དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday 19 September 2012
༼སྤྲུལ་སྐུ་དག་ཐེར།༽
༡༽ (ཉམས་ཐག་པའི་བྱིས་པ།)
ད་ལོ་ང་དགོན་པ་ག་གེ་མོ་ཞིག་དུ་སོང་བ་ཡིན་ཉིན་དེར་དགོན་པ་དེ་ཚང་གི་སྤྲུལ་སྐུ་ག་གེ་མོ་ཞིག་གི་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོ་ཟབ་རྒྱས་སྤེལ་བཞིན་ཡོད་པས་དགོན་པ་དྲུག་བདུན་ཙམ་གྱི་སྐུ་ཚབ་སོ་སོས་སྐུ་གསུང་ཐུགས་རྟེན་སོགས་འབུལ་གིན་འདུག་ལ་ཡང་སྲིད་ཀྱི་ཕྱག་དབང་སྐུར་ལ་སྒུག་པའི་མང་ཚོགས་མང་པོས་ལག་ན་ཁ་རྟགས་རེ་བཟུང་ནས་ལྟད་མོ་ལྟ་བཞིན་འདུག
དེ་ནས་དུས་ཡུན་གང་འཚམ་ཞིག་སོང་རྗེས་མང་ཚོགས་རྣམས་ལ་མཇལ་ཁ་གནང་སོང་།
ཕྱག་དབང་སྐུར་སོང་།
དེ་སྐབས་སྐྱ་སེར་ཀུན་གྱིས་སྤྲུལ་སྐུ་ག་གེ་མོ་དེའི་སྐྱབས་འོག་ཏུ་ཚུད་དགོས་པའི་རེ་འདུན་ཞུ་བཞིན་ཕྱག་དབང་ཞུས་སོང་ལ་ད་དུང་དད་པ་ཧ་ཅང་ཆེ་བའི་རྒས་ཁོག་རེ་གཉིས་ངུ་བཞིན་ཕྱག་དབང་ཞུ་བ་ལ་ལྟས་ན་ཁོ་ཚོས་ཡང་སྲིད་དེ་སངས་རྒྱས་དངོས་སུ་མཐོང་བའི་སྣང་བ་འཆར་གྱིན་ཡོད་པས་མ་ཚད་སྐྱབས་དང་མགོན་གྱི་མཐར་ཐུག་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་ཚོད་རེད།
འོན་ཀྱང་ཁོ་བོ་ནི་ལས་མ་དག་པའི་མི་ཞིག་ཡིན་ནམ་ཡང་ན་དྲང་བདེན་འཚོལ་བའི་མི་ཞིག་ཡིན་མི་ཤེས་མོད་ཤཀྱཱ་ཐུབ་པས།
བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར།
།ཞེས་པའི་ཚིག་རྐང་དེ་གཉིས་བློ་ངོ་ན་འཆར་གིན་ཕྱག་དབང་ཞུ་བའི་མོས་པ་མ་བྱུང་བས་ཕྱག་དབང་མ་ཞུས་བ་ཙམ་མ་ཡིན་པར་ངའི་སེམས་ན་སྙིང་རྗེ་ཡ་ང་བ་ཞིག་ཀྱང་སྐྱེས་སོང་།
སྙིང་རྗེ་ནི་སྙིང་རྗེ་རང་ཡིན་པས་ཁྲི་ཆེན་པོའི་སྟེང་ན་དར་དང་གོས་ཆེན་གྱིས་འཐུམ་ཡོད་པའི་ཡང་སྲིད་དེ་ནི་དེ་རིང་ནས་བཟུང་དགོན་པ་དེའི་དོན་དུ་མྱོང་ངེས་པའི་མ་འོངས་པའི་སྡུག་རྒན་དང་།
ཆོས་སྲིད་གཉིས་པོ་གང་ཡང་མི་ཐོན་པའི་ཕུང་གསུམ་པ་ཞིག་དུ་འགྱུར་ངེས་པས་ད་ལྟ་བློ་རིག་བཀྲ་བའི་བྱིས་པ་ཞིག་གི་མི་ཚེའི་རིན་ཐང་གཞལ་དུ་མེད་པ་དེ་བསམ་ཤེས་མེད་པའི་འབྲོག་རྒན་སྐོར་ཞིག་གིས་ཆུད་ཟོས་སུ་གཏོང་སོང་བསམ་ནས་ཡིད་སྐྱོ་དུང་གིས་གནར་ནས་ཧུ་ཤུ་འདོན་དགོས་བྱུང་སོང་བས་མ་ཚད་དེ་ནས་བཟུང་ཉི་མ་ཁ་ཤས་རིང་ཡིད་སྐྱོ་ཤས་ཀྱིས་གནར་སོང་བ་ནི་དཀོན་མཆོག་དཔང་དུ་འཇོག་ཆོག
སྤྱིར་བཤད་ན་ངས་མཐོང་མ་མྱོང་བའི་བྱིས་པ་མང་པོ་ཞིག་ཨུ་ཚུགས་ཚ་བའི་བོད་པ་ཚོས་དེ་འདྲ་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་ཡིན་པ་མ་ཟད་ད་དུང་རང་རང་གི་བྱིས་པ་རྣམས་ལ་འདི་སྤྲུལ་སྐུ་ཡིན་རོགས་བྱས་ན་ཟེར་ནས་སྤྲུལ་སྐུའི་ཡང་སྲིད་ཡིན་པའི་རེ་བ་བཅང་ནས་ཡོད་པ་འདིས་རང་གི་བྱིས་པ་དེའི་མ་འོངས་པའི་མདུན་ལམ་དང་།
བདེ་ཐང་སོགས་གང་ཅི་ལ་ཡང་བསམ་བློ་ཏོག་ཙམ་ཡང་མི་འཁོར་ཞིང་ཐོབ་དང་མིང་ལ་རྔམ་པའི་རྨོངས་རྟུལ་ཅན་རྐྱང་རྐྱང་ཡིན་པ་མཚོན་ཡོད།
གང་ལྟར་ཡང་ང་ཚོས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་དགོས་པ་ཡིན་ན་ཆོས་ལུགས་ཀྱི་གཞུང་ལུགས་ཁྲོད་དུ་ཇི་ལྟར་གསལ་བའི་སྤྲུལ་སྐུ་དག་མ་ཞིག་ངོས་འཛིན་བྱེད་དགོས་ཀྱི་རེད་མ་ཏོག་ཆོས་ལུགས་ཀྱི་གཞུང་ལུགས་ཁྲོད་ན་བཤད་པའི་སྤྲུལ་སྐུའི་མཚན་ཉིད་མ་ཚང་བ་ཞིག་སྤྲུལ་སྐུ་བྱས་པ་ཡིན་ན་སྤྲུལ་སྐུ་དེ་ངོས་འཛིན་བྱེད་མཁན་དེའི་རྒྱུད་ཀྱི་སྡོམ་ཁྲིམས་ཞིག་པ་མ་ཟད།
བྱིས་པ་ཁོ་རང་ཡང་གཞན་མགོ་སྐོར་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པས་ཇི་ལྟར་བྱས་ཀྱང་ཆོས་ལུགས་པའི་ཞབས་འདྲེན་ཞིག་ཏུ་འགྱུར་ངེས་ཡིན།
དེས་ན་ཆོས་ལུགས་ཀྱི་ངོས་ནས་བཤད་པ་ཡིན་ན་སྤྲུལ་སྐུ་མིན་པའི་བྱིས་པ་དེ་སྤྲུལ་སྐུ་བྱེད་མི་རུང་ངོ་།
༢༽( ཡང་སྲིད་ངོས་འཛིན་བྱེད་མཁན།)
འོ་ན་ཆོས་ལུགས་ཀྱི་གཞུང་ལུགས་ཁྲོད་དུ་ཇི་ལྟར་ཡོད་སྙམ་ན།
ཡང་སྲིད་ངོས་འཛིན་བྱེད་མཁན་ཞིག་ཡིན་ན་གཞུང་ལུགས་ཁྲོད་ཀྱི་རྩ་བའི་ཆ་རྐྱེན་ཞིག་ཚང་དགོས་པ་ལས་རང་སྣང་གང་ཤར་གྱིས་ཡང་སྲིད་ངོས་འཛིན་བྱས་ན་ངོས་འཛིན་བྱས་པའི་དེ་མ་ཐག་ཏུ་ངོས་འཛིན་གནང་མཁན་གྱི་རྒྱུད་ལ་མི་དགེ་བཅུ་ཡི་ནང་མཚན་མི་ཆོས་བླ་མའི་རྫུན་ཞེས་པའི་མི་དགེ་བ་དེ་དང་།
ད་དུང་རབ་བྱུང་པ་ཡིན་ན་རྩ་བའི་ལྟུང་བ་འབྱུང་ཟིན་པས་སྡོམ་ཁྲིམས་ཉམས་ཟིན།
ཡོངས་རྫོགས་སྤྱོད་པའི་དགེ་བསྙེན་ཡིན་ནའང་ལོག་གཡེམ་དང་།
མི་ཆོས་བླ་མའི་རྫུན་གཙོས་པའི་རྩ་བ་བཞི་པོ་སྲུང་དགོས་པས་ཡོང་རྫོགས་དགེ་བསྙེན་གྱི་ཚུལ་ཁྲིམས་འཆལ་ཟིན།
དེས་ན་ཡོང་སྲིད་ངོས་འཛིན་བྱེད་མཁན་དེ་ལ་མ་མཐའ་ན་ཚུལ་ཁྲིམས་གཙང་མ་ཡིན་རྒྱུ་འདི་གལ་ཆེ།
གང་ཡིན་ཞེ་ན་ཁོ་ནི་ཆོས་པའི་ཁྲོད་ན་ཅུང་འབུར་དུ་དོད་ཡོད་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་དགོས་པས་རེད།
ཆོས་པའི་ཁྲོད་ན་ཡོད་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ནས་བཟུང་སྟེ་ཡང་སྲིད་ངོས་འཛིན་བྱེད་ནུས་སམ་སྙམ་ན།
ཆོས་ལུགས་ཁྲོད་ཀྱི་སྐྱེས་ཆེན་དམ་པ་ཡིན་ནའང་ད་དུང་ཡོང་སྲིད་ངོས་འཛིན་བྱེད་ཐུབ་པའི་ངེས་པ་མེད་དེ་ཡོང་སྲིད་ངོས་འཛིན་བྱེད་དགོས་པ་ཡིན་ན་ཡོང་སྲིད་ངོས་འཛིན་བྱེད་མཁན་གྱི་མི་དེས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་མཐོང་དགོས་ཏེ།
སྤྲུལ་སྐུ་དེའི་ཡང་སྲིད་དེའི་སྐྱེ་བ་སྔོན་མ་དང་དེའི་མཛད་སྤྱོད། དེ་འཆི་ཚུལ།
དེ་ནས་རྣམ་ཤེས་གར་བཞུད། སྐྱེ་བ་རྒྱུད་ཚུལ།
ད་ལྟའི་ཕ་མ་སོགས་གསལ་ཐག་ཆོད་གཅིག་ཤེས་དགོས་སོ།
དེས་ན་ཡང་སྲིད་ངོས་འཛིན་གནང་མཁན་གྱི་སྐྱེས་བུ་ཚོ་ནི་སྤྱན་དང་མངོན་ཤེས་མངའ་བའི་སྐྱེས་བུ་ཞིག་ཡིན་དགོས་པས་དེང་སང་ཆོས་པའི་ཁྲོད་དུ་ཡོད་པའི་སྐྱེས་ཆེན་རྣམས་ལ་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་སོགས་མངོན་སུམ་དུ་རྟོགས་པའི་སྤྱན་དང་རང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པའི་མངོན་ཤེས་སོགས་ཡོད་པ་དཀའ།
གལ་ཏེ་ཡོད་ན་ཁོང་རྣམས་ནི་བྱམས་སེམས་ཅན་གྱི་ཆོས་པ་ཡིན་པས་ཡུལ་ཤུལ་གྱི་ས་ཡོམ་དང་།
འབྲུག་ཆུའི་ཆུ་ལོག་སོགས་ཕྱི་ཡི་གོད་ཆགས་ཆེ་ཤོས་རྣམས་ཡོང་བའི་སྔོན་བརྡ་གནང་ངེས།
ད་དུང་རང་ཉིད་ལ་ཆགས་སྒོ་ཡོང་མིན། ན་ཚ་ནམ་ཡོང་།
རང་ཉིད་ནམ་འཆི་དང་གར་སྐྱེ་སོགས་གཞན་ལ་འདྲི་ནས་མོ་དང་རྩིས་རྒྱག་མི་དགོས་པ་རང་ཐག་རང་གིས་ཆོད་ངེས་དང་།
རང་འདུན་དུ་ཡོད་པའི་རྐུ་མ་དང་།
ཉུལ་མ་སོགས་ཀྱང་གསལ་བ་མཁྱེན་ངེས་པས་དེ་འདྲ་བརྡ་རྒྱག་མཁན་དང་མཁྱེན་མཁན་ནི་གཅིག་ཀྱང་མི་འདུག་པ་འདིའོ།
དེས་ན་མངོན་གྱུར་འཇིག་རྟེན་ཕྱི་ཡི་ཆགས་འཇིགས་མ་ཤེས་པར་ལྐོག་གྱུར་ནང་གི་སེམས་ཅན་སོ་སོའི་སྔོན་གནས་རྗེས་དྲན་མཛད་པ་དང་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་སོགས་མངོན་སུམ་དུ་གཟིགས་ནས་འདི་ནི་འདི་ཡི་སྐྱེ་བ་དང་འདི་ཡི་ཡང་སྲིད་སོགས་ངོས་འཛིན་གནང་མཁན་རྣམས་ནི་མི་ཆོས་བླ་མའི་ཞལ་རྫུན་མཁན་ཤ་ཏག་ཡིན་ནོ།
།
༣༽ (སྤྲུལ་སྐུའི་མཚན་དོན།)
སྤྱིར་སྤྲུལ་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་ཡི་ནང་ཚན་ཏེ་ཆོས་ལུགས་ཀྱི་གཞུང་ལུགས་ནང་དུ་ངེས་པ་ལྔ་དང་མི་ལྡན་པའི་མཐའ་ཐུགས་པའི་གཟུགས་སྐུ་ཞེས་ཐོབ་བྱ་མཐའ་ཐུག་པའི་སྐུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས་སྤྲུལ་སྐུ་ཡང་དག་པ་ཡིན་ན་སངས་རྒྱས་ཡིན་དགོས།
དེས་ན་སྤྲུལ་སྐུ་ལ་དབྱེ་བ་ཕྱེས་ན་བཟོ་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ།
མཆོག་གི་སྤྲུལ་སྐུ་སྟེ་གསུམ་ལས་དང་པོ་ནི།
དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་དྲི་ཟའི་པི་ཝང་ལེན་པའི་གཟུགས་སུ་སྤྲུལ་པའི་དེ་བཞིན་བཤེགས་པ་ལྟ་བུ།
གཉིས་པ་ནི། རི་དྭགས་རུ་རུར་སྤྲུལ་བའི་དེ་བཞིན་གཤེགས་པ་ལྟ་བུ། གསུམ་པ་ནི།
ཤཀྱཱ་ཐུབ་པ་ལྟ་བུའི་དེ་བཞིན་བཤེགས་པ་སྟེ་སྤྲུལ་སྐུ་ཡིན་ན་སྐུ་འདི་གསུམ་པོ་གང་རུང་ཡིན་དགོས་པས་དེང་སང་ང་ཚོའི་ཡུལ་གྲུ་ན་བཞུགས་པའི་སྤྲུལ་སྐུ་རྣམ་པ་ལ་འཁོར་འདས་ལག་མཐིལ་དུ་བཞག་པ་ལྟ་བུའི་མངོན་ཤེས་དང་།
རྫུ་འཕྲུལ་ལ་རང་དབང་ཐོབ་པའི་གྲུབ་རྟགས་གང་ཡང་མེད་པར་ཤི་ཕོའི་སྐྱེ་རྟགས་གནང་མཁན་རེ་གཉིས་ཙམ་དང་།
རྡོ་ལ་ཞབས་རྗེས་འཇོག་མཁན་(འདི་ནི་ཡོངས་གྲགས་ཡིན་གྱི་དངོས་པོའི་གནས་ཚུལ་ལ་འདི་འདྲའི་ཞབས་རྗེས་འཇོག་ཐུབ་མཁན་མེད་དོ།)རེ་གཉིས་ཙམ་ལས་མེད་པ་འདིས་ཁོང་རྣམས་ལ་སྒྲིབ་གཉིས་མ་ལུས་པ་སྤངས་ཟིན་པའི་ཡོན་ཏན་སྤྱན་ལྔ་དང་།
མངོན་ཤེས་དྲུག སྟོབས་བཅུ། ཕ་རོལ་དུ་ཕྱིན་ལ་དྲུག མི་འཇིགས་པ་བཞི།
མ་འདྲེས་པ་བཅོ་བརྒྱད་སོགས་ཐོབ་ཡོད་པ་ཕར་ཞོག་འཇིག་རྟེན་པའི་ལྷ་ཡི་རྫུ་འཕྲུལ་ཙམ་ཐུབ་པའི་གྲུབ་རྟགས་གང་ཡང་ཐོབ་མེད་པ་ཤེས་ཐུབ།
དེས་ན་ང་ཚོའི་སྤྲུལ་སྐུ་ལ་སངས་རྒྱས་ཀྱི་ཡོན་ཏན་མི་ལྡན་པའི་རྐྱེན་གྱིས་སྤྲུལ་སྐུ་དག་མ་མིན་པས་སྤྲུལ་སྐུའི་མཚན་འདི་དོན་ལ་གནས་མེད།
འོན་ཀྱང་སྔོན་དུས་ཀྱི་བླ་མ་ག་གེ་མོ་དང་།
གྲུབ་ཆེན་ག་གེ་མོ་དག་བསམ་བཞིན་དུ་མི་ཡི་གཟུགས་སུ་སྤྲུལ་ནས་ཕེབས་པའམ་ཡང་ན་སྐྱེ་བ་བཞེས་པ་ཡིན་ན་དེ་ལ་ད་དུང་སྤྲུལ་སྐུ་ཞེས་འདོག་རུང་བ་ཙམ་དུ་སྣང་མོད།
ཆོས་བརྒྱད་རླུང་ལ་བསྐུར།
སྒྲུབ་པ་དང་ཉམས་ལེན་གཙོ་བོར་བྱས་ནས་ཆོས་ལུགས་ཀྱི་གོ་སར་མཐོན་པོར་ཕེབས་པའི་བླ་མ་དམ་པ་དེ་དག་དང་།
གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ལ་འབད་པའི་འབྲས་བུ་ཐོན་ནས་མཐུ་དང་ནུས་པ་ཐོགས་མེད་དུ་སྟོན་ནུས་ཞིང་།
ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་གྲུབ་ཆེན་དེ་དག་བསམ་བཞིན་དུ་མི་ཡི་ལུས་སུ་སྐྱེ་བ་བཞེས་པ་དང་སྤྲུལ་པ་མཛད་པ་ཡིན་ན་དེང་སང་སྙིགས་མ་ལྔ་བདོ་བའི་དུས་འདི་ལྟ་བུ་ཞིག་ན་འགྲོ་བ་མི་ཕལ་མོ་ཆེ་དག་ཆོས་ལ་ཡིད་མི་ཆེས་ཞིང་།
དགེ་སྡིག་གོ་ལོག་ཏུ་སྤྱོད།
ཆོས་ལུགས་ཀྱི་ཚད་ལས་བརྒལ་བའི་བྱ་བ་སྣ་ཚོགས་བྱེད་པའི་དུས་འདིར་རྩལ་དང་གྲུབ་རྟགས།
མཐོང་བ་དང་མངོན་ཤེས་སོགས་ཀྱིས་བློ་སྣ་ཆོས་ལ་བསྒྱུར་དགོས་པའི་དུས་ལ་སླེབ་འདུག་རུང་གོ་རྒྱུ་དང་ཚོར་རྒྱུ་གང་ཡང་མེད་པར་འཇམ་དུང་ངེར་བཞུགས་ཡོད་པ་འདིས་ང་ཚོའི་སྤྲུལ་སྐུ་རྣམ་པ་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་སྙིང་རྗེ་ཅན་ཞིག་མིན་པ་ཤེས་ཐུབ།
ཆོས་བརྒྱད་རླུང་ལ་བསྐུར་བའི་བླ་མ་དང་སྔགས་པ་སྐོར་ཞིག་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་དགོས་བྱུང་བ་ལ་སྤྲུལ་སྐུ་ཟེར་བ་ཡིན་ན་སྐྱེ་བ་སྔོན་མ་གྱུར་པའི་བླ་མ་དང་སྔགས་པ་དེ་ཚོའི་རྒྱུད་ཀྱི་ཉམས་དང་རྟོགས་པ་སོགས་གང་གི་ཆ་ནས་བཤད་རྒྱུ་མེད་པ་ཞིག་ཡོད་པ་དེ་ཚོ་ད་ལྟ་ཡོད་དགོས་རྒྱུ་ཡིན་ནའང་ང་ཚོའི་སྤྲུལ་སྐུ་རྣམས་ལ་དེ་ཚོའི་ཉམས་རྟོགས་ཀྱི་དྲི་ཙམ་ཡང་དྲོ་རྒྱུ་མི་འདུག་པས་དེ་ཡང་མིན་པ་ར་སྤྲོད་བྱེད་ནུས་སོ།
དེས་ན་ང་ཚོའི་སྤྲུལ་སྐུ་ལ་སྤྲུལ་སྐུ་དག་མའི་མཚན་དོན་གྱི་བརྒྱ་ཆའི་བཅུ་ཙམ་ཡང་མ་ཚང་བས་སྤྲུལ་སྐུའི་མཚན་འདི་དོན་ལ་གནས་མེད་དོ།
འོན་ཀྱང་གཞན་མགོ་སྐོར་བའི་ཆེད་དུ་ཡིན་ན་ནི་སུས་ཀྱང་ཁ་འགོག་མི་ནུས་པས་ཅི་དགར་འབོད་ཆོག་པ་ཡིན་ནོ།
ཁྱོད་ལ་ཆོས་ལུགས་དང་མཐུན་པའི་ལམ་ལུགས་དགོས་ན་དེང་སང་གི་སྤྲུལ་སྐུ་དང་དེ་ངོས་འཛིན་གནང་མཁན་རྣམས་ལ་ཆོས་ལུགས་ཀྱི་རྩ་ཁྲིམས་དང་འགལ་བའི་ངོ་སྤྲོད་དང་།
དགག་པ་ཚ་ཐག་ཆོད་རེ་རྒྱག་དགོས་པ་ནི་ཁྱོད་རང་ཚོའི་འོས་འགན་གལ་ཆེན་ཞིག་རེད་སྙམ།
༤༽ ( སྤྲུལ་སྐུའི་སྤྱོད་ལམ།)
གནའ་བོའི་ལོ་རྒྱུས་ཀྱི་ནང་དུ་ང་ཚོའི་སྤྲུལ་སྐུ་ཚོ་ནི་དཔོན་པོ་ལས་ཀྱང་དབང་ཆ་ཆེ་བའི་སྒེར་གཅོད་རིང་ལུགས་པ་གཙོ་ཆེ་ཤོས་ཤིག་ཡིན་པས་ཁོ་ཚོས་རང་རང་གི་དབང་ཆ་བེད་སྤྱོད་བྱས་ནས་ཚོང་དང་དམག་ཇག་རྒྱག་པ།
རྡུང་རྡེག་དང་སྲོག་ཁྲིམས་གཏོང་བ་སོགས་བྱས་པས་ཁོ་ཚོ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་ཟིན་པའི་ཆོས་ལུགས་པ་དང་།
སྡོམ་པ་དང་དབང་ལུང་སྤེལ་བ།
སྐྱེ་བ་དང་ཚེ་རབས་མཁྱེན་པའི་འུར་བཤད་བྱས་ནས་འཇིག་རྟེན་པའི་ཚད་ལས་བརྒལ་བའི་འཇིག་རྟེན་པ་ཞིག་བྱས་རྐྱེན་རང་ཉིད་དང་རང་དགོན་གྱི་དོན་དུ་ཕུང་གསུམ་པའི་མི་ཞིག་བྱས་ནས་གནའ་བོའི་ལོ་རྒྱུས་ན་ཆོས་སྲིད་གཉིས་ཕུང་གི་བྱ་བ་བྱས་པའི་ལྟེ་ཕོ་ངོ་མ་རུ་གྱུར་ཡོད་པ་ནི་གནའ་བོའི་སྤྲུལ་སྐུ་ཚོའི་ལག་རྗེས་རེད།
དེང་སང་ཡང་ང་ཚོའི་སྤྲུལ་སྐུ་དག་གིས་གནའ་བོའི་འདྲ་འབག་དེ་ག་རང་གྱོན་ནས་རང་ཉིད་བྱིས་པ་དང་།
དར་མ།
རྒས་ཁོག་སོགས་གང་ཡིན་རུང་རང་ཉིད་ལས་བསླབ་པ་རྒས་པའི་དགེ་ཚུལ་དང་དགེ་སློང་ཐམས་ཅད་ཀྱི་གྲལ་འགོ་ན་ཁྲི་མཐོན་པོ་རེའི་སྟེང་དུ་འདུག་ནས་རང་ལས་བསླབ་པ་རྒན་པའི་གུས་ཕྱག་ལའང་དོག་སྣང་དེ་ཙམ་མེད་པར་ད་དུང་རྫིག་གཏམ་རེ་བཤད་ཅིང་འདུག་པ་འདིས་ཆོས་འདུལ་བའི་བཅའ་ཁྲིམས་ལ་རྡོག་རྫིས་བྱས་ཡོད།
ད་དུང་སྤྲུལ་སྐུ་ལ་ལ་ཞིག་གིས་ཁྱིམ་སོ་འཛིན་བཞིན་ད་དུང་རབ་བྱུང་བ་གཡོག་ཏུ་བཀོལ་ནས་རང་སྣང་གང་ཤར་གྱི་བྱ་སྤྱོད་སྤེལ་བཞིན་ཅང་མི་སྙམ་པར་བཞུགས་ཡོད་པ་ནི་ཆོས་ལུགས་པའི་ཞབས་འདྲེན་དེ་ལས་ཆེ་བ་ཞིག་གང་ནས་ཞུ།
སྤྱིར་བཤད་ན་སྐད་གྲགས་ཅན་གྱི་སྤྲུལ་སྐུ་དང་བླ་ཆེན་དག་ནི་རང་རང་གི་ཁྲི་ཐོག་དང་གཟིམ་ཆུང་དག་ན་འགྱིང་ཉམས་སྟོན་ཅིང་རང་རང་གིས་རང་འདོད་རེ་སྒྲུབ་ཅིང་བཞུགས་ཡོད་པ་ལས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་བར་གྱི་མཛའ་མཐུན་དང་།
སྤྲུལ་སྐུ་དང་བླ་ཆེན་ཁག་གི་མཐུན་ལམ།
གྲྭ་བཙུན་དང་མི་སེར་རྣམས་ཀྱི་བདེ་སྡུག་སོགས་ལའང་ཐེ་ཏོག་ཏིལ་འབྲུ་ཙམ་ཡང་བྱེད་དཀའ་བས་ཁོ་ཚོ་ནི་ང་ཚོ་བོད་པའི་ཆོས་ལུགས་པའི་ཞབས་འདྲེན་པ་ཡིན།
ད་དུང་ཁོ་ཚོ་ས་ཆ་དང་ཡུལ་ཕྱོགས་གང་དུ་སོང་ཡང་ཁྲི་མཐོ་དམའ་དང་།
གྲ་སྒྲིག་ཆེ་ཆུང་། གུས་སྐུར་བཟང་ངན་སོགས་ལ་བརྟེན་ནས་ཐུགས་བརྙེས་པ་དང་།
དགོངས་པ་འཚོམ་པ་སོགས་བྱུང་བས་གསོལ་རས་སྩལ་བ་དང་བཀའ་སྐྱོན་གནང་བ་སོགས་ཀྱིས་འགྲོ་དོན་མཛད་བཞིན་ཡོད་ལ་རང་གིས་དབང་དང་སྡོམ་པ་ཞུ་སའི་བླ་མ་རྒས་ཁོག་དང་སྤྲུལ་སྐུ།
ཡང་ན་དགེ་རྒན་བཟང་པོ་དེ་ཚོ་རང་གི་གྲལ་འདབ་དུ་བཞག་ནས་ཁོ་ཚོ་ལ་རང་རང་གི་རྫིག་ཉམས་ཡང་སྟོན་བཞིན་ཡོད།
ད་དུང་དབང་དང་ཁྲིད་ཞུ་དུས་རང་གི་ཨོང་སྟེགས་བླ་མའི་བཞུགས་ཁྲི་ལས་མ་མཐོ་ན་མི་དམའ་བའི་སྟེང་དུ་རང་ཉིད་ཡིན་མདོག་མདོག་བྱས་ནས་བཞུགས་ཡོད་པ་ནི་ང་ཚོས་དུས་རྒྱུན་པར་དང་གློག་བརྙན།
ད་དུང་དངོས་སུ་མིག་གིས་མཐོང་བཞིན་པ་དང་རྣ་བས་ཐོས་བཞིན་པ་གྱུར་ཡོད་ལ་འདི་ཚོ་ནི་ཆོས་ལུགས་ཀྱི་ལུགས་སྲོལ་ལས་རྒྱབ་འགལ་གྱི་སྤྱོད་ལམ་དག་དག་ཡིན་པས་ཤཀྱཱ་ཐུབ་པའི་མིག་ཆུ་ནམ་ཡང་འཛད་མཐའ་མེད་པ་ཞིག་ཁྲིད་ངེས་སོ།
༥༽ (ཤེས་དགོས་པའི་གནད་དོན།)
ངས་སྤྲུལ་སྐུ་དག་ཐེར་ཞེས་པའི་ཡི་གེ་འདི་འབྲི་དུས་ང་ལ་ཡང་དད་ལོག་དང་། དམ་ཉམས།
བདུད་དང་། འདྲེ་སོགས་ཀྱི་མིང་དེ་དག་ཡང་སྐྱར་འདོག་ངེས་དང་།
ད་དུང་ང་ལ་མི་བདེ་བའི་གནས་ཚུལ་མང་ཐག་ཆོད་གཅིག་འབྱུང་ངེས་པ་ཡིན་ནའང་ངས་དེ་ཚོ་ལ་སྣང་བ་མི་གཏོང་བར་མིག་བཙུམས་ནས་འབྲི་དགོས་དོན་ནི་དེང་སང་ང་ཚོའི་ཆོས་ལུགས་པའི་ཁྲོད་ཀྱི་སྤྲུལ་སྐུ་ནི་ཆོས་ལུགས་ཀྱི་ཚད་ལས་བརྒལ་བའི་མི་སྣ་ཞིག་ཡིན་པས་ཡོད་པ་ལས་མེད་པས་སྣང་གཙང་བའི་དབང་གིས་དེ་རིང་ནས་བཟུང་སྟེ་ང་ཚོ་བོད་པ་ཚང་ལ་འགྲོ་བའི་སྡུག་བསྔལ་ཕྱག་གིས་ཕྱི་མཁན་ཕྱི་རྫིག་ནང་སྟོང་ཅན་གྱི་སྤྲུལ་སྐུ་ཚོ་ད་ནས་བཟུང་ཡོད་ན་སྡུག་རྒྱུ་དང་།
མེད་ན་དགའ་རྒྱུ་ལས་ཅི་ཡང་མི་འདུག་གོ་ཞེས་པའི་བརྡ་འདི་ང་དང་ང་འདྲ་བའི་མི་བུ་གནས་ལུགས་ལ་ཅུང་དགའ་མཁན་ཚོ་ལ་གནས་ལུགས་དང་མཐུན་པའི་གསལ་བརྡ་ལེགས་པོ་ཞིག་རྒྱག་པའི་ཆེད་དུ་བྲིས་པ་ཤེས་དགོས།
སྤྱིར་བཤད་ན་ཤཀྱཱ་ཐུབ་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས།
།སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་རྟགས་ལ་ང་ཡི་བཀའ།
།བླངས་བར་བྱ་ཡི་གུས་ཕྱིར་མིན།
།ཞེས་གསུང་པ་ལྟར་ཆོས་ལུགས་ལ་རྟགས་ཞིང་དཔྱད་ནས་ད་བཟོད་ལེགས་ཆ་དང་ཉེས་ཆ་རྣམས་ལ་བླང་དོར་བྱས་ནས་སྙིགས་འདོར་བཅུད་ལེན་བྱེད་རྒྱུ་གལ་ཆེ།
དེ་མིན་རྟགས་ཞིང་མ་དཔྱད་པར་གཞན་གྱི་ཟེར་སྒྲོས་ལ་བདེན་དོན་བཅོལ་ནས་གཞན་གྱི་ལད་མོ་རྐྱང་རྐྱང་བྱས་ན་རང་ཉིད་མི་ཕུང་བའི་ངེས་པ་མེད་དེ་ཅལ་སྒྲ་ཐོས་པའི་རི་བོང་གིས།
།སྲོག་ཆགས་ཟླ་བོ་དཀྲོགས་ལ་ལྟོས། །ཞེས་པའི་དཔེ་ལྟར་ཡོང་བའི་ཉེས་ཁ་ཆེའོ། ། ། །
ལྷ་དང་བླ་མའི་བཀའ་དང་དམ་ལ་མི་གནས་ཞིང་། །
ལས་མཁན་རྣམས་ཀྱི་ཟིལ་དང་སྟོབས་ལ་མི་སྐྲག་པའི། །
གྲྭ་པ་ང་ནི་ཚད་ལྡན་བཙུན་པ་མ་ལགས་པས། །
དྲང་བདེན་ཅན་གྱི་རྒུམ་བུ་བཟང་པོ་འཐུ་ལ་དགའ། །
ཞི་ཚང་སྐྱ་རེངས་ཆོས་པའི་ཚད་ལས་མ་བརྒལ་ན། །
སྤྲུལ་སྐུ་ཡིན་པའི་ང་རྒྱལ་གཞན་ལས་ལྷག་ཀྱང་སྲིད། །
སྤྲུལ་སྐུའི་གཏུམ་སྤྱོད་འཇིག་རྟེན་འདི་ན་མི་འདུག་ན། །
ཆོས་པའི་བྱ་སྤྱོད་ཚད་ལྡན་ཅུང་ཞིག་ཡིན་ན་ཐང་། །
མང་ཚོགས་མགོ་བོ་ཇི་ལྟར་བྱས་ཀྱང་སྐོར་ཐུབ་ཀྱང་། །
མཁས་པ་ཕལ་ཆེར་གཡོ་སྒྱུའི་ཚིག་གིས་ནོན་པ་དཀའ། །
སྤྲུལ་སྐུའི་གདུལ་བྱ་འཇིག་རྟེན་འདི་ན་རྫོགས་ཟིན་པས། །
མི་མངོན་དབྱིངས་སུ་རྒྱས་འདེབས་བྱས་ན་འོས་འཚམས་ཡིན། །
༢༠༡༢.༩.༡༧ཉིན་བྲིས་ཟིན།
Subscribe to:
Post Comments (Atom)
0 comments:
Post a Comment