དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 4 August 2012
རྙིང་མའི་གཏེར་ཆེན་འགའ་ངོ་སྤྲོད།
[ སྨིན་དབུས་པོ། ] [ 2012-8-5 ]



(མུ་འགོད)
_____དཔལ་གསང་ཆེན་སྔ་འགྱུར་བའི་གཏེར་ཆེན་དག་གི་ངོ་སྤྲོད་བསྡུས་པ་འདི་དག་ནི་བོད་ཀྱི་ཚིག་མཛོད་ཆེན་མོ་སོགས་ནས་ཉེར་མཁོ་རུ་བཏུས་པ་ཡིན།
གཏེར་སྟོན་སངས་རྒྱས་བླ་མ།
འདི་ཉིད་རབ་བྱུང་དང་པོར་སྤྱི་ལོ་དུས་རབས་བཅུ་གཅིག་པར། གཙང་ལ་སྟོད་མཚོ་བར་དུ་སྐུ་འཁྲུངས། རྩ་གསུམ་དྲིལ་སྒྲུབ་དང་། རྟ་མགྲིན་དྲེགས་པ་ཟིལ་གནོན་སོགས་གཏེར་ཆོས་མང་དུ་བཏོན་ཞིང་། གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་ཡིན། དགུང་གྲངས་བརྒྱད་ཅུ་ལྷག་བཞུགས་ཏེ་སྐུ་གཤེགས་སོ། །
གཏེར་སྟོན་ར་མོ་ཤེལ་སྨན། རབ་བྱུང་བཞི་པའི་སྤྱི་ལོ་༡༢༠༧ལོར་གཙང་ཡར་སྟོད་ར་མོ་སྨན་ཆུ་ཁར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རྫོགས་པ་ཆེན་པོའི་ཆོས་ལ་ཐུགས་གཞོལ་ཏེ་རིམ་བཞིན་ཐོས་བསམ་དཔྱིས་ཕྱིན་པར་མཛད། ཤེལ་བྲག་དང་། སྨན་ཆུ་འོད་གསལ་རྫོང་བྲག་རིའི་ཕུག་པ་སོགས་ནས་བླ་རྫོགས་ཐུགས་གསུམ་དང་། གསོ་བ་རིག་པ་སྐར་རྩིས་སོགས་ཀྱི་སྐོར་སྣ་ཚོགས་གཏེར་ནས་བཞེས། ཐོག་མ་ནས་སྨན་དཔྱད་ཉུག་ཉུག་མཛད་པས་འགྲོ་དོན་ཆེར་མ་བྱུང་མོད། འོན་ཀྱང་ཕྱིས་གསང་སྨན་སོགས་ཆུ་བཅོས་ཀྱི་སྐོར་དང་། འབམ་བཅོས་སྨན་དཀར་སྨན་ནག་སོགས་ལ་མན་ངག་ཁ་ཚར་དང་བཅས་མཛད་པས། ཕྱག་ལེན་མ་ཉམས་པར་གནས། དུས་དེ་ཙམ་ལ་ལོ་པཎ་མང་པོ་བྱུང་ཞིང་། བོད་ཀྱི་མཁས་བཙུན་ཡང་རྒྱ་གར་དང་ཧོར་ཡུལ་དུ་བྱོན་པ་མང་། རྗེ་ར་མོ་ཤེལ་སྨན་འདི་ཉིད་ཀྱི་འཁྲུངས་འདས་ལོ་ཚིགས་ཞིབ་ཆ་མ་གསལ་ཡང་གཏེར་སྟོན་གུ་རུ་ཆོས་དབང་གི་གོང་ཙམ་ལ་བྱོན་པར་བཞེད།
གཏེར་སྟོན་འོག་མ་གུ་རུ་ཆོས་དབང་།
རབ་བྱུང་བཞི་པའི་ཆུ་སྤྲེལ་སྤྱི་ལོ་༡༢༡༢ ལོར་ཡབ་སྙན་སྤང་སྟོན་གྲུབ་པའི་སྙིང་པོ་དང་ཡུམ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། དགུང་ལོ་བཞི་པ་ནས་ཡི་གེ་འབྲི་ཀློག་སྦྱངས་བརྩོན་གནང་། དེ་ནས་བོན་གྱི་གཞུང་ཆེན་དང་། མདོས་གཞུང་ཆེན་མོ་སོགས་ལ་ཐོས་བསམ་རྒྱ་ཆེན་མཛད། ཡབ་དང་འགྲོ་མགོན་མཚུར་སྟོན་ཡབ་སྲས་གཙོ་བོར་གྱུར་པའི་གསར་རྙིང་གི་བླ་མ་མང་པོའི་ཞབས་ལ་གཏུགས་ནས་མདོ་དང་གསང་སྔགས་གསར་རྙིང་། བཀའ་གཏེར་གྱི་སྨིན་གྲོལ་དང་བཤད་རྒྱུན། ཞི་བྱེད་གཅོད་ཡུལ་ཆོས་དྲུག་ཕྱག་རྫོགས་ལ་སོགས་པའི་གདམས་ངག་མཐའ་ཡས་པ་གསན། དགུང་ལོ་བཅོ་བརྒྱད་པར་ས་སྐྱ་པཎ་ཆེན་ལས་སེམས་བསྐྱེད་དང་ཆོས་འབྲེལ་གསན། དེ་རྗེས་གྲྭ་པ་མངོན་ཤེས་ཀྱི་གཏེར་མ་ཁ་བྱང་ཞིག་ཕྱག་ཏུ་འབྱོར་བ་ལ་བརྟེན་དགུང་ལོ་ཉེར་གཉིས་པ་ཆུ་སྦྲུལ་སྤྱི་ལོ་༡༢༣༣ ལོར་ཡག་ཉིན་གྱི་ལུང་པ་གནམ་སྐས་ཅན་ནས་ཡང་བྱང་བཞེས། གཏེར་གྱི་ལྡེ་མིག་དང་། གཏེར་བཅུད། གཏེར་བྱང་ལྟར་སྒོ་ཕྱེ་ནས་གཏེར་ཁ་ཆེན་པོ་བཅོ་བརྒྱད། ཐུགས་གཏེར་དང་བཅས་བཅུ་དགུ་བཞེས་པ་སོགས་ངོ་མཚར་བའི་མཛད་འཕྲིན་གྱི་སྙན་པ་གང་སར་ཁྱབ་པས། བོད་ཡུལ་སྤྱིའི་བླ་ཆེན་མི་ཆེན་རིས་སུ་མ་ཆད་པས་ཞབས་ལ་གཏུགས་ཤིང་དད་གུས་ཚད་མེད་ཞུ་བ་དང་། ཀུན་མཁྱེན་འཕགས་འོད། ཆོས་འོད། བུ་སྟོན་རིན་ཆེན་གྲུབ་སོགས་ཀྱིས་གུ་རུ་ཆོས་དབང་གི་སྐུའི་ཡོན་ཏན་ལ་བསྔགས་བརྗོད་ཆེན་པོ་མཛད། སྣོད་ལྡན་བུ་གུ་སོགས་མང་དུ་བྱོན་ནས་འཕགས་བལ་དང་བོད་ཁམས་མཐའ་དབུས་ཀུན་ཏུ་ཟབ་ཆོས་རྒྱུན་མི་ཆད་དུ་སྤེལ། རབ་བྱུང་ལྔ་པའི་ཆུ་བྱ་སྤྱི་ལོ་༡༢༧༣ ལོར་སྐུ་གཤེགས།


གཏེར་ཆེན་རིག་འཛིན་རྒོད་ལྡེམ།
གཏེར་ཆེན་འདི་ཉིད་ཡབ་སློབ་དཔོན་སྲིད་འདུལ་དཔལ་དང་ཡུམ་ཇོ་ལྕམ་བསོད་ནམས་ཁྱེ་འདྲེན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་གླང་སྤྱི་ལོ་༡༣༢༥ ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་གཙང་ངམ་རིང་དུ་སྐུ་འཁྲུངས། མཚན་དངོས་གྲུབ་རྒྱལ་མཚན་ཞེས་གསོལ། སྐུ་གཞོན་ནུ་ལ་ཡབ་གཤེགས་པས་ཡུམ་གྱིས་ཡི་གེ་འབྲི་ཀློག་སོགས་བསླབས། དགུང་ལོ་བརྒྱད་པ་ལ་ཕ་ཆོས་སྒྱུ་འཕྲུལ་དང་མ་མོ་སོགས་མཁས་པར་མཁྱེན། དེ་ནས་མཁས་པ་སྣང་ལྡན་རྒྱལ་པོ་ལས་གུ་རུ་ཆོས་དབང་གི་ཆོས་རྣམས་གསན། མྱང་མ་ལས་མྱང་རལ་གྱི་གཏེར་ཆོས་རྣམས་གསན། སྒྲུབ་པ་སྒྲུབ་རྟགས་རྣམས་ཚད་དུ་ལོང་། དགུང་ལོ་ཉེར་བཞི་པ་ལ་རྒོད་ཀྱི་ལྡེམ་འཕྲུ་ལྔ་འཁྲུངས། བྲག་ལུང་པ་མཁས་བཙུན་རིན་ཆེན་དཔལ་བ་ལས་རྫོགས་པ་ཆེན་པོའི་ཆོས་རྣམས་གསན། གང་ཉིད་རྡོ་རྗེ་ཕུར་པའི་སྒྲུབ་པར་ཐུགས་རྩེ་གཅིག་ཏུ་གཞོལ། གཏེར་ཆེན་གྱི་སྙན་གྲགས་དབུས་གཙང་མདོ་ཁམས་དང་བཅས་པའི་ཡུལ་གྲུ་ཀུན་ལ་ཁྱབ་པས་ཆོས་དབང་ཞུ་བར་ཡོང་བའི་གདུལ་བྱ་བགྲང་གིས་མི་ལངས་པར་འགྲོ་དོན་རྒྱ་ཆེན་མཛད། མཐར་རབ་བྱུང་བདུན་པའི་ཆུ་རྟ་སྤྱི་ལོ་༡༤༠༢ ལོར་སྐུ་གཤེགས།
གཏེར་ཆེན་སངས་རྒྱས་གླིང་པ། རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་༡༣༤༠ལོར། ཡབ་རྣལ་འབྱོར་པ་སྟག་ལུང་སྨྱོན་པ་ཞེས་པ་དང་། ཡུམ་ཨ་ཧཱུཾ་རྒྱན་ཞེས་པའི་སྲས་སུ་བྲག་གསུམ་རྡོ་རྗེ་བྲག་ཏུ་སྐུ་འཁྲུངས། ཡབ་ཀྱིས་རིག་འཛིན་ཞེས་པ་མིང་བཏག དགུང་ལོ་ལྔ་པ་ལ་མཁན་པོ་གཞོན་ནུ་དཔལ་ལ་དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་དཀོན་མཆོག་རིན་ཆེན་དུ་གསོལ། སློབ་དཔོན་རིན་ཆེན་བྱ་བ་ལས་འབྲི་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། ཡབ་འདས་རྗེས་ཙ་རིར་བྱོན་ནས་དགོན་པ་ལྷུན་གྲུབ་སྟེང་དུ་མཁན་པོ་བྱང་ཆུབ་རྡོ་རྗེ་དང་། སློབ་དཔོན་ཤཱཀྱ་ཡེ་ཤེས་ལས་རབ་ཏུ་བྱུང་། མཚན་སངས་རྒྱས་བཟང་པོར་གསོལ། དགུང་ལོ་ཉེར་ལྔ་ལ་ཕེབས་པ་ཤིང་འབྲུག་ལོ༡༣༦༤ལོར་སྤུ་རི་ཕུག་མོ་ཆེ་ནས་བླ་མ་དགོངས་པ་འདུས་པ་དང་ཐུགས་རྗེ་ཆེན་པོའི་སྐོར་རྣམས་གདན་དྲངས། ལང་པོ་ཀ་མདའ་འཕྲང་། ཀོང་པོ་མཆིམས་ཡུལ། སྤུ་རི་རིན་ཆེན་འབར་བ། ཙ་རི། རྒྱ་ལ་གཤིན་རྗེའི་རྦ་དོང་། བསམ་ཡས་མཆིམས་ཕུ་སོགས་ནས་གཏེར་ཁ་ཆེན་པོ་བཅོ་བརྒྱད་བཞེས་ཤིང་། གཞན་ཕྲན་ཚེགས་ཀྱི་གཏེར་ནི་གྲངས་ཀྱིས་མི་ཆོད་པ་བཞེས། མཐར་དགུང་ལོ་ལྔ་བཅུ་ང་བདུན་པ་རབ་བྱུང་བདུན་པའི་མེ་བྱི་སྤྱི་ལོ་༡༣༩༦ ལོར་དགོན་པ་ལྷུན་གྲུབ་སྟེང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
གཏེར་སྟོན་རྡོ་རྗེ་གླིང་པ།
གཏེར་སྟོན་འདི་ཉིད་ཡབ་བསོད་ནམས་རྒྱལ་མཚན་དང་ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་ཁྱི་སྤྱི་ལོ་༡༣༤༦ ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་ཁ་བྱང་ཕྱག་ཏུ་བྱུང་། དེ་ནས་གྲྭ་ཕྱིའི་བྲག་པོ་ཆེའི་གནམ་ལྕགས་འབར་བའི་བྲག་ཅེས་པ་ནས་ཤོག་དྲིལ་ཆེ་ཆུང་བརྒྱ། བླ་དཔེ་པུསྟི་བཞི། ཚེ་ཆུ་བུམ་པ་བཞི། རྫོགས་ཆེན་ལྟ་བ་ཀློང་ཡངས་སོགས་ཆོས་ཚན་བསམ་གྱིས་མི་ཁྱབ་པ་གདན་དྲངས་ཏེ། གཏེར་སྟོན་འདིའི་སའི་གཏེར་རྒྱུད་དུའང་རྡོ་རྗེ་གླིང་པ་ངེས་པར་གདན་འདྲེན་པར་སྣང་། སྲས་དང་སློབ་རྒྱུད་ཕལ་ཆེར་ལྷོ་བྲག་དང་། མོན་གྱི་ཕྱོགས་ན་བཞུགས། མཐར་དགུང་ལོ་དྲུག་ཅུ་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་༡༤༠༥ ལོར་ལྷོ་བྲག་ཆུས་ཁྱེར་བྷཉྩ་ལྷ་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

0 comments:

ཟིན་བྲིས་འཚོལ་ཡུལ