དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 19 September 2012
གཡུ་ཡི་གླིང་བུ་མཚོ་མོ་ངོ་སྤྲོད་བསྡུས་པ།
གཡུ་ཡི་གླིང་བུ་འམ་གླུ་མ་མཚོ་མོ་ངོ་སྤྲོད།
ཕ་མའི་གཤིས་ཀ་ལ་དུང་ཞིང་། ཕ་སྐད་གཙང་མའི་གླུ་གཞས་ལ་དགའ་ཞེན་ཆེ་བའི་མདོ་ཁམས་གཡུ་ཤོད་ཀྱི་ན་གཞོན་གླུ་མ་མཚོ་མོ་འམ་གཡུ་ཡི་གླིང་བུ་ནི། མདོ་ཁམས་རྟའུ་རྫོང་གཡུ་ཁོག་གཡུ་མཁར་ཡུལ་ཚོའི་འབྲོག་སྡེ་ཞིག་ནས་སྐྱེས་ཤིང་། དྲིན་ཅན་ཕ་མ་ཟུང་གི་བྱམས་བརྩེའི་འཛུམ་ཟེར་ཀྱིས་ལང་ཚོའི་མྱུ་གུ་སྐྱེད་སྲིང་མོད། ཁོ་མོ་རིག་པ་གསལ་ཞིང་སློབ་རན་ལ་སླེབས་པའི་དུས་དེར་ཁོར་ཡུག་འབྲོག་ལུང་སྤྱིའི་གནས་བབ་ལྟར། ཕ་ཁྱིམ་གྱི་ཕྱུགས་ཟོག་འཚོ་སྐྱོང་དང་འོ་བཞོ་ལྕི་འཕེན་ངལ་རྩོལ་གྱི་འགོག་རྐྱེན་འོག་ནས་སློབ་གྲྭའི་སྒོ་ཐེམ་སྙེག་པའི་བསྐལ་བ་མ་ལྡན་པར། བཅུ་དྲུག་ལང་ཚོའི་ན་ཚོད་རྡོ་རྗེ་གཡུ་ཡི་རྫ་རིའི་ཁོར་ཡུག་གི་རི་ཐང་ཤོད་གསུམ་དུ་འབྲི་མོའི་འུར་སྒྲའི་རོལ་དབྱངས་ལ་འཚམས་ཤིང་། རང་བྱུང་གི་འཚོ་བའི་ལྷིང་འཇགས་མཚོན་པའི་འབྲོག་གླུ་དབྱངས་རིང་མའི་སྙན་འཇེབས་ཁྲོད་དུ་ཐིམ་སོང་བ་ནི། དུས་རབས་དང་མཐུན་པའི་སློབ་གླིང་གི་བུ་མོ་ཚོའི་བསོད་ནམས་དང་བསྡུར་ནས་བཤད་ན། མོའི་མི་ཚེའི་སྟེང་ནས་གྱོང་གུད་ཅིག་རེག་སོང་བ་རེད་ཅེས་སུ་ཞིག་གིས་མི་གླེང་མོད། འོན་ཀྱང་སྤྱི་ཚོགས་ཀྱི་ཉོག་དྲས་ཀུན་ནས་བསླད་པའི་གཞོན་སྐྱེས་སྒྱུ་མ་མཁན་མང་ཕྱོགས་ཤིག་གི་གོམས་གཤིས་དང་བསྡུར་ནས་འོང་ན། ཁོ་མོར་ལྷད་མེད་ཡ་རབས་ཀྱི་ཀུན་སྤྱོད་ཅིག་དང་། གཤིས་བཟང་གཞུང་དྲང་ཅན་གྱི་གདོང་དམར་བུ་མོ་ངོ་མ་ཞིག་གི་ཚུགས་ཀ་ལྷག་ཡོད་པ་ནི། ཁོ་མོའི་ཟུངས་ཁྲག་ཏུ་གངས་རིའི་ཁོར་ཡུག་གི་དྭངས་གཙང་མཁའ་དབུགས་དང་། ཀུན་གཞིའི་གཤིས་སུ་ཕ་མེས་ཡང་མེས་ཀྱི་གོམས་སྲོལ་ལྟར་བདེན་སྐྱེས་དང་ངང་བཟང་གི་བསིལ་རྒྱུན་ཐོབ་པ་མ་གཏོགས། ཆུང་བའི་དུས་ནས་གྲོང་ཁྱེར་ཀྱི་མཁའ་དབུགས་དང་གཡོ་ཁྲམ་གྱི་འབག་བཙོག་དྲི་མ་ཅན་གྱི་ནང་བཙོ་སྦྱང་མ་བྱས་པའི་དགེ་མཚན་ཉག་ཅིག་ཏུ་འཁུམ་ཟེར་ཆོག
ཁོ་མོས་ལང་ཚོ་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས་རྙེད་པའི་བསམ་བློ་དང་དགའ་ཕྱོགས་ནི། རང་ཉིད་དང་ལྷན་སྐྱེས་སུ་གྲུབ་པའི་སྐད་ངག་ལ་བརྟེན་ཏེ། ཤེལ་གྱི་རང་འོད་འཚེར་བའི་ཕ་ཡུལ་གངས་རིའི་ལྗོངས་ཀྱི་ཁོར་ཡུལ་ལ་དུང་ཞེན་མཚོན་པའི་གླུ་གཞས་རེ་རེ། སྨོན་འདུན་གྱི་དབྱངས་རྟ་ལ་བསྐྱོན་ཏེ་ཕུལ་རྒྱུ་བྱུང་ན་སྙམ་པ་ནས་བཟུང་། མོས་རང་གི་འདོད་པའི་ཕྱོགས་སུ་གོམ་ཁ་དཀྱུ་ཅི་ཐུབ་གང་ཐུབ་ཀྱིས་སྤོས་པའི་གོ་སྐབས་ཁྲོད། རང་ཡུལ་གྱི་རྟ་རྒྱུག་དགའ་སྟོན་སོགས་སྤྲོ་ཚོགས་དུ་མའི་གར་སྟེགས་བརྒྱུད་ཁོ་མོའི་སེམས་ཀྱི་རེ་འདུན་ལ་དོན་བཟང་གི་འབྲས་བུ་སྨིན་མགོ་བརྩམས་ནས། ཁྱིམ་མི་གཉེན་ཉེ་དང་གྲོགས་བཟང་ཚོས་རྒྱབ་སྐྱོར་ལ་བརྟེན་རིམ་གྱིས་གླུ་གར་གྱི་ལམ་བུ་འདི་ལ་ཞུགས་ཐུབ་པ་བྱུང་ཞིང་། སྤྱི་ལོ ༢༠༠༩ ལོར<<ན་ཆུང་གི་རྩེད་གླུ>>ཞེས་པའི་མཉམ་སྒྲིག་ཟེར་སྡེར་ཞིག་བརྒྱུད། ཁོ་མོས་ཕ་ཡུལ་གྱི་རི་ལུང་ལ་དུང་ཞེན་མཚོན་པའི་སེམས་སྐྱེས་ཐོག་མ<<ཕ་ཡུལ་གཡུ་ཁོག>>ཅེས་པའི་གཞས་ཤིག་ཕུལ་བ་ན། ཁོ་མོའི་སྐད་ངག་གི་འགྱུར་ཆ་དང་མ་བཅོས་ལྷད་མེད་ཀྱི་ཉམས་འགྱུར་གྱིས་་ཕ་ཡུལ་མང་ཚོགས་ལ་བག་ཆགས་ངེས་ཅན་ཞིག་ཐེབ་ཏེ་དགའ་བསུ་ཡང་མི་དམན་པ་ཐོབ་པར་མ་ཟད། མུ་མཐུད་དུ་སྙན་མོའི་གཞས་གདངས་རེ་རེ་དང་། ལྷད་མེད་ཀྱི་གར་ཉམས་རེ་རེ་མིག་གི་དཔལ་དང་རྣ་བའི་དཔྱིད་དུ་སྩོལ་བའི་རེ་འབོད་དང་གཞེན་སྐུལ་གཅིག་མིན་དུ་མར་ཐོབ་པས་སྐུལ། མོས་ཀྱང་ཕ་ཡུལ་མང་ཚོགས་ཀྱིས་གདེང་འཇོག་དང་། རང་གི་དགའ་ཕྱོགས་ཀྱི་ལམ་བུ་ལ་ཡར་རྒྱས་འོང་བའི་སྤོབས་སེམས་ཀྱི་འདུན་པ་སྔོན་སོང་གིས་ཕ་སྐད་གཙང་མའི་གླུ་གཞས་གཏོང་བར་ཤུགས་བསྐྱེད་དེ། རང་སྟོབས་ཀྱིས་ཚོད་ལྟ་དང་སྦྱང་བརྩོན་གྱི་གོ་རིམ་འོག་ནས་ད་ལོ་སྟེ། ༢༠༡༢ལོར། ཁོ་མོའི་ནང་སེམས་ཀྱི་འགྱུར་བག་མཚོན་པའི་གླུ་དབྱངས་ཆེད་སྒྲིག་ཐོག་མ་<<གཡུའི་གླིང་བུ།>>ཞེས་པའི་བརྙན་འཁོར་ཞིག་རྩ་ལམ་ན་རིགས་ཀྱི་ཟུངས་ཁྲག་རྒྱུ་བའི་སྤུན་ཟླ་ཡོངས་ལ། འཚོ་བ་དང་གནས་བབ་ཁྲོད་ཀྱི་དཀའ་སྡུག་སྣ་ཚོགས་ལས་ངལ་ཅུང་རེ་གསོ་བའི་གཟིགས་རྟེན་དང་ཉན་ཡུལ་གྱི་སྟེགས་བུ་ཙམ་དུ་ཕུལ་ཡོད་པར་མ་ཟད། ཁོ་མོའི་ཕུགས་བསམ་དང་དམ་བཅའ་ནི་ཕ་སྐད་གཙང་མའི་གླུ་གཞས་ཀྱི་ལས་རིགས་ལ་བརྟེན་ཏེ་རང་རིགས་ལ་ཞབས་ཞུ་ཞིག་སྒྲུབ་ཨེ་ཐུབ་སྙམ་པ་དེ་ཡིན་ཟེར་ནས་དམ་བཅའ་བཞིན།
ད་ལྟ་སྐད་ཡིག་དང་གླུ་གར་སྒྱུ་རྩལ་ལ་སྦྱང་བརྩོན་རྒྱུན་སྐྱོང་བཞིན་པའི་ངང་ཚུལ་ལ་གཞིགས་ན། སློབ་རའི་སྒོ་ཐེམ་མ་མཐོང་ཞིང་བསམ་བློའི་རས་གཞི་ལ་སློབ་གསོའི་ཚོན་རྩི་རེག་མ་མྱོང་བའི་ཕྱུགས་རྫི་བུ་མོ་ཞིག་གི་གོ་རྟོགས་རང་འགུལ་གྱིས་སད་དེ། རང་གི་དགའ་ཕྱོགས་དང་ལེན་བྱེད་སྟངས་འདི་འོས་ཤིང་འཚམས་པ་ཞིག་ཡིན་པར་མ་ཟད་རེ་བ་ཡང་མི་དམན་པ་ཞིག་ཡོད་པར་མཐོང་བ་དང་ཆབས་ཅིག རིགས་ཀྱི་སྲིང་ཆུང་མ་འདི་ལ་ཡ་རབས་གཞུང་དྲང་གི་རྐང་མི་བོར་ཞིང་ཤེས་རྒྱ་མཐོང་ཡངས་དང་། དགའ་ཕྱོགས་དང་ལེན་གྱི་གོམས་སྟབས་མུ་ནས་མུ་རུ་སྒྱུ་རྩལ་གྱི་ཚོན་མདངས་རྣམ་པར་བཀྲ་བའི་གར་སྟེགས་སུ་ཡར་ཐོན་ལ་བརྩོན་པ་གནང་དགོས་པའི་རེ་འབོད་དམ་བསམ་བློས་སྐུལ་འདེད་ཀྱང་བྱེད་དོ། །
Subscribe to:
Post Comments (Atom)
0 comments:
Post a Comment