དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 18 August 2012
༄༅། །སྔགས་ཆེན་རྡོ་རྗེ་འཆང་གི་མཛད་པའི་རྣམ་ཐར་རྗེས་སུ་དྲན་པའི་གདུང་དབྱངས་
དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །


༄༅། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་ཐུགས། །
རྒྱལ་ཀུན་ཡེ་ཤེས་རང་གཟུགས་མཁྱེན་པའི་གཏེར། །
རྒྱལ་ཀུན་མཐུ་སྟོབས་རང་གཟུགས་གསང་བའི་བདག །
རིགས་གསུམ་མགོན་པོའི་བདག་ཉིད་ཞབས་ལ་འདུད། །
མདོ་སྔགས་རིག་གནས་དང་བཅས་གཞུང་ལུགས་འབུམ། །
སྤྱན་གྱིས་གཟིགས་དང་སྙན་གྱིས་གསན་པ་ཡིས། །
ཐོས་པའི་ཕར་ཕྱིན་གནས་ལ་འགོད་མཛད་པའི། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
མདོ་རྒྱུད་བསྟན་བཅོས་དཀའ་བའི་གནད་ཕྲ་རགས། །
ཡིད་ཀྱིས་བསམས་དང་རིགས་པས་དཔྱད་པ་ཡིས། །
བསམ་པའི་ཕར་ཕྱིན་གནས་ལ་འགོད་མཛད་པའི། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ཚུལ་བཞིན་དུ། །
མཉམ་བཞག་བསམ་གཏན་ཆེན་པོའི་ཏིང་འཛིན་གྱིས། །
སྒོམ་པའི་ཕར་ཕྱིན་གནས་ལ་འགོད་མཛད་པའི། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
གངས་ལྗོངས་ཐུབ་བསྟན་བཤད་སྒྲུབ་འཛིན་པའི་ཁུར། །
ཐུགས་སུ་བཞེས་ནས་སྐལ་ལྡན་བུ་སློབ་རྣམས། །
ཕན་བདེ་འབྱུང་བའི་དཔལ་ལ་འགོད་མཛད་པའི། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
དུས་མཐར་བསྟན་པའི་རྒྱལ་མཚན་མཁའ་དབྱིངས་སུ། །
གཅིག་ཏུ་བསྒྲེངས་པའི་ཡོངས་ཀྱི་དགེ་བའི་བཤེས། །
མཁས་གྲུབ་གཙུག་རྒྱན་གྱུར་པའི་རྣམ་ཐར་ཅན། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
མདོ་སྔགས་བསྟན་པའི་བཤད་སྒྲུབ་སྐྱོང་བ་ལ། །
དབང་ལུང་ཁྲིད་གསུམ་རྟག་ཏུ་སྩོལ་མཛད་པའི། །
དུས་མཐའི་རྡོ་རྗེ་འཆང་གི་རྣམ་ཐར་ཅན། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
བདུད་ཀྱི་ཁ་རླངས་འཕྱུར་བའི་དུས་མཐའ་རུ། །
གངས་ཅན་བསྟན་པའི་བཤད་སྒྲུབ་ཉག་ཕྲ་ཚེ། །
སླར་ཡང་གསོ་བའི་བྱིན་རླབས་སྩོལ་མཛད་པའི། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
ཡེ་ཤེས་སྤྱན་ཟུང་གཡོ་བའི་གློག་དམར་གྱིས། །
མི་མཐུན་ཕྱོགས་ཀྱི་སྙིང་རྩ་སྲེག་བྱེད་ཅིང༌། །
བདེན་པའི་གསལ་ཁ་འཛིན་པའི་རྣམ་ཐར་ཅན། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
གསུང་གི་ལེགས་བཤད་རྡོ་རྗེའི་མཚོན་རྣོན་གྱིས། །
ལྟ་སྤྱོད་ལོག་སྨྲའི་སྲོག་རྩ་གཅོད་བྱེད་པའི། །
གནས་ལུགས་རལ་གྲི་འཛིན་པའི་རྣམ་ཐར་ཅན། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
ཁྱེད་ཞལ་མཇལ་བའི་གསུང་གི་དྭངས་མ་ལས། །
ཆོས་དང་འཇིག་རྟེན་ལུགས་གཉིས་གང་སྒྲུབ་ཀྱང༌། །
དམ་ཚིག་གཙང་བརྟན་འཛིན་པའི་རྣམ་ཐར་ཅན། །
སྔགས་ཆེན་རྡོ་རྗེ་འཆང་ཆེན་རྗེས་སུ་དྲན། །
ཚེ་རབས་ཀུན་ཏུ་མགོན་པོ་ཁྱེད་ཉིད་ཀྱི། །
སློབ་མའི་དཀྱིལ་དང་འཁོར་གྱི་གྲལ་མཐའ་རུ། །
སྐྱེ་ནས་སེམས་ཅན་སྤྱི་དང་ཁྱད་པར་དུ། །
གངས་ཅན་ཕན་བདེ་འབྱུང་བའི་དོན་བྱེད་ཤོག
ཞེས་པ་ནི་བོད་རབ་བྱུང་བཅུ་བདུན་པའི་ས་གླང་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་ལྔ་སྟེ་སྤྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༣ཉིན་ལྷ་ལྡན་ཆེན་པོའི་གྲོང་ནས་ཁ་པར་ཞིག་འབྱོར་བའི་ལམ་ནས་དུས་མཐའི་འགྲོ་བའི་མགོན་གཅིག་དཔལ་ལྡན་རྡོ་རྗེ་འཆང་ཆེན་པོ་སྔགས་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་ཐོས་འཕྲལ། དུས་མཐར་བོད་ཀྱི་ཆོས་དང་རིག་གནས་ཀྱི་འཆད་ཉན་དང་བཤད་སྒྲུབ། ཕྱག་ལེན་སོགས་དང༌། ཁྱད་པར་དུ་བོད་ཁ་བ་ཅན་གྱི་བདེ་སྡུག་གི་གསལ་ཁ་འཛིན་པའི་གནས་ལུགས་ཀྱི་ཤུགས་ཤིན་ཏུ་ཉག་ཕྲ་དུས་སུ་བསམ་བཞིན་མྱུར་སྐྱོབ་ཀྱི་མགོན་པོའི་ཚུལ་དུ་བྱོན་པའི་དུས་མཐའི་རྡོ་རྗེ་འཆང་གང་གི་མཛད་པའི་རྣམ་ཐར་རྗེས་སུ་དྲན་པའི་གདུང་དབྱངས་སུ་མགོན་པོ་གང་གི་སྐུ་ཡི་གསེར་ཞལ་ཐེངས་གཅིག་མཇལ་བ་དང༌། གསུང་གི་ལེགས་བཤད་ཀྱི་བདུད་རྩི་ཐེངས་གཅིག་མྱོང་བའི་དུས་མཐའི་ཁྱིམ་པ་སྐལ་བ་ལྡན་པ་ཞིག་སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་མགོན་པོ་གང་གི་མཛད་པའི་རྣམ་ཐར་རྗེས་སུ་དྲན་པའི་གདུང་དབྱངས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྩེན་པའི་རྟེན་འབྱུང་ཉི་མའི་འོད་ཁང་ནས་མཆོད་མེ་གཙང་མ་ཞིག་ཕུལ་བའི་མཚམས་སུ་མཆི་མ་འཐོར་ཞོར་དུ་ཤར་མར་བྲིས་པ་ཀུན་ནས་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ