དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 18 September 2012

སྟག་ཞོན་སྤྲུལ་ལྕགས།

༄༅།། གནའ་སྔ་མོ་ཞིག་ལ། སྡེ་བ་ཞིག་ན་དབུལ་བོ་མ་བུ་གཉིས་ཡོད། སྡེ་བ་དེའི་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བུ་ཞིག་བཙས་པ་དང་། སྡེ་བའི་མི་ཚང་མ་མགྲོན་དུ་བོས་ཏེ་བཙས་སྟོན་རྒྱ་ཆེན་པོ་བྱས། བུ་དེས་ཀྱང་ཤོམ་ལྭ་ཡག་པོ་ཞིག་ཡོད་པ་དེ་གྱོན་ནས། ཉིན་གང་བོར་མགྲོན་པོ་རྣམས་ལ་ཇ་འདྲེན་ཆང་འདྲེན་བྱས་སྟེ། ཡར་རྒྱུག་མར་རྒྱུག་བྱས་པའི་གླ་ལ་ལུག་ཤ་རྡོག་རྡོག་ཞིག་རེག་པ་རེད།
བུ་དེ་དགའ་ཐག་ཆོད་པ་དང་། ལུག་ཤ་རྡོག་རྡོག་དེ་བཟུང་ནས་ཁྱིམ་དུ་འགྱོག་པོར་བརྒྱུགས་ཡོང་དེ། ཨ་མ་ལགས་ལ། ཨ་མ་ལགས་ཐབ་ལ་མེ་ཐོང་དང་དེ་རིང་ཤ་བཙོ་རྒྱུ་རེག་སོང་ཞེས་རང་གི་སླ་ངའི་ནང་དུ་ཤ་ཆུ་བཙུགས་ཏེ་ཐབ་ཏུ་བསྐྱོན། ཨ་མས་ཐབ་ལ་མེ་གཏོང་ཞོར་དུ་ལུག་གི་ཆེད་མ་ཎི་དང་བསྔོ་སྨོན་བྱས།
སྐབས་དེར་རི་འདབས་སུ་ལྟོག་ངར་གྱིས་དེད་པའི་སྟག་ཅིག་ཡོད་པ་དེས། ཤ་བཙོས་པའི་དྲི་མ་ཚོར་དེ་མཆོང་ཐེངས་གཅིག་གིས་དབུལ་བོ་མ་བུ་གཉིས་ཀྱི་སྤྲ་སྒོ་རུ་བསླེབས་ཏེ་ཁ་རོག་གེར་ཉན་ནས་བསྡད།
ཨ་མས་རང་གི་བུ་ལ། བུ་ཁྱེད་རང་ལས་ཤེས་རབ་ཆེ་བ་དང་ལས་ལ་བརྩོན་པ། ཡ་རབས་གཞུང་དྲང་བ་ཞིག་སྡེ་བའི་བྱིས་པ་ཚོའི་ནང་དུ་མི་འདུག་པས། མ་འོངས་པར་མི་ལ་ཕན་ཐོག་པའི་ལས་ཀ་མང་བོ་བྱེད་ཐུབ་གི་རེད་ཅེས་སེམས་ཤུགས་སྤར་གྱིན་པ་སྟག་གིས་ཐོས།
སྟག་གི་སེམས་ལ། བུ་དེ་དངོས་གནས་ག་འདྲ་ཞིག་ཡོད་ན་བསམ་སྟེ་ཡར་སྤྲ་ནང་ལ་ལྟ་བཞིན་ཡོད་དུས། ཨ་མས་སྟག་མཐོང་སྟེ་སྐད་ཆེན་པོས། ཨ་མའི་གཅེས་ཕྲུག སྒོ་ཁ་ན། སྒོ་ཁ་ན། ཞེས་སྐད་བརྒྱབས། བུ་དེའི་སེམས་ལ་སྒོ་ཁ་ན་བཏགས་ཡོད་པའི་བོང་བུ་དེ་ཤར་ཏེ། རྒྱུག་ཐེངས་གཅིག་གིས་སྟག་གི་རྒྱབ་ལ་ཞོན། སྟག་གིས་ཅི་བསམ་འདི་བསམ་མེད་པར་རང་གི་རྒྱབ་ལ་མཆོངས་མཁན་དེ་དབུལ་བོའི་བུ་ངར་མ་དེ་ཡིན་པར་སྙམ་ནས། སྐྲག་མ་དངངས་ཀྱིས་རི་ལུང་ཀུན་ཏུ་མཆོངས་ནས་བརྒྱུགས།
བུ་དེས་ཞིབ་ཏུ་ལྟ་དུས། རང་གིས་ཞོན་པའི་སེམས་ཅན་དེ། སྟག་ཅིག་ཡིན་པ་ཤེས་ནས་ཤིན་ཏུ་སྐྲག དེ་ནས་ཀི་འདེབས་ཀྱིན་རང་དབང་མེད་པར་ག་ས་གང་དུ་ལག་ཉོབ་བྱེད་དུས་ལག་ཏུ་སྦྲུལ་ཞིག་འོངས་པ་དང་། དེ་ཅི་ཞིག་ཡིན་པའང་མ་ཚོར་བར། ལག་ཏུ་སྦྲུལ་དེ་དམ་པོར་བཅིངས་ནས་ཡར་གཡུག་མ་གཡུག་བྱས། སྟག་གིས་རང་གི་རྒྱབ་ཀྱི་མི་དེས་སྦྲུལ་གྱི་ལྕག་ཅིག་བཟུང་ཡོད་པ་མཐོང་ནས། བུ་དཔའ་བོ་སྦྲུལ་ཐོགས་ཤིག་ལ་ངས་འགྲན་ཡ་གང་ནས་ཡོང་སྙམ་སྟེ། སྲོག་བསྡོས་བྱས་ནས་བྲོས་བྲོས་པས། ། མཐར་གློ་བ་གས་ནས་ཤིའོ། སྟག་ཞོན་སྦྲུལ་ལྕག་ཅན་ཞེས་དབུལ་བོའི་བུ་དེའི་མཚན་སྙན་ས་ཕྱོགས་ཀུན་ཏུ་ཁྱབ་པ་དང་། ཡུལ་དེའི་མི་ཤེས་རྒྱ་ཅན་ཐམས་ཅད་འཚོགས་ཏེ། དབུལ་བོའི་བུ་དེ་ཡུལ་དེའི་དཔོན་པོར་བསྐོས་ཤིང༌། ཡུལ་ཁམས་དེར་བཀྲ་ཤིས་ལོ་ལེགས་བྱུང་ཞིང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།

ཚོང་བ་གླེན་པ་དང་རྐུན་མ་སྤྱང་བོ།


༄༅།། ཞོགས་པ་ཞིག་ལ་ཚོང་བ་ཞིག་གིས་བོང་བུ་ཞིག་ཁྲིད་ནས་རང་ཡུལ་དུ་ལོག་པའི་ལམ་བར་དུ། རྐུན་མ་གྲགས་ཅན་གཉིས་ཡོད་པ་དེ་གཉིས་ཀྱིས་བོང་བུ་དེ་མཐོང་བ་རེད།

རྐུན་མ་གཉིས་ཀྱིས་བོང་བུ་དེ་བརྐུ་བར་འདོད་དེ་དལ་བུར་ཚོང་བའི་རྗེས་ནས་འཇབ་སྟེ་བོང་བུའི་མགོ་ཡི་མཐུར་ཕུད་དེ། རྐུན་མ་གཅིག་གིས་མཐུར་མདའ་དེ་རང་གི་ལག་ཏུ་བཟུང་ནས་མུ་མཐུད་དུ་ཚོང་བའི་རྗེས་བསྙེགས། རྐུན་མ་གཅིག་གིས་བོང་བུ་དེད་ནས་ཕྱིར་སོང་། ཚོང་བ་རང་གི་ཁྱིམ་ལ་སླེབས་ལ་ཁད་དུ་ཁ་ཕྱིར་འཁོར་ཙ་ན། མི་ཞིག་གིས་མཐུར་མདའ་ལག་ཏུ་བཟུང་སྟེ་ཁོས་རྗེས་དེད་དེ་ཡོང་གིན་ཡོད་པ་མཐོང་བས་རེ་ཞིག་ཧད་དེ་ལུས།


རྐུན་མ་ན་རེ། བདག་པོ་ལགས། ཁྱོད་ཡ་མཚར་དགོས་དོན་མེད། ང་རང་ལྷའི་ཡུལ་ནས་སྐྱོན་ལ་ཐོགས་རྗེས། ལྷའི་དབང་བོ་རྒྱ་བྱིན་གྱིས་ང་རང་ལྷ་ཁྲིམས་ལྟར་མི་ཡུལ་འདིར་མངགས་ནས་བོང་བུ་ཞིག་གི་སྐྱེས་བ་ལེན་དུ་བཅུགཡིན་ནའང་ད་ལྟ་ཉེས་པ་དག་ཟིན་པས། མི་ལུས་འདིའི་བསྐལ་བ་ཐོབ་པ་ཡིན་ཞེས་བཤད།

ཚོང་བ་ན་རེ། དེ་ལྟར་ཡིན་ན། ཁྱོད་ཀྱིས་ངེད་ཚང་གི་དོན་དུ་དཀའ་ལས་མང་བོ་ཞིག་མྱངས་སོང་བས། འདིར་དངུལ་ལྔ་བཅུ་མ་འགའ་ཡོད་པས། ཁྱོད་ལ་འོ་བརྒྱལ་དུ་སྟེར། ད་སོང་ནས་མི་ལུང་རང་དབང་གི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་གྱིས། རྗེས་ཕྱོགས་སུ་བྱ་ངན་འདྲ་ལས་ནས་ཕྱིར་བོང་བུར་འགྱུར་དུ་མ་འཇུག་ཅེས་ཁ་བརྡ་མང་བོ་བྱས་རྗེས་འགྲོ་རུ་བཅུག

ཟླ་འགའི་རྗེས་སུ་ཚོང་བས་གྲོང་ཁྱེར་ཞིག་ཏུ་རང་གི་བུང་བུ་དེ་མཐོང་བས། སེམས་སྐྱོ་བའི་ངང་ཁ་ནས། ལས་ངན་པོ། ཡང་ཁྱོད་ཕྱིར་བོང་བུ་ཞིག་ཏུ་གྱུར་སོང་ངམ། བྱ་བ་ངན་པ་ཅི་ཞིག་བྱས་པ་ཡིན། ད་ནི་ང་ལའང་བྱ་ཐབས་མེད་པས་དཀོན་མཆོག་གསུམ་པོས་མཁྱེན། ཞེས་སྐྱབས་འཇུག་ཞུ་བཞིན་བོང་བུ་དང་ཁ་གྱེས་ནས་སོང་ངོ། །

༄༅།། གཡོ་རྒྱུ་ཆེ་བའི་བྱི་ལ།

















༄༅།། དགོན་པ་ཞིག་ན། བྱི་ལ་ཚོན་པོ་ཞིག་ཡོད་པ་དེ། རྒྱུན་དུ་གྲྭ་ཤག་ཏུ་འཛུལ་ནས་ཅ་ལག་མང་བོ་བརྐུ་བཞིན་པ་དང་། ཉིན་ཞིག་བྱི་ལ་དེས་བན་ཆུང་ཞིག་གི་གྲྭ་ཤག་ཏུ་འཛུལ་ནས།  ཁོའི་ཕྲེང་བ་བརྐུ་བཞིན་ཡོད་དུས། བན་ཆུང་གིས་མཐོང་སྟེ་བྱི་ལས་རྔ་མ་ནས་ཤུགས་ཀྱིས་འཐེན། བྱི་ལས་ཀྱང་ཤུགས་ཀྱིས་ཕར་འཐེན་ཏེ་ཁོའི་རྔ་སྣེ་ཆད་པ་རེད། དེ་ནས་བཟུང་བྱི་ལ་དགོན་ནང་དུ་འགྲོ་མ་ཕོད་པ་དང་ཙི་ཙི་འང་མ་འཛིན་མ་ཐུབ་པར་ཉམ་ཆུང་དུ་གྱུར་བ་རེད།


















ཉིན་ཞིག་བྱི་ལ་དེ་རི་འདབས་སུ་ཉལ་ནས་ཡོད་དུས། ཙི་ཙི་ཆུང་ཆུང་ཞིག་མཐོང་། དེ་ནས་ཁོས་ཕྲེང་བ་སྐེ་ལ་བསྐོན་ཏེ་ན་རེ། ང་ནི་ཙི་ཙིའི་བླ་མ་ཡིན། ངས་སྲོག་མི་གཅོད། མ་བྱིན་པ་མི་ལེན། རྫུན་མི་བཤད། ཁྱོད་སོང་ལ་ཙི་ཙིའི་ཚོགས་ལ་ངའི་སར་ཆོས་ཉན་དུ་ཤོག་ཅེས་བཤད་དགོས་ཞེས་མངགས་སོ།

ཙི་ཙི་ཆུང་ཆུང་དེ་ཁོའི་བཀའ་མངགས་ལྟར་ཙི་ཙི་རྣམས་ཀྱི་མདུན་དུ་སོང་སྟེ་ན་རེ། ཕྲན་དེ་རིང་བླ་མ་ཞིག་ལ་མཇལ་བྱུང་བ་དང་། ཁོང་གིས་ཁྱེད་རྣམལ་ལ་ཆོས་ཉན་དུ་ཤོག་ཅེས་སྐད་གཏོང་་དུ་མངགས་བྱུང་ཞེས་བཤད། ཙི་ཙི་རྣམས་དགའ་ཐག་ཆོད་དེ་གཅིག་རྗེས་ལ་གཅིག་བརྒྱུགས་ཏེ་བླ་མ་བྱི་ལའི་དྲུང་དུ་ཆོས་ལ་ཉན་དུ་སོང་།



 




















བྱི་ལ་དེས་ཡིན་མདོག་ཆེན་པོའི་ཁ་ནས་ཨེ་མ་ཧོ། ཨེ་མ་ཧོ་ཞེས་སྐད་ཆེན་པོས་ཆོས་འདོན་ཁུལ་བྱས་པ་དང་། ཆོས་ཐུན་རེ་རེའི་མཇུག་དུ། ཙི་ཙི་ཚོར་བསྐོར་བ་རེ་བྱེད་དུ་བཅུགས་ནས། ཙི་ཙི་རྗེས་མ་དེ་ཟ་བཞིན་ཡོད་པ་རེད། དུས་ཡིན་རིང་བོ་མ་འགོར་བར། བྱི་ལ་དེ་སླར་ཡང་ཚོན་པོ་ཞིག་ཏུ་གྱུར།


















དེ་ནས་ཉིན་རེ་བཞིན་ཙི་ཙི་ཇེ་ཉུང་ལ་སོང་བ་དང་། ཙི་ཙི་རྣམས་ཀྱིས་ཚོགས་འདུ་བསྡུས་ཏེ་ཁོ་ཚོའི་གྲངས་ཀ་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་སྐོར་ལ་གྲོས་མོལ་བྱས་ཤིང་། ཚང་མས་སློབ་དཔོན་བྱི་ལ་ལ་དགོ་པ་ཟོས་པ་དང་། ཁོ་ལ་བརྟགས་ཕྱིར་ཁོའི་རྐེར་དྲིལ་ཆུང་ཞིག་འདོག་པར་གྲོས་འཆམས།


















ཕྱི་ཉིན་བྱི་ལས་ཆོས་འདོན་མགོ་བཙུགས་དུས། ཙི་ཙི་ཚོས་ཕྱག་འཚལ། གུས་པ་ཆེན་པོས་བླ་མ་རིན་པོ་ཆེ་ལ། རྒྱན་ཆ་ཞིག་འབུལ་གི་ཡིན་ཞེས་བྱི་ལའི་རྐེར་དྲིལ་ཆུང་དེ་བཏགས་པ་རེད། དེ་ནས་ཆོས་ཐུན་གཅིག་གི་རྗེས་སུ། དྲིལ་བུའི་སྒྲ་གྲགས་འོངས་པ་ན། ཙི་ཙི་ཚང་མ་དེར་བརྒྱུགས་ནས་བལྟས་དུས། བྱི་ལས་ཙི་ཙི་ཞིག་བཟུང་ནས་གསོད་ཀྱིན་པ་མཐོང་། དེ་ནས་ཙི་ཙི་ཚང་མ་རང་རང་གི་ནང་ལ་བྲོས་པ་དང་། དེ་ནས་ཡང་བྱི་ལི་དེས་ལྟོགས་སྐོམ་མྱོང་དགོས་བྱུང་བ་རེད།









2 comments:

Wild Yaks said...

All these wonderful stories are from http://www.wildyaks.com/

It is great that you want to share them. But the author and artist of all these works need to be credited, they belong to the individuals, Please don't just copy them, link them to the website www.wildyaks.com. They are covered under international copyright law. Thanks!

Wild Yaks said...

ཨེ་མ་ཧོ་རིག་མཛོད་ཀྱི་དྲ་བདག་ལགས་སུ་ཞུ་གསོལ། སྐུ་ཉིད་ཀྱིས་གཡག་རྒོད་དྲ་ཚིགས་ནས་ཐད་ཀར་པར་བཤུས་བྱས་ཏེ་བྱིས་སྒྲུང་དང་རི་མོ་སོགས་འབྲེལ་བཤད་གང་ཡང་མེད་པར་དྲ་གནས་འདིར་བཀོད་འདུག། གཡག་རྒོད་དྲ་ཚིགས་སུ་བཀོད་པའི་བརྩམས་སྒྲུང་དང་། རི་མོ་སོགས་རྒྱལ་སྤྱིའི་དཔར་དབང་གི་ཁྲིམས་ལུགས་ལྟར་སྲུང་སྐྱོབས་བྱས་ཡོད་པས། གཡག་རྒོད་དྲ་བདག་དང་རི་མོ་བ། རྩོམ་པ་པོ་སོགས་ཀྱི་དགོངས་འཁྲོལ་མེད་པར་གང་བྱུར་པར་བཤུས་བྱེད་ཆོག་གི་མ་རེད། གལ་ཏེ་གཡག་རྒོད་དྲ་ཚིགས་སུ་ཡོད་པའི་བྱིས་སྒྲུང་རྣམས་ཁྱབ་སྤེལ་བྱེད་འདོད་ཡོད་པ་ཡིན་ན། གཡག་རྒོད་དྲ་བྱང་འདི www.wildyaks.com སྐུ་ཉིད་ཀྱི་དྲ་བར་མཐུད་ན་མཐུས་ལ་དགའ་བསུ་ཡོད།

གཡག་རྒོད་དྲ་ཚིགས་ཀྱི་ལས་བྱེད་པ་རྔ་བ་མཁས་གྲུབ་གྱིས་སྤྱི་ལོ ༢༠༡༢ ལོའི ཟླ་བ ༡༢ བའི ཚེས་༡ ལ།

ཟིན་བྲིས་འཚོལ་ཡུལ