱང་མི་རིགས་ནི་བོད་རིགས་རེད་འདུག རང་ཉིད་ཀྱིས་ཀྱང་བོད་པ་ཡིན་པར་གསུངས། ཆུང་དུས་འབྲས་ལྗོངས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་དང་ཆུང་འདྲེས་ཀྱི་གྲོགས་སུ་གྱུར་པས་ཧ་ཅང་བརྩེ་སེམས་མཐུན་པས་ཡང་ཡང་ཡིད་ལ་འཁོར་བས་བརྗེད་དཀའ་བའི་རྗེས་དྲན་ཆེད་ཁོང་གི་མཚན་ལ་ཡང་བཀྲ་ཤིས་རྣམ་རྒྱལ་བཏགས་། སྤྱི་ལོ་༡༩༠༡ལ་དཔལ་འབྲས་མོ་ལྗོངས་ལ་འཁྲུངས། ༡༩༡༤ལ་ལང་ཀའི་ཡུལ་ལ་ཕེབས། ༡༩༥༡ལོར་སེང་ག་ལར་འདས། ཁོང་གི་བརྩམས་པའི་དེབ་བཞི་བཅུ་ལྷག་ཡོད་སྐད། ཁོང་གི་གསུང་མང་པོ་ཤིག་སིང་ག་ལའི་ཡིག་ཐོག་ལ་འདུག ཁོང་གི་སྙན་རྩོམ་ཤིག་གིས་ལང་ཀའི་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་སྐད། ཁོང་ནི་སེང་ག་ལར་ཧ་ཅང་སྙན་གྲགས་ཆེ། ཁོང་འདས་སྐབས་ཤྲི་ལངྐའི་རྒྱལ་ཁབ་ནས་གཞུང་འབྲེལ་ཐོག་མྱ་ངན་བྱས། སྐུ་ཕུང་སྲེག་བྱེད་ཙན་དན་ཁོ་ནས་ཞུས་། ཞག་བདུན་ཕྲག་གཅིག་ལ་ཡུལ་མི་མང་པོ་ཤིག་སྡུག་བསྔལ་གྱིས་ངུ་རྒྱུན་མ་ཆད་པར་བཤད། ཁོང་ལ་ཡུལ་མི་ཀུན་གྱིས་མཐོང་དང་དད་པ་ཧ་ཅང་ཆེ། ཁོང་རྗེས་དྲན་ཆེད་མཧནྡའི་ལམ་དང་། མཧནྡའི་སློབ་གྲྭ་ཞེས་ནང་པའི་སློབ་གྲྭ་ཆེན་པོ་དང་གྲོང་ཁྱེར་གྱི་ལམ་ཆེན་བཅས་ལ་ཁོང་གི་མཚན་མཐོང་དང་རྗེས་དྲན་གྱི་མིང་མང་པོར་བཏགས། ད་དུང་ཁོང་གི་དགོན་པ་དང་རྗེས་དྲན་གྱི་འདྲ་སྐུ་བཅས་འདུག འདིར་ཕྱོགས་ཡུལ་མི་མང་པོས་བོད་པ་མི་ཤེས་པ་རྣམས་ཀྱིས་ཀྱང་བོད་ཀྱི་མཧནྡ་ཤེས་བཞིན་འདུག སེང་ག་ལའི་དགེ་སློང་ཞིག་དང་མཉམ་དུ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དགེ་བསྙེན་རྡརྨ་པ་ལའི་འཁྲུངས་ཡུལ་མ་ཏི་ར་ལ་སོང་བས་ལམ་བར་ཟ་ཁང་ཞིག་ནས་ཇ་ཞིག་འཐུང་བས་ང་མཐོང་བ་དང་ཟ་ཁང་གི་ལས་བྱེད་པ་གཅིག་གིས་ཏྲིས་རྦེ་ཏྲི་མཧནྡ་ཞེས་གུས་ཕྱག་བྱེད་བཞིན་འདུག སྐད་བསྒྱུར་བརྒྱུད་བཤད་པ་ཁོང་གི་མི་ཚེའི་ནང་ལ་བརྗེད་དཀའ་བའི་མི་ཚེའི་སློབ་གསོ་དང་ཆེས་དགའ་ཤོས་བོད་ཀྱི་མཧནྡའི་བསླབ་བྱ་རྣམས་ཡིན་པར་བཤད། ཡུལ་མིའི་ངག་དང་ཁོང་གི་རྩོམ་དང་སིངྷལའི་ཡི་གེ་མང་པོ་ཞིག་ནང་བོད་ཀྱི་མཧནྡ་ཞེས་གསལ། ད་ལྟ་དྲ་རྒྱ་དང་དབྱིན་ཡིག་གསར་པ་རྣམས་ལ་སིས་ཀིམ་མཧནྡ་ཅེས་བྲིས་འདུག དེ་ནི་ཁོང་གི་འཁྲུངས་ས་འབྲས་ལྗོངས་ནས་ཡིན་པས་སིས་ཀིམ་ཞེས་འབོད་པ་དང་། མི་རིགས་ནི་བོད་རིགས་ཡིན་པ་དང་ཁོང་བོད་ལ་ལྷག་ཞེན་ཡང་ཆེ་སྐད་། དེའི་ཕྱིར་བོད་ཀྱི་མ་ཧན་དྷ་ཞེས་གྲགས། ཁོང་གི་དགོན་པ་ནི་རྒྱལ་ས་ཁོ་ལིམ་པོའི་གྲོང་ཁྱེར་གྱི་ཕྱི་ལོགས་ཆུ་ཚོད་གཅིག་ལྷག་ཙམ་གྱི་གྲོང་པ་ཆུང་ཆུང་ཞིག་གི་ནང་ལ་འདུག དེར་ཁོང་གི་ཤག་དང་ལྷ་ཁང་དང་འདྲ་སྐུ་ཅིག་དང་དྲན་རྟེན་རྡོ་རིང་ངོས་ལ་ལོ་རྒྱུས་ཐུང་ཐུང་བརྐོས་པ་ཅན་དང་། སྐུ་གདུང་མཆོད་རྟེན་ཆུང་ངུ་ཞིག་དང་ལྷ་ཁང་རྙིང་པ་ཆུང་ཆུང་བཅས་འདུག མཁས་པས་ཤུལ་དུ་འཇོག་རྒྱུ་རྒྱུ་ནོར་དང་ཁང་ཆེན་སོགས་མ་ཡིན་པར། ཤུལ་ཏུ་བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱས་རྗེས་དང་ལྷག་ཏུ་ཤེས་ཡོན་གྱི་ལེགས་སྐྱེས་དང་བརྩམས་ཆོས་རྣམས་རེད་འདུག དགེ་འདུན་ཆོས་འཕེལ་གྱིས་འཇིག་རྟེན་འདིར་ཚུར་འོང་དོན་ནི་བྱ་བ་ཞིག་བསྒྲུབ་ནས་ཕར་འགྲོ་དགོས་པ་རེད་གསུངས་པ་ཤིན་ཏུ་བདེན། མི་ཚེའི་དགོས་པ་ལྟོ་གོས་དང་རྒྱུ་ནོར་སོགས་མ་ཡིན་པར་དེ་དག་ནི་ལུས་འཚོ་བའི་ཆེད་ལམ་གྱི་གྲོ་ཆས་ཙམ་དུ་འདུག གཙོ་བོ་བྱ་བ་བཟང་པོ་ཞིག་བསྒྲུབ་དགོས་པར་མཐོང་། སངས་རྒྱས་བཅོམ་ལྡན་འདས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ནས་སྐུ་མྱ་ངན་འདས་ཀྱང་ཁོང་གི་གསུང་བཞུགས་པ་ལ་བརྟེན་སངས་རྒྱས་ཀྱི་མཛད་པ་དུས་ད་ལྟ་ཡང་རྒྱས་བཞིན་འདུག གོང་གི་ལྷ་ཁང་ནང་གི་ཀ་བ་སོགས་བོད་ལུགས་དང་འབྲེལ་བ་ཡོད་པ་རེད་ཅེས་བན་དེ་ཞིག་ནས་བཤད་བཞིན་འདུག་ཀྱང་། ཞིབ་ཏུ་བལྟས་ན་ཡུལ་གྱི་ཁང་པ་དང་ཕལ་ཆེར་འདྲ་བ་འདུག་པས་སྔོན་རྙིང་པའི་སྐབས་བོད་ལུགས་བཞིན་ཡོད་ལས་ཆེ། ད་ལྟ་རྒྱལ་ཁབ་གཞུང་ནས་ལྷ་ཁང་དང་འགྲེམས་སྟོན་ཁང་དཔེ་མཛོད་བཅས་ཉམས་གསོ་བྱེད་བཞིན་འདུག་པས་དཔེ་ཆ་དང་ཅ་དངོས་ནི་གང་ཡང་མ་མཐོང་ངས་ཀྱང་ཞབས་འདེབས་ཅུང་ཟད་ཕུལ་བ་ཡིན་། དེ་འདྲའི་མཚན་སྙན་ཆེན་པོ་ཅན་ལ་དགོན་པ་དང་བཞུགས་ས་ནི་ཧ་ཅང་སྟབས་བདེ་དང་ཆུང་ཆུང་ཞིག་རེད་འདུག
མཚམས་འདིར་དྲན་སོས་པ་ཞིག་ལ། མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་བཀའ་སློབ་ཤིག་ནང་ཁོང་གི་གྲོགས་པོ་འཇར་པན་མཁས་པ་གཅིག་དང་གསུངས་མོལ་ཁྲོད་། འཇར་པན་པས་བོད་མི་རིགས་དང་རིག་གཞུང་རྣམས་ནི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཅན་དང་། བོད་མི་རྣམས་ནི་ངག་གི་རྩལ་དང་རྣམ་དཔྱོད་དང་འཇོན་ཐང་ཅན་ཞིག་འདུག ཡིན་ནའང་སེམས་ཕམ་པ་ཤིག་ལ་མང་པོ་ཤིག་གཉིད་འདུག་པ་དང་། ད་དུང་ཡང་གཉིད་སྨན་ཟ་བཞིན་མཆིས། གལ་ཏེ་གཉིད་ལས་སད་ན་སྔོན་ཐོན་གི་མི་རིགས་དང་འགྲན་ཐུབ་པ་དང་དེ་ལས་བཟང་བ་འདུག་ཅེས་བསྔགས་བརྗོད་གསུངས་པ་ཡང་ལོས་བདེན་སྙམ། སྐད་དང་མི་རིགས་ཐ་དད་པའི་རྒྱང་རིང་ས་མཐའ་འདི་ལྟ་བུ་ལ་བོད་ཀྱི་བན་དེ་ཞིག་སླེབས་ནས་བོད་ཀྱི་རིག་གཞུང་གི་ཤུགས་རྐྱེན་གྱིས་འདི་འདྲའི་བརླབས་ཆེན་གྱི་བྱས་རྗེས་བཞག་འདུག སེངྒ་ལའི་སྤྱི་ཚོགས་ཁྲོད་ཁོང་ནི་ནམ་མཁའི་ཉི་མ་དང་ཟླ་བ་བཞིན་དང་། ཁོང་གི་མཛད་རྗེས་དང་གཟི་བརྗིད་ནི་ནམ་ཡང་ནུབ་པ་མེད་པ་ལྷང་ངེར་གསལ་བར་ངེས། འདི་ནི་ཤིན་ཏུ་དགའ་སྤོབས་འོས་པ་དང་། རང་རེའི་མི་རིགས་འདི་བརླབས་ཆེན་གྱི་མི་རིགས་ཤིག་དང་རིག་གཞུང་འདི་ལོ་རྒྱུས་རིང་ཞིང་གཏིང་ཟབ་པ་དང་ཕུན་སུམ་ཚོགས་པར་ངོས་འཛིན་བྱེད་འོས། བོད་ཀྱི་མཁས་དབང་འགས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་གསུངས། མི་རིགས་གཞན་རྣམས་ནས་ཁོང་རྣམས་ཀྱི་རིག་གཞུང་གི་ལོ་རྒྱུས་ལོ་སྟོང་ཕྲག་བཞི་ལྔ་ཡིན་ཞེས་སྤོབས་པ་དང་བཅས་འབོད་བཞིན་ཡོད། ཆུང་བྱིས་པ་ནས་རྒས་ལ་ཐུག་པའི་བར་རྣ་བ་ཚ་ཚ་དང་སེམས་པ་གཟན་གཟན་བར་ཐོས་པའི་བོད་རྒན་རྣམས་ནི་རྗེས་ལུས་དང་ཀླ་ཀློ་མུན་ནག་བྲན་གཡོག་ཅེས་པ་ནི་སྒྲོ་སྐུར་གྱི་ཞྭ་མོ་ཞིག་ཅིའི་ཕྱིར་མིན། འོན་ཀྱང་ད་ལྟ་རང་རེ་ཕལ་ཆེར་གཉིད་སྐྱིད་པོ་ཁུག་ནས་ཉལ་བས་བོད་མི་རིགས་འདི་རྗེས་ལུས་ཀྱི་མི་རིགས་ཤིག་ལ་གྱུར་ཡོད། གཉིད་ལས་དཀྲོགས་བྱེད་གཅིག་པུ་ནི་རང་རེ་བོད་པ་སྐྱ་སེར་ཚངས་མས་མནའ་དེང་གྱི་ཤེས་ཡོན་ཡ་མ་བྲལ་བར་སློབ་སྦྱོང་བྱེད་རྒྱུ་ཁོ་ནར་མཐོང་། སློབ་སྦྱོང་ནི་དགོས་འདོད་འབྱུང་བའི་ནོར་བུ་ཆེན་པོ་ཡིན། མདོ་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་པ་བཞིན་དང་། དེང་སང་འཛམ་གླིང་གང་སར་རྒྱལ་ཁབ་གཞུང་དང་སྒེར་ཚང་མས་ཤེས་ཡོན་ལ་གལ་ཆེན་བཟུང་ནས་དཔལ་འབྱོར་དང་དུས་ཚོད་ནུས་པ་མང་པོ་སློབ་གྲྭ་དང་སློབ་སྦྱོང་ལ་གཏོང་བཞིན་ཡོད། ལང་ཀའི་མི་རྣམས་ཀྱིས། ཀྱི་རྒྱལ་ཁབ་ནི་ཧ་ཅང་ཡར་རྒྱས་ཅན་གྱི་ལུང་པ་མ་ཡིན་ཀྱང་མི་ཚང་མ་ལ་གཞི་རྩའི་ཤེས་ཡོན་དང་འཕྲོད་བསྟེན་ཆ་རྐྱེན་ཡོད་། ཁོར་ཡུག་ནི་སངས་རྒྱས་ཆོས་ལུགས་ཀྱི་གོམས་སྲོལ་བཟང་པོ་ཡོད་པས་དེ་ནི་ངེད་རྣམས་ཀྱི་ང་རྒྱལ་དང་སྤོབས་པ་ཡིན་ཞེས་བཤད། དེ་བཞིན་ང་རང་ཚོའི་རོང་འབྲོག་སོགས་གྲོང་དང་གྲོང་ཁྱེར་གང་ལ་ཡོད་ཀྱང་བྱིས་པ་ཐམས་ཅད་ལ་གཞི་རྩའི་སློབ་སྦྱོང་ཐོབ་དགོས། ད་ལྟ་རང་རེ་ཕལ་མོ་ཆེ་ཡིག་རྨོངས་ཡིན། དེ་བཞིན་རང་རེ་དགོན་པ་རྣམས་ནས་ཀྱང་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་བཞེངས་རྒྱུ་གཙོ་བོ་མི་བྱེད་པར་དགེ་འདུན་པ་མཐོ་བླ་སྤྲུལ་དང་དམའ་གྲྭ་པ་དཀྱུས་མ་ཡན་ནས་ནང་ཆོས་གཙོར་བྱས་པའི་རིག་གནས་དང་དེང་དུས་ཀྱི་སྤྱི་ཚོགས་དང་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་དགོས། མ་འོངས་པར་དགོན་པ་ཞེས་པ་ནི་ཆོས་སློབ་སྦྱོང་དང་ཉམས་ལེན་བྱེད་སའི་སློབ་གྲྭའི་རྭ་བ་དང་། བཀའ་བསྟན་འགྱུར་སོགས་ཆོས་ཀྱི་དཔེ་ཆ་རྣམས་ནི་ཆོས་བརྩེགས་དང་ཞབས་རིམ་གྱི་ཞལ་འདོན་ཁོ་ན་མ་ཡིན་པར་སློབ་ཚན་གྱི་སློབ་དེབ་ལ་འགྱུར་བ་དང་། ཆོས་ནི་སློབ་གསོའི་ངོ་བོར་ཤེས་དགོས། རང་རེའི་དམ་པ་གོང་མ་རྣམས་ཀྱིས་ཀྱང་དེ་ལྟར་གསུངས། ཐེ་ཝན་གྱི་དག་ཞིང་ཆོས་བརྒྱུད་ཀྱི་སློབ་དཔོན་ཆེན་པོ་ཅིན་ཁུང་ནས་ཀྱང་། སངས་རྒྱས་ཀྱི་ཆོས་ནི་ཆོས་ལུགས་མ་ཡིན་པར་སློབ་གསོ་རེད་ཅེས་གསུངས། སྤྱིར་དུས་མཆོད་དང་སྒྲུབ་ཆེན་། རྔ་རྡུང་རོལ་གསུམ། གཏོར་བརྒྱག་དང་གར་འཆམས། ལྷ་བསྒོམ་སྔགས་བཟླས། གནས་བསྐོར་ཇོ་མཇལ་སོགས་བཟང་ཡང་། ཐེག་པ་ཆེན་པོའི་ཉམས་ལེན་གཙོ་བོ་གཞན་ལ་ཕན་པའི་ཆོས་དང་ནོར་སོགས་ཀྱི་སྦྱིན་པ་དང་། རང་རྒྱུད་ཀྱི་ངན་སྤྱོད་བསྡོམ་པའི་ཚུལ་ཁྲིམས་སོགས་ཕར་ཕྱིན་དྲུག་དང་བྱམས་པ་དང་སྙིང་རྗེའི་ལྟ་སྤྱོད་རྣམས་ལ་སློབ་སྦྱོང་དང་ལག་ལེན་གཙོ་བོར་བྱེད་དགོས། མི་སྐྱ་རྣམས་ནས་ཀྱང་གསེར་དངུལ་དང་གཟི་བྱུར་སོགས་རྒྱན་ཆ་གསོག་འཇོག་དང་། ཁང་པ་དང་རླངས་འཁོར་སོགས་བག་མེད་ཀྱི་འཚོ་བ་རྒྱས་སྤྲོས་མི་བྱེད་པར་དཔལ་འབྱོར་དང་དུས་ཚོད་ནུས་པ་རྣམས་བྱིས་པ་སློབ་སྦྱོང་ཆེད་གཏོང་དགོས། རང་རེས་ཡར་རྒྱས་དང་བདེ་སྐྱིད་ནི་གནམ་ནས་དཀོན་མཆོག་གི་གནང་ཐབས་མེད་ལ་ས་ནས་གཞན་གྱིས་རྔན་པ་ཡང་སྤྲད་ཐབས་དེ་བས་མེད། ཚད་མའི་སྐྱེས་བུ་དམ་པ་སྟོན་པ་ཐུགས་རྗེ་ཅན་གྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་ཏུ་འགྱུར་། །ཅེས་གསུངས་པ་ལྟར་རོ། །
ལར་བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་ཟེར་བའི་དཔེ་བཞིན་རང་རེ་བོད་པ་རྣམས་ནི་རང་ལ་རང་ཡིད་ཆེས་པ་དང་རེ་བ་ཐམས་ཅད་རང་ལ་བཅོལ་བའི་སྤོབས་པ་ཆུང་བ་དང་། ཡ་ཀིའི་ལྷས་སྐྱོབ་འགྲོ། མ་ཀིའི་དཔོན་གྱིས་འདྲེན་འགྲོ། ཕ་ཀིའི་གྲོགས་ཀྱིས་ཕན་ཡོང་སྙམ་པའི་སྒྱིད་ལུག་དང་བག་འཁུམ། གཞན་རྟེན་གྱི་གོམས་གཤིས་ངན་པ་འདིས་རྟག་ཏུ་ཕུང་བཞིན་ཡོད། ངས་ངོ་ཤེས་པའི་ཐེ་ཝན་གྱི་དགེ་བསྙེན་མ་ཞིག་ནས་མོ་རང་གི་བུ་མོ་ལ་བསླབ་བྱ་བཤད་པ། བུ་མོ་ཁྱོད་རང་ད་ལྟ་སློབ་སྦྱོང་ལ་ཤུགས་རྒྱག་རྒྱུ་དང་ཤེས་བྱ་སྣ་མང་སྦྱངས་ནས་མ་འོངས་པར་རང་གི་རྐང་པའི་སྟེང་རང་ལངས་ཐུབ་པ་བྱེད་དགོས། ནམ་ཡང་ཁྱོ་ག་ལ་ཡིད་ཆེས་བྱེད་མི་ཐུབ། གཞན་རྟེན་གྱི་ཡིད་ཆེས་དེ་བས་བྱ་མི་རུང་ཞེས་ཐོས་པས་དང་པོར་རང་རེའི་ལྟ་སྤྱོད་དང་མི་མཐུན་པ་དང་། མོ་རང་གི་ཁྱོ་གས་གང་འདྲ་བསམ་ཡོང་སྙམ་ནས་ཅུང་ཚོར་བ་མ་བདེ་ཡང་། དཔྱད་ན་མི་ཡི་སྤོབས་པ་དང་སེམས་ཤུགས་བསྐྲུན་པ་ལ་འདི་ལྟ་བུ་སློབ་གསོ་དགོས་པར་སྣང་། མོའི་ཁྱོ་གས་ཀྱང་བདེན་པའི་རྣམ་འགྱུར་བསྟན་ནས་རྒྱབ་སྐྱོར་བྱས་སོང་། ཡང་རང་རེ་རྣམས་ནས་ཤིན་ཏུ་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་ནི། དྲིན་ཤེས་པ། དྲིན་དྲན་པ། དྲིན་བཟོ་བ་རྣམས་ཡིན། ལར་བོད་པ་རྣམས་ནི་དྲིན་ཚོར་བཀའ་ལ་བརྗེད་སླ་བའི་མི་རིགས་ཤིག་ཡིན་ཤས་ཆེ། དཔེར་ན། སྔོན་གྱི་ཆོས་རྒྱལ་དང་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་རྗེས་དྲན་སྲུང་བརྩི་དང་རྗེས་དྲན་རྟེན་སོགས་ཧ་ཅང་ཉུང་། ཡང་གཞན་ཞིག་ནི། རི་བོ་གྲུ་འཛིན་ཡང་ཡིན་ངེས་ཀྱི་ངེས་པ་མ་རྙེད། རྒྱ་ཡི་ལོ་ཙཱ་བ་འགས་རི་བོ་མ་ལ་ཡི་ཉེ་འགྲམ་གྱི་རི་གཟར་ལ་བགྲོད་དཀའ་བ་རི་རྩེ་ལ་འཚེའུ་དང་ལྷ་ཁང་ཡོད་པར་བཤད། ནཱ་ག་ཏིས་པ་ནི་མཚོ་དཀྱིལ་ཀྱི་གླིང་ཕྲན་ཆུང་ཆུང་དང་དེ་ཡང་རི་མེད་པའི་ཐང་ཞིག་འདུག
དེ་ལས་ཐག་མི་རིང་བ་ཞིག་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མོ་སངྒཱ་མིས་ཏས Sanghamitta བྱང་ཆུབ་ལྗོན་ཤིང་ལངྐར་གདན་དྲངས་པ་དང་། གནས་མཆོག་རྡོ་རྗེ་གདན་ནས་བྱང་ཆུབ་ལྗོན་ཤིང་མེར་ཚིག་རྗེས་འཕགས་ཡུལ་ལ་སླར་ཡང་བྱང་ཆུབ་ལྗོན་ཤིང་གདན་དྲངས་པའི་གྲུ་ཡི་འབབ་ཚུགས་ཀྱི་མཚོ་ཁ་འདུག དེར་སོང་ནས་སྨོན་ལམ་རེ་བཏོན།
རི་བོ་མ་ལ་ཡ་གནམ་ལྕགས་འབར་བ།

རི་བོ་མ་ལ་ཡ་ནི། ་རེའི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་ཞེས་པ་དེ་ཡིན་པར་དམ་པ་མང་པོས་གསུངས། རིག་འཛིན་རྒྱལ་པོ་ཀུ་མ་རཱ་ཛས་གསང་བསྔགས་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་ཞུས་པས་སྟོན་པ་མྱ་ངན་ལས་འདའ་ཁར་ལུང་བསྟན་པ་བཞིན། དཔལ་ཕྱག་ན་རྡོ་རྗེས་ཞབས་ཀྱིས་བཅགས། རིགས་ཅན་དྲྭ་མ་རྣམ་ལྔ་ལ་གསང་སྔགས་ནང་རྒྱུད་གསུངས་པར་གྲགས་པའི་གནས་སུ་ངེས་། རང་རེ་བོད་པས་ཁ་ཏོན་བྱེད་བཞིན་ཁ་ལ་བྱང་བྱང་དུ་ཡོད་པའི་གུ་རུ་རིན་པོ་ཆེའི་གསོལ་འདེབས་ལེའུ་བདུན་མ་ལས། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེཿ །བདུད་པོ་མ་ཏྲ་རུ་ཊ་དྲག་པོས་བསྒྲལཿ ཞེས་པ་དང་། གསང་སྔགས་བསྟན་པ་དང་པོ་དེ་ནས་དརཿ གསུངས་པ་བཞིན་དཔལ་གསང་བའི་བདག་པོ་དང་ཁྲོ་བོ་རྟ་མཆོག་འབར་བ་སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་གསུངས་པའི་གནས་སུ་དམ་པ་མང་པོས་ངོས་འཛིན་གནང་། རི་བོ་ཤིན་ཏུ་མཐོ་ལ་བགྲོད་དཀའ་བས་ངེད་རྣམས་མཚན་གང་ལ་འཛེགས། ཆུ་ཚོད་བདུན་ལྷག་ཙམ་འགོར་། རི་རྩེར་སྟོན་པའི་ཞབས་རྗེས་ཤིག་མཇལ་རྒྱུ་འདུག ལྟད་མོ་ཡང་ངོ་མཚར་བ་མཆིས། དཔྱོད་ལྡན་ཁ་ཅིག་ནས་རི་འདི་ཟངས་མདོ་དཔལ་རི་དང་གླིང་འདི་རྔ་ཡབ་སྲིན་པོའི་གླིང་ལ་བཞེད། ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས། །གསུངས་པ་ལྟར་རི་ཡི་དབྱིབས་གཟུགས་ནི་སྙིང་གྱེན་ལ་བསླངས་པ་འདྲ་བ་ཁ་མདོག་བྲག་རྡོ་དམར་ཟིང་ངེ་བ་འདུག ཡང་གཏེར་ཆོས་འགའ་ལས། ཡུལ་གྱི་མིང་ནི་ལངྐའི་ཡུལ། །གནས་ཀྱི་མིང་ནི་དཔལ་གྱི་རི་། །གསུངས་པ་ལྟར་ཁོང་རྣམས་ནས་ལུང་པ་འདིའི་མིང་ལ་ལངྐཱའི་ཡུལ་ཞེས་འབོད་། ད་ལྟ་ཡང་ཁོང་རྣམས་ནས་ཕན་ཚུན་སྐད་ཆ་བཤད་སྐབས་ལངྐཱ་ལངྐ་ཞེས་པ་ལས་ཤྲཱི་ལངྐ་ཞེས་བརྗོད་པ་ཉུང་། ལངྐའི་ཡུལ་ཞེས་པའི་དོན་ནི་སྲིན་པོའི་ཡུལ་ཞེས་པའི་དོན་ཡིན། ཕྱོགས་ཀྱང་རྒྱ་གར་ཡུལ་དབུས་ཀྱི་ལྷོ་ནུབ་མཚམས་ལ་ཡོད། དགེ་ཆོས་ཀྱི་གསུངས་ལས་རྒྱ་གར་ལ་ཁོང་རྣམས་ནས་འཛམ་བུ་གླིང་ཞེས་འབོད་པར་གསུངས། དེ་ལྟ་ན་ལང་ཀ་འཛམ་བུ་གླིང་གི་གླིང་གཡོགས་རྔ་ཡབ་གླིང་ཡིན་ལས་ཆེ། སྐབས་རེར་ཟངས་གླིང་དུ་ཡང་བཤད། ཟངས་གླིང་ནི་ཁོང་རྣམས་ནས་ཟངས་མདོག་གི་གླིང་ཞེས་འབོད། Copper color island དབྱིན་ཡིག་ནང་ཁོང་རྣམས་ཀྱི་ལོ་རྒྱུས་ལས་དེ་ལྟར་བྲིས་ཡོད། ངེད་རྣམས་བོད་ཟླ་གསུམ་པའི་ཚེས་བཅུ་ལ་འབྱོར་། རིག་སྔགས་འཛིན་པ་ཆེན་པོ་འོད་གསལ་རྡོ་རྗེ་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་དགྱེས། རྟེན་འབྲེལ་བཟང་བར་གསུངས། ལྷོ་ནུབ་རྔ་ཡབ་སྲིན་ཡུལ་ཟངས་མདོག་དཔལ་གྱི་རི་བོ་ཅེས་མིང་སྒྲ་ཚང་མ་མཐུན། ཟངས་མདོག་དཔལ་རི་ཡིན་ན་ཞིང་ཁམས་ཀྱི་བཀོད་པ་དང་གུ་རུ་རིན་པོ་ཆེ་སོགས་མཇལ་བར་ཐལ་བའི་སྐྱོན་གང་ཡང་མེད་། ལས་དག་པ་ལ་མཇལ་དུ་རུང་བ་དང་། ལས་སྣང་བསམ་གྱིས་མི་ཁྱབ་པས་མཐའ་གཅིག་ཏུ་འདིའོ་ཅེས་བརྗོད་དཀའ། གནས་ལ་ཡང་མཚོན་བྱ་མཚོན་བྱེད་དང་དྲང་ངེས་སོགས་སྣ་ཚོགས་ཡོད་པ་ཡང་ཤེས་པར་བྱའོ།།
འཕགས་ཡུལ་གྱི་གནས་བྱ་རྒོད་སྤུངས་རི་ལ་སྟོན་པ་ད་ལྟ་ཡང་བཞུགས་ནས་ཤེར་ཕྱིན་གྱི་མདོ་གསུངས་བར་ལུང་ལས་གསལ་ཡང་ཐམས་ཅད་ཀྱིས་མཇལ་བར་མི་ངེས་པ་བཞིན་ནོ།། ད་དུང་རང་རེའི་མགོན་པོའི་རྒྱུད་དང་བསྟོད་ཚོགས་རྣམས་ནས་། མགོན་པོ་ནག་པོ་ཆེན་པོས་ལང་ཀའི་གྲོང་ཁྱེར་སུམ་བརྩེགས་འཇོམས་ཚུལ་སོགས་གསུངས་པ་ཡང་ཤྲི་ལང་ཀའི་ཡུལ་ལ་ངོས་འཛིན་པ་ལས་གཞན་སྙེད་པར་དཀའ། དེས་ན་ངོ་མཚར་བ་ཤིག་ལ་བོད་ཀྱི་གསང་བ་ཐམས་ཅད་རྒྱ་གར་ལ་ཐུག རྒྱ་གར་གྱི་གསང་བ་ལང་ཀའི་ཡུལ་ལ་ཐུག ལང་ཀའི་གསང་བ་ནི་གསང་བ་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་བསམ་བརྗོད་དང་བྲལ་བ་ལས་མ་འདས། ཁོང་རྣམས་ཀྱི་ལོ་རྒྱུས་ནང་སྔོན་གསང་སྔགས་བསྟན་པ་དར་བར་བཤད། ཡང་གནས་འདི་སྲིན་ཡུལ་ལ་ངོས་འཛིན་པ་ནི་མནའ་བོའི་རྒྱ་གར་གྱི་སྒྲུང་རཱ་མ་ནའི་གཏམ་བརྒྱུད་དུ་ཡང་ཤིན་ཏུ་གསལ། ཧཱནུམནྠས་སྤྲེལ་དམག་ཁྲིད་ནས་རྒྱ་གར་ལྷོ་རྒྱ་མཚོ་རྡོ་ཟམ་ལ་བརྟེན་ནས་བརྒལ། སྲིན་པོ་ལངྐ་མགྲིན་བཅུ་བསད་པའི་ལོ་རྒྱུས་བཤད་པ་ལྟར་རོ། །
རང་རེའི་གསང་སྔགས་རྒྱུད་འགར་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་དཔལ་རྟ་མགྲིན་གྱིས་རུ་ཊ་ཐར་པ་ནག་པོ་བསྒྲལ་ནས་རུ་ཊའི་ཆས་རྣམས་དཔའ་ཆས་སུ་བཞེས་པས་ཕྱིས་ཁྲོ་བོ་ཡོངས་ཀྱི་ན་བཟའ་དང་རྒྱན་ཆས་སུ་གྱུར། དེའི་ཕྱིར་དཔལ་ཆེན་པོའི་ཆས་བཅུ་བྱུང་བའི་ལོ་རྒྱུས་ཕལ་ཆེར་སེང་ག་ལའི་གླིང་ལ་ཐུག་པར་སེམས། སྔོན་སེང་ག་ལའི་གླིང་ལ་གསང་སྔགས་བསྟན་པ་དར་བ་བཤད་བཞིན་འདུག ཡུལ་ནི་བསིལ་དྲོད་སྙོམས་ཤིང་དབྱར་དགུན་ཁྱད་པར་ཆེན་པོ་མེད། དགེ་ཆོས་ཀྱིས་གསུངས་པ་བཞིན་ལྗོན་ཤིང་དང་ནགས་ཚལ་འཐུག་པས་རྒྱང་ནས་བལྟས་ན་རྒྱ་མཚོ་ཆེན་པོ་དང་འདྲ་བར་ལྗང་མེར་རེ་ཡོད་གསུངས་པ་བཞིན་འདུག རང་བྱུང་གི་སྐྱིད་ཚལ་དང་ཁོར་ཡུག་ལྗོན་ཤིང་ལ་གཅེས་སྤྲས་ཆེ། ལམ་དང་ཁང་པ་སོགས་འཛུགས་སྐྲུན་ལ་ཁེལ་ནས་ལྗོན་ཤིང་གཅོད་དགོས་བྱུང་ན་མར་ཤིང་གཅིག་བཅད་ན་ཡར་གཅིག་འཛུགས་པར་བཤད།
སངས་རྒྱས་འཁྲུངས་སྐར་ལ་མཐོ་སྲིད་འཛིན་དང་དགེ་འདུན་པ་གཙོས་མི་མང་པོས་ལྗོན་ཤིང་བཙུགས་ནས་འཁྲུངས་སྐར་རྗེས་དྲན་བྱེད་བཞིན་འདུག དགེ་སློང་ཞིག་གིས་ང་ལ་འདི་ལྟར་གསུངས། སངས་རྒྱས་ནི་རང་བྱུང་ཁམས་དང་ལྷག་པར་ལྗོན་ཤིང་ལ་ཐུགས་དགྱེས། ལྗོན་ཤིང་འཛུགས་པ་ནི་སངས་རྒྱས་ལ་མཆོད་པ་མཆོག་ཏུ་འགྱུར་བར་བཤད། དེ་ཉིད་བདེན་པར་ཡང་སེམས་ཏེ། སྟོན་པ་ཤཱཀྱ་སེང་གེ་དང་པོ་ལུམྦུའི་ཚལ་ལྗོན་ཤིང་པཀྴིའི་འོག་ལ་སྐུ་འཁྲུངས། བར་ཏུ་རྡོ་རྗེ་གདན་བྱང་ཆུབ་ལྗོན་པའི་དྲུང་ལ་མངོན་པར་སངས་རྒྱས། མཐར་རྩ་མཆོག་གྲོང་སཱ་ལི་ལྗོན་པའི་འོག་སྐུ་མྱ་ངན་ལས་འདས། དུས་རྒྱུན་ཆོས་གསུངས་པ་དང་སྒོམ་གནང་བ་ཁམས་སངས་ལ་ཕེབས་པ་ཕལ་ཆེར་ལྗོན་ཤིང་ཁྲོད་གནང་། དེའི་ཕྱིར་རང་རེ་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འབྲངས་པ་རྣམས་ནས་ཀྱང་རང་བྱུང་ཁོར་ཡུག་དང་ལྗོན་ཤིང་ལ་ཤིན་ཏུ་གཅེས་སྤྲས་བྱེད་པར་རིགས་སོ། །
མི་གྲངས་ཁྲི་གཅིག་སྟོང་དགུ་བརྒྱ་ལྷག་ཡོད་། དེས་ནང་དགེ་འདུན་པ་ཁྲི་གསུམ་བཞི་ཡར་མར་ཡོད་སྐད། དེ་ལ་རིགས་གཉིས་ཏེ་གཅིག་ནི་རི་ཡི་སུལ་དང་ནགས་ཀྱི་ཁྲོད་ལ་བཞུགས་ནས་ཏིང་ངེ་འཛིན་སྒོམ་པ་གཙོ་བོར་མཛད། གཞན་ནི་གྲོང་དང་གྲོང་ཁྱེར་དང་ཉེ་བའི་དགོན་པར་བཞུགས་ནས་མི་མང་རྣམས་ལ་ཆོས་འཆད་སྤེལ་དང་སྤྱི་ཚོགས་ཞབས་ཞུ་སོགས་དགེ་ལས་སྣ་ཚོགས་གནང་། དགོན་པ་ཕལ་མོ་ཆེས་དྭ་ཕྲུག་དང་དྭ་ཕྲུག་མ་ཡིན་པའི་སློབ་གྲྭ་དང་རྒན་གསོ་དང་སྨན་ཁང་སོགས་མི་མང་ལ་ཕན་པའི་ཕྱག་ལས་སྣ་མང་གནང་། དགེ་སློང་གཞན་ཞིག་ནས་རྒྱལ་སྤྱིའི་ནང་པའི་སློབ་གྲྭ་ཆེན་མོ་ཤིག་འཆར་འགོད་བྱེད་བཞིན་འདུག སློབ་གྲྭ་འཛུགས་པའི་དགོས་པ་ཁོང་གིས་བསྟན་པ་སྤེལ་བ་ལ་ཆེད་མཁས་མི་སྣ་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་པར་གསུངས། བཟའ་ཉི་མ་ལ་རྟག་པར་བྱིས་པ་སློབ་ཆུང་ནས་མཐོ་འབྲིང་འཛིན་རིམ་བཅུ་གཉིས་བར་དགོན་པ་ལ་འགྲོ་ནས་ཆོས་སློབ་པ་དང་མདོ་འདོན་པ། ཡ་རབས་སྤྱོད་བཟང་གཙང་སྦྲ་འཕྲོད་བསྟེན་སོགས་སློབ་པར་མཛད་པས་ཡུལ་མི་རྣམས་དགེ་འདུན་པ་ལ་དགའ་བ་དང་དད་གུས་ཆེ་། ཆོས་ཀྱི་ཕྱོགས་ནས་དད་པ་ཙམ་མ་ཡིན་པར་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་མཁན་དུ་རྩི་ནས་དགའ་བ་དང་དྲིན་ཆེན་ལ་བཀུར་། ལང་ཀའི་ཡུལ་གྱི་མི་རྣམས་རྒྱ་གར་གྱི་གདོང་དབྱིབས་དང་ཆས་གོས་སོགས་འདྲ་ཡང་ཀུན་སྤྱོད་དང་བསམ་བློ་གཙང་སྦྲ་སོགས་ཁྱད་པར་ཧ་ཅང་ཆེ། མི་ཕལ་མོ་ཆེ་རྣམས་རྒྱུད་ཞི་ཞིང་དུལ་བ། འ་འུར་གྱི་ཀུ་ཅོ་ཉུང་བ། ཕན་ཚུན་ལ་གུས་ཞབས་ལྡན་པ། གཙང་སྦྲ་དང་ཀུན་སྤྱོད་ལེགས་པ། སེམས་རྒྱུད་སྤྲོ་བས་ཁེངས་པ། དྲང་བདེན་ལ་གཙིགས་སུ་འཛིན་པ། ཁོར་ཡུག་ལ་གཅེས་པ་སོགས་ཡ་རབས་ཀྱི་སྲོལ་མང་པོ་འདུག དེ་ནི་ནང་ཆོས་ཀྱི་སློབ་གསོ་སྤྱི་ཚོགས་ཁྲོད་ཁྱབ་ནས་མི་ཡི་སྤུས་ཚད་མཐོར་འདེགས་སོང་བ་རེད་འདུག བོད་ཀྱི་ནང་ཆོས་ཀྱིས་གང་ཟག་ཉུང་ཤས་ཚད་མཐོན་པོའི་མཁས་གྲུབ་ཀྱི་གོ་འཕང་ཐོབ་ཡོད་ཀྱང་། བོད་ཀྱི་སྤྱི་ཚོགས་ནང་སྤྱི་ཡོངས་ལ་མི་ཡི་ཆུ་ཚད་ཡར་རྒྱས་ལ་དེ་ཙམ་ནུས་པ་ཐོན་མེད། དེ་ནི་ཆོས་ཀྱི་བཟང་ངན་མ་ཡིན་པར་ཆོས་ཀྱི་ལམ་སྟོན་གྱི་ཁ་ཕྱོགས་བསྒྱུར་སྟངས་མ་འདྲ་བ་ལས་བྱུང་བར་སྙམ། དཔེར་ན་རང་རེས་བཤད་གྲྭ་ཁག་ནས་གཞུང་ཆེན་ཁག་ལ་མི་ལོ་བཅུ་ཕྲག་མང་པོ་སྦྱངས་ནས་རིག་པའི་དགག་སྒྲུབ་མང་པོ་བྱས་ཀྱང་དེ་དག་གཙོ་བོ་སྔར་རྒྱ་གར་གྱི་མཁས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་དུས་རབས་བཅུ་པའི་ཡར་མར་ནས་བྱུང་བའི་སྔོན་གྱི་རྒྱ་གར་གྱི་ཕྱི་ནང་གི་ཆོས་ལུགས་དང་གྲུབ་མཐའ་དང་སྤྱི་ཚོགས་ལ་རིག་པས་དགག་སྒྲུབ་བྱས་པ་ལས་དུས་རབས་ཉི་ཤུ་པའི་ཡར་མར་གྱི་དེང་དུས་ཀྱི་སྤྱི་ཚོགས་དང་ལྷག་ཏུ་བོད་ཀྱི་ནང་ཆོས་དང་རིག་གཞུང་སྤྱི་ཚོགས་ཀྱི་འདས་མ་འོངས་ལ་དེ་ཙམ་རིགས་པས་དཔྱད་པ་དང་སློབ་སྦྱོང་བྱས་མེད། ཅུང་ཟད་ཡོད་པ་རྣམས་ཀྱང་བོད་སྔ་ཕྱིའི་ཚད་མ་དང་དབུ་མའི་ལྟ་གྲུབ་ཀྱི་བཞེད་མཚམས་དང་མཁས་པ་རྣམས་ཀྱི་འདོད་ཚུལ་འདྲ་མིན་དཔྱད་ནས་ཕལ་ཆེར་དུས་ཚོད་རྫོགས་ཡོད། དེ་ནི་དེང་སང་ཞིབ་འཇུག་སྡེ་ཚན་གྱི་ཁོངས་སུ་གཏོགས་པ་ལས་ལག་ལེན་དང་སློབ་སྦྱོང་གི་སྡེ་ཚན་དུ་མི་གཏོགས། མ་འོངས་པར་རང་རེའི་བཤད་གྲྭ་ཁག་ཞིབ་འཇུག་བྱ་ཡུལ་དང་ཁྱད་ལས་མཁན་གསོ་སྐྱོང་བྱེད་ཡུལ་ཙམ་མ་ཡིན་པར་ནང་ཆོས་སློབ་སྦྱོང་བྱེད་ཡུལ་གྱི་ཐུན་མོང་གི་ནང་བསྟན་གྱི་སློབ་གྲྭའི་ངོ་བོར་འགྱུར་དགོས། བཤད་གྲྭ་བ་ཞེས་དགེ་འདུན་པ་འགས་སློབ་སྦྱོང་བྱེད་པ་ཙམ་མ་ཡིན་པར་གྲྭ་བཙུན་ཚང་མ་བཤད་གྲྭར་སོང་ནས་སློབ་སྦྱོང་བྱེད་དགོས། དཔེར་ན་ཡར་ཐོན་ཅན་གྱི་ལུང་པར་བྱིས་པ་ཚང་མ་སློབ་གྲྭ་ལ་འགྲོ་དགོས་པ་བཞིན་འགྱུར་དགོས། དེ་བཞིན་རང་རེ་བོད་ཀྱི་བླ་གྲྭ་རྣམས་ནས་ཀྱང་དགོན་པའི་ནང་། ཆོས་ཀྱི་བྱ་བ་ཁོ་ན་མ་ཡིན་པར་ཕྱི་རོལ་ཏུ་སོང་ནས་སྤྱི་ཚོགས་ལ་ཕན་པའི་བྱ་བ་རེ་མ་སྒྲུབ་ན་བོད་ཀྱི་བླ་གྲྭ་དང་མི་མང་བར་ཁ་ཐག་ཇེ་རིང་དང་ཇེ་རིང་དུ་འགྲོ་བཞིན་པ་ཧ་ཅང་གསལ། དེང་སང་བོད་པ་གཞོན་སྐྱེས་མང་པོས་གྲྭ་པ་ནི་སྤྱི་ཚོགས་ཀྱི་ཁུར་པོ་དང་། བླ་སྤྲུལ་རྣམས་ནི་སྤྱི་ཚོགས་ཀྱི་བཤུ་བཞོག་མཁན་རེད་ཅེས་སྔོན་མི་ཡིས་ཤོད་ཅེས་བཙན་ཤེད་ཀྱིས་བཤད་པ་རྣམས། ད་ལྟ་རང་འགུལ་གྱིས་བཤད་མཁན་དང་བསམ་མཁན་མང་རུ་འགྲོ་བ་དང་། ཡང་ཁམས་ཕྱོགས་ནས་བགྲོ་གླེང་ཞིག་གི་སྟེང་བོད་ཀྱི་དགོན་པས་བོད་ཀྱི་སྤྱི་ཚོགས་ལ་ཕན་གནོད་གང་ཡོད་ལ་བསམ་ཚུལ་བཏོན་པར་བརྒྱ་ཆ་དྲུག་བཅུ་ལྷག་ནས་གནོད་པར་བཤད་པ་དང་སུམ་ཅུ་ལྷག་ནས་ཕན་པ་ཡོད་པར་བཤད་པ་ཐོས། དེ་ནི་རང་རེ་དགོན་སྡེ་རྣམས་ལ་ཉེན་བརྡ་ཚབ་ཆེན་ཞིག་གཏང་བ་མ་ཡིན་ནམ། ད་ནི་རྩོད་རིགས་ཀྱི་ཐལ་སྒྲ། རྩོམ་པ་པོའི་སྨྱུག་ཁ། རྟོགས་སད་པའི་འབོད་སྒྲ། ཤེས་ཡོན་པའི་སྣེ་ཁྲིད་། དགོན་སྡེ་ཡི་འདུ་འཚོགས། ཚོང་པའི་དཔལ་འབྱོར་། དབང་ཅན་གྱི་ནུས་ཤུགས་ཚང་མ་བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ལ་ཁ་ཕྱོགས་གོམ་པ་སྤོས་ནས་སྤྱི་ཚོགས་འདི་ཡར་རྒྱས་དང་འཆམ་མཐུན། སློབ་གསོ་དང་ཤེས་ཡོན་། ནང་ཆོས་ཀྱི་གོ་རྟོགས་དང་མི་རིགས་ཀྱི་ཆུ་ཚད་སོགས་ཇེ་བཟང་དང་ཇེ་ལེགས་སུ་གཏང་ནས་དཔལ་ཡོན་གཉིས་ཕྱུག་གི་མི་རིགས་ཤིག་བསྐྲུན་དགོས། མི་རིགས་ཞིག་ལ་མཚོན་ན་ཤེས་ཡོན་དང་སློབ་གསོ་མེད་ན་མ་འོངས་པར་མདུན་ལམ་གྱི་རེ་བ་ཅི་ཡང་མེད་། དེའི་ཕྱིར་རང་རེའི་ནུས་ཤུགས་སྤྱི་ཚོགས་ཀྱི་ཕན་བདེ་དང་ཤེས་ཡོན་སླ྄ོབ་གསོ་ལ་འདོན་དགོས་པར་སྙམ། སྤྱོད་འཇུག་ལས། སེམས་ཅན་འགུ་བྱ་མ་གཏོགས་པའི། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད། །ཅེས་གདམས་པ་དེ་སྙིང་གི་དཀྱིལ་ལ་འཆང་རིགས་སོ།། ལང་ཀའི་ཡུལ་འདིར་དེང་སང་གནས་བསྐོར་ལ་འགྲོ་སྐབས། མཐོང་ན་སློང་། མ་མཐོང་ན་རྐུ། ཐུབ་ན་འཕྲོག། མ་ཐུབ་ན་བཅོས་མི་འཛུམ་སྟོན་པའི་སློང་མོ་བ་ཡང་མི་འདུག མར་མེ་དང་སྤོས་སོགས་ཅ་ཁ་ཉོས་ཟེར་ནས་རྗེས་འདེད་། ཉོས་ན་གོང་སྤར།མ་ཉོས་ན་ཚིག་པ་ཟ། གཅིག་ཉོས་ན་ཡང་ཉོས་ཟེར་བ་དང་ཅ་དངོས་ཀྱི་རིན་ཐང་མི་ཡི་གདོང་པ་ལ་བལྟས་ནས་ཚོད་བྱེད་པ་སོགས་རྫུན་དང་གཡོ་རྒྱུའི་གང་བའི་ཚོང་བ་ཡང་མི་འདུག ལར་འདི་འདྲའི་རིགས་ཆོས་པ་ཞིག་གི་ངོས་ནས་བཤད་ན་ཕར་ཕྱིན་དྲུག་ཀ་ཉམས་སུ་ལེན་པའི་གོ་སྐབས་མང་བས་མཐའ་གཅིག་ཏུ་འདི་རིགས་ངན་པར་མ་ངེས་ཀྱང་འགའ་ཞིག་ལ་སུན་པོ་དང་མཐོང་སྣང་མི་ལེགས་པ་ཡང་ཡོད།
ཤྲི་ལང་ཀའི་དགེ་འདུན་པ་གྲངས་དེ་ཙམ་མི་མང་ཡང་སྤྱི་ཚོགས་ལ་ཤུགས་རྐྱེན་ཤིན་ཏུ་ཆེ་། དགེ་འདུན་པ་རྣམས་ཞོག་པ་ཆུ་ཚོད་བཞི་ཙམ་ནས་བཞེངས། རྟེན་གྱི་དྲུང་ལ་ཕྱག་དང་མཆོད་པ་ཕུལ་རྗེས་མདོ་འདོན་པ་དང་། ཏིང་ངེ་འཛིན་སྒོམ། དེ་རྗེས་དགོན་པའི་འཁོར་ཡུག་གཙང་སྦྲ་བྱས་ནས་ཞོག་ཇ་ལ་རོལ་བ་སོགས་དྭངས་བ་འདྲེན་པ་མང་པོ་མཆིས། རྟེན་ནི་དགོན་པ་རེ་ལ་སྟོན་པའི་སྐུ་དང་མཆོད་རྟེན་རེ་དང་བྱང་ཆུབ་ལྗོན་ཤིང་གསུམ་ལས་གཞན་མང་པོ་མི་འདུག ནང་པའི་མི་ཚང་རེ་ལ་སངས་རྒྱས་ཀྱི་སྐུ་རེ་མེད་ས་མེད་པར་བཤད། ང་ཡང་ཁྱིམ་ཚང་ཁ་ཤས་ལ་སོང་ནས་བལྟས་པས་དེ་བཞིན་འདུག རྒྱུན་ཏུ་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཚན་སྔགས་འདོན་པ་དང་ཕྲེང་བ་བཟུང་བ་སོགས་མཐོང་རྒྱུ་དཀོན། དགེ་འདུན་པའི་གཙོ་བོ་སངྒ་རཱ་ཛ་ཞུ་བའི་གནས་བརྟན་བགྲེས་པ་ཞིག་འདུག དེ་ལ་ཡུལ་དེས་སྐྱ་སེར་ཀུན་གྱིས་བརྩི་བཀུར་ཤིན་ཏུ་ཆེ་། མ་ཧཱ་སངྒ་གཞན་དང་རྒྱལ་ཁབ་ཀྱི་སྲིད་འཛིན་རྣམས་ནས་ཀྱང་ཞབས་ལ་སྤྱི་བོའི་བཏུད་པ་དང་། མཇལ་བའི་སྐབས་མདུན་ལ་པུས་གཙུགས་ཐལ་སྦྱར་བྱེད་བཞིན་འདུག དེ་ནི་རང་རེའི་བོད་ཀྱི་བླ་ཆེན་ཕལ་མོ་ཆེ་ནང་བཞིན་གསེར་དངུལ་སོགས་ཀྱི་ཁྲི་ཆེན་པོ་དང་། དར་གོས་ཀྱི་གདན།རིན་པོ་ཆེའི་རྒྱན་དང་། ཕྲུག་དང་རྒྱ་གསེར་སོགས་བཟང་དགུའི་ཁྲི་དང་གདུགས་ན་བཟའ་སོགས་ཧ་ཅང་རྒྱས་སྤྲོས་དང་། བླ་བྲང་ཆེན་པོ་དང་སྐུ་འཁོར་སོགས་མི་ཆེན་དང་རྒྱལ་པོའི་ལུགས་བཞིན་གང་ཡང་མ་མཆིས། བསམ་གཏན་གྱི་ཁང་བུ་སྟབས་བདེ་ཞིག་གི་ནང་དབུ་རྐྱང་ཞབས་རྗེན་དང་། ངུར་སྨྲིག་གི་ཆོས་གོས་དང་། འདོད་ཆུང་ཆོག་ཤེས་ཅན་། ཕྱག་ན་བསིབ་གཡབ་ཅིག་བསྣམས་ནས་འདུལ་འཛིན་ཆེན་པོ་ཤིག་ལོས་ཡིན་བསམ་ཤོར་བ་། སྔོན་སྟོན་པ་ཞལ་བཞུགས་སྐབས་དགེ་འདུན་པ་རྣམས་འདི་འདྲ་བ་ཞིག་ཡོད་ངེས་སྙམ་ནས་ཡུད་ཙམ་ལྷག། མཇལ་བ་ཙམ་གྱིས་དད་གུས་དང་དང་བ་འཕེལ་བ་ཞིག་བཞུགས་འདུག ངས་བོད་ཀྱི་བླ་ཆེན་རྣམས་དང་ཡང་ན་བླ་ཆེན་ག་གེ་མོ་ཞིག་ལ་མ་དད་པར་ཆེད་དུ་སྒྲོ་སྐུར་ཞུས་པ་མ་ཡིན་པར་རང་རེའི་བོད་པའི་གོམས་སྲོལ་བཤད་པ་ཡིན། ཁོང་རྣམས་ལ་བཟང་ངན་གྱི་ཞེན་ཆགས་དང་རྟོག་པ་མེད་ལས་ཆེ་བས་སྐྱོན་གྱིས་མི་གོས་པ་རེ་སྲིད་ཀྱང་། ངས་ཚུལ་མཐོང་གི་བློས་གཞལ་ནས་བཤད་པ་ཡིན། ལར་རང་རེས་སྲོལ་རྒྱུན་མང་པོར་དག་སྣང་ཁོ་ན་སྦྱང་བར་བྱ་བ་ལས། དཔྱད་ན་རྣམ་རྟོག་གི་འཆར་སྒོ་མང་པོ་ཤར་བས་རེ་ཞིག་གཏང་སྙོམས་ཆེན་པོ་ལ་གནས་པར་བྱའོ།།
གལ་ཏེ་ངན་པའི་ཚིག་ལས་བཟང་པོའི་བློ་རྙེད་ཅེས་བཤད་པ་བཞིན་བཟང་ལེན་སྐྱོན་སེལ་རེ་བྱུང་ན་དད་པ་དང་དགའ་བའི་གནས་སུ་མཆིས། འདི་ནི་བོད་ཀྱི་སྲོལ་རྒྱུན་དང་ཐོབ་ཐང་ལུགས་སྲོལ་རེད་ཅེས་ཨུ་ཚུགས་གནང་ན་ལགས་སོ་ཞུ་བ་ལས་ཅི་བྱ། ལར་ནི་རང་རེའི་རྒྱན་ཆས་མང་པོ་ཞིག་ནི་རྒྱ་ནག་དང་ཧོར་སོག་རྣམས་ཀྱི་ཆེན་པོའི་ཆས་གོས་སུ་ངེས་པ་ལས་བོད་ཀྱི་སྲོལ་དང་ལྷག་པར་རབ་ཏུ་བྱུང་བའི་ཆས་ནི་མ་ཡིན་པར་ཤེས་དགོས། ཡང་དགོད་བྲོ་བ་ཞིག་ལ།དགེ་སློང་རྣམས་ཀྱི་ན་བཟའི་མདོག་མི་འདྲ་བ་ཁ་ཤས་སེར་པོ་དང་འགའ་ནི་དམར་པོ་ཡང་འདུག་པས་ཅིའི་ཕྱིར་མི་འདྲ་བ་དྲིས་པས། མི་ཚང་གཅིག་གི་བུ་ཆེ་བ་རབ་ཏུ་བྱུང་ན་མདོག་སེར་པོ་དབང་བ་དང་། དེ་འོག་རྣམས་རབ་ཏུ་བྱུང་ན་མདོག་དམར་པོ་གོན་དགོས་ཟེར། ཡུལ་གྱི་ཁ་ཟས་ནི་མང་ཤོས་སྔོ་ཚལ་རིགས་དང་ཤིང་འབྲས་རྣམས་ཡིན་། ཁྱིམ་པ་དང་རབ་ཏུ་བྱུང་བ་ཀུན་གྱིས་ཉ་ཤ་སོགས་ཆུ་གནས་ལ་ལོངས་སྤྱོད་ཀྱང་འབུ་རིགས་སོགས་མང་པོ་མི་ཟ།
ཡང་ཉིན་ཞིག་རྒྱ་ནག་ཧང་ཀྲོས་ནས་ཡིན་པའི་རྒྱ་རིགས་ཁ་ཤས་དང་མཉམ་དུ་ཉིན་གོང་ཟ་མ་ཟོས་པས་ཁོང་རྣམས་ནི་ཤྲི་ལང་ཀར་ཚོང་ལས་གཉེར་བཞིན་ཡོད་ཟེར། ཁོང་ནས་བཤད་པ་འཛམ་གླིང་འདིའི་སྟེང་རྒྱ་རིགས་ནང་བཞིན་ལས་ལ་བརྩོན་པ་ཅན་ཧ་ཅང་ཉུང་ཟེར། དེ་ཕལ་ཆེར་བདེན་པར་གོ། རྒྱ་མི་རིགས་ནི་ལས་ལ་བརྩོན་འགྲུས་དང་སྙིང་རུས་ཆེ་ཤིང་དཔལ་འབྱོར་གསོག་སྒྲུབ་ལ་མཁས་པ་དང་། སོ་སོའི་མི་རིགས་དང་རིག་གཞུང་ལ་ཧ་ཅང་ཤ་ཞེན་ཆེ་བ་སོགས་བཟང་པོ་ཡང་མང་བས་ལེགས་ཆ་རྣམས་རང་རེ་བོད་པ་རྣམས་ཀྱིས་ཀྱང་ཁོང་རྣམས་ལ་སློབ་སྦྱོང་བྱེད་དགོས་པར་འདུག སྔོན་གདོང་དམར་བོད་པའི་རླུང་རྟ་དགུང་ལ་སྙེགས་དུས་རྒྱ་དཀར་ནག་དང་ཧོར་སོག་སོགས་ཕྱོགས་བཞིའི་ཆོས་དང་རིག་གནས་དཔལ་འབྱོར་སོགས་ལེགས་ཆ་རྣམས་ཁ་བའི་ལྗོངས་ལ་དྲངས་ནས་བོད་གངས་ཅན་པ་ཞེས་ཆོས་རིགས་དང་དཔལ་ཡོན་ཕུན་སུམ་ཚོགས་ནས་སྟོབས་ཆེན་གྱི་མི་རིགས་ཤིག་བྱུང་མྱོང་། ད་ལྟའི་ཆར་རང་རེ་བོད་པ་རྣམས་ཁ་ལས་དང་རླུང་རྟ་རྒུད་པའི་དུས། བོད་མིའི་གཞོན་སྐྱེས་ལྷག་བསམ་ཅན་མང་པོའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། ཆོས་སྤེལ་མཁན་མང་པོ་ལ་རང་རེའི་ཕ་མེས་ཀྱི་བཀའ་སྤྱད་ཀྱིས་སྒྲུབ་པའི་ཆོས་དང་རིག་གཞུང་ཕྱིར་འདྲེན་དང་ཕྱིར་བཙོང་བྱེད་པ་ལས་རིག་གཞུང་ནང་འདྲེན་མི་འདུག་ཟེར་ནས་འཁངས་ར་བྱེད་བཞིན་པ་ཐོས། དེ་ནི་སྤྱིར་གཞན་ལ་ཆོས་སྤེལ་བ་དང་རིག་གནས་ཀྱི་ལེགས་སྐྱེས་འབུལ་བ་ཤིན་ཏུ་བཟང་ཡང་། རང་རེ་ཉམ་ཐག་པའི་མི་རིགས་འདི་ཡི་ལས་དབང་ལ་ཡང་གཞིགས་ནས། མཁྱེན་སྤྱན་ཡངས་པའི་ལོ་ཙཱ་བ་དང་ཆོས་སྨྲ་བ་རྣམས་ནས་ཀྱང་ཤར་ནུབ་ཀྱི་ཚན་རིག་དང་དཔལ་འབྱོར་རིག་པ། ལོ་རྒྱུས་དང་སྤྱི་ཚོགས་རིག་པ་སོགས་རིག་གཞུང་གང་མང་བོད་བསྒྱུར་གནང་ནས་རང་རེ་གངས་ཅན་པའི་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་སུ་ཕུལ་ན་ཅི་འདྲའི་བྱས་རྗེས་མི་ཆེའམ། དེ་ནི་དངོས་གནས་གཟི་བརྗིད་ཅན་གྱི་བྱ་བ་ཤིག་རེད་ལ་བྱམས་པ་དང་སྙིང་རྗེའི་བྱ་སྤྱོད་ཅིག་ཀྱང་ཅིའི་ཕྱིར་མིན།

ཡང་ཆེས་ཟབ་པའི་ཚོར་བ་ཞིག་ནི། གན
མ་ཐང་ནས་ཕྱིར་ཐོན་སའི་སྒོ་ཆེན་ལ་སྟོན་པའི་སྐུ་ཤིག་བཞེངས་འདུག དེ་ཡང་མཛེས་རྒྱན་གྱི་ཆེད་ཙམ་མ་ཡིན་པར་ཉིན་བཞིན་མཆོད་པ་འབུལ་བ་དང་། ཡུལ་གང་ལ་སོང་ཡང་ལམ་གྱི་མདོ་དང་ལམ་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་དང་བྱང་ཆུབ་ལྗོན་ཤིང་བཅས་འདུག དེ་ལ་ཡང་རྟག་པར་མེ་ཏོག་དང་ཆུ་སོགས་མཆོད་པ་འབུལ་བ་དང་ཕྱག་མཆོད་བྱེད་པ་མཐོང་རྒྱུ་འདུག སྐུ་རྣམས་ལ་ཉིན་བཞིན་མཆོད་པ་འབུལ་བ་དང་དེ་ཡང་སངས་རྒྱས་དངོས་བཞུགས་པར་མོས་ནས་མཆོད་པ་འབུལ་བ་དང་། དཔེར་ན་རང་རེས་ནང་ལ་དགེ་འདུན་པ་བཞུགས་པ་ལ་སྔ་གྲོ་དང་ཉིན་གུང་ཞལ་ཟས་འབུལ་བ་བཞིན་འདུག སྔོན་དགེ་འདུན་ཆོས་འཕེལ་ནས་བུད་མེད་ཀྱིས་སངས་རྒྱས་ཀྱི་སྐུ་ལ་མི་རེག་པ་དང་། དགེ་ཚུལ་སངས་རྒྱས་ཀྱི་སྐུ་མདུན་མི་ཉལ་བ་དང་། ཕྱི་དྲོ་སངས་རྒྱས་ལ་མཆོད་པ་མི་འབུལ་བ་སོགས་དམ་ཆོས་འདུལ་བའི་སྤྱོད་པ་དང་མཐུན་པ་མང་པོ་ཡོད་པར་གསུངས། ཁོང་རྣམས་ཀྱི་ཉམས་ལེན་གཙོ་བོ་ཚུལ་ཁྲིམས་བསྲུང་བ་དང་། ཏིང་ངེ་འཛིན་བསྒོམ་པ་དང་། སྦྱིན་པ་གཏོང་བ་དེ་གསུམ་གཙོ་བོ་ཡིན་ཞེས་བཤད་བཞིན་འདུག སྤྱིར་སངས་རྒྱས་བསྟན་པའི་རྩ་བ་ནི་ལུང་རྟོགས་གཉིས་སུ་ངེས་པ་དང་། ལུང་སྡེ་སྣོད་གསུམ་ཞེས་འདུལ་བ། མདོ་སྡེ། མངོན་པ་གསུམ་ལ་སློབ་སྦྱོང་བྱེད་པ་དང་། ལམ་བསླབ་པ་གསུམ་ཞེས་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་གསུམ་ལ་ཉམས་ལེན་དགོས་ཀྱང་རང་རེ་མང་པོ་ཤིག་ནི་རྩ་བ་བོར་ནས་ཡལ་ག་ལ་འཐམ་ཡོད། ཐེངས་འདིའི་ལྗོངས་རྒྱུ་དེས་དུས་ཀྱི་མཐའ་ཡང་སངས་རྒྱས་ཀྱི་བསྟན་པ་འདི་འདྲ་གནས་འདུག་བསམས་ནས་ཉིན་ཤས་རིང་སེམས་ནང་ལ་སྤྲོ་ལྷང་ངེར་གནས་པ་ཞིག་བྱུང་སོང་། རེ་ཞིག་འདི་ནས་མཚམས་འཇོགས་བྱེད་རྒྱུ་ཡིན། ཞིབ་ཕྲ་ནི་མཁས་པའི་དབང་པོ་དགེ་ཆོས་ལགས་ཀྱི་སེང་ག་ལའི་གླིང་གི་ལམ་ཡིག་ལས་གསལ་བས་དཔྱོད་ལྡན་རྣམས་ནས་སྤྱན་རས་དེར་གཡོ་བར་ཞུ།
དུས་མཐའི་དགེ་སྦྱོང་གི་གཟུགས་བརྙན་ཙམ་འཆང་བ་མཁན་པོ་ཚུལ་རྣམ་སུ་འབོད་པས་སེང་ག་ལའི་གླིང་ནས་བྲིས།།

0 comments:

ཟིན་བྲིས་འཚོལ་ཡུལ