དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 19 September 2012
ལྷག་བསམ་དཀར་པོའི་མཆོད་སྤྲིན། །

གྲངས་མེད་ཚོགས་གཉིས་མཚན་དཔེའི་འདབ་སྟོང་འོད་ཟེར་འབུམ་གྱིས་འཁྱུད་པའི་སྐུ།།
མ་རིག་དུག་ལྔའི་སྤྲིན་ནག་འཐིབ་པའི་སྒྲིབ་གཉིས་མུན་པ་རྩ་ནས་བཅོམ།།
མཁྱེན་བརྩེའི་ཡེ་ཤེས་ཆོས་ཀྱི་སྦྲང་ཆར་འགྲོ་བློའི་པད་ཚལ་ཡོངས་སུ་སྨིན།།
མཆོག་གསུམ་བདག་ཉིད་ཐུབ་པའི་དབང་པོར་སྙིང་ནས་གུས་པས་ཕྱག་འཚལ་ལོ།།
མདོ་རྒྱུད་དུ་མར་ལུང་གིས་ཟིན་པའི་གངས་ཅན་ས་ལའི་ལྗོངས་ཞེས་པ།།
མཚན་གྱི་བ་དན་མཁའ་ལ་བསྒྲེངས་ཏེ་གོ་ལ་ཧྲིལ་པོ་ཀུན་ལ་ཁྱབ།།
སྟོད་ནས་གངས་དཀར་ཏི་སེ་ནས་བཟུང་སྨད་ཀྱི་མཆོད་རྟེན་དཀར་པོའི་བར།།
བསིལ་ལྡན་བྷོ་ཊ་ཆོས་ཀྱི་ཞིང་ཁམས་གདོང་དམར་བོད་མིའི་ཕ་ས་ཡིན།།
རིགས་གསུམ་སྒྱུ་འཕྲུལ་རྒྱལ་བློན་རིམ་བྱོན་བྱིན་གྱིས་བརླབས་པའི་གནས་ཀྱི་མཆོག །
ནག་ཕྱོགས་ལྷ་འདྲེ་ཐམས་ཅད་བཏུལ་ཏེ་འཚེ་མེད་ཞི་བའི་ལམ་དུ་དྲངས།།
ལྷ་ཆོས་དགེ་བ་བཅུ་ཡི་རྨང་གཞི་མི་ཆོས་གཙང་མ་བཅུ་དྲུག་སོགས།།
འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཡང་རྩེར་བཤད་སྒྲུབ་བསྟན་པའི་རྩ་བ་བཙུགས།།
བཅོས་མིན་བྱམས་བརྩེའི་རང་མདངས་ངོམ་པའི་མདོ་དབུས་ཁམས་གསུམ་ས་ཡི་ཆར།།
ངོ་མཚར་དུ་མའི་ལྟས་དང་བཅས་ཏེ་བརྗིད་ཆགས་འབར་བའི་གུར་ཁང་ནས།།
རྒྱལ་བསྟན་ཉི་ཟླ་མཁའ་ལ་ཤར་བས་བཤད་སྒྲུབ་ལས་ཀྱི་འོད་སྟོང་འབར།།
ཐུབ་བསྟན་མི་ཉམས་ཕྱོགས་བཅུར་རྒྱས་མཛད་ཞི་བདེའི་དེད་དཔོན་བཀའ་དྲིན་ངེས།།
རབ་དཀར་གངས་རིས་ཡོངས་སུ་བསྐོར་བའི་སྤང་ཐང་མཛེས་མའི་དབུས་གཙང་ཕྱོགས།།
ལྗོན་ཤིང་བྲག་རི་ལྷུན་སྟུག་སྣ་ཚོགས་མདོ་སྟོད་རིན་ཆེན་རི་ཡིས་བརྒྱན།།
འདི་ཕྱིའི་ལེགས་ཚོགས་རྣམ་པར་བཀྲ་བའི་མདོ་སྨད་སྡུག་པའི་སྨན་ལྗོངས་དང།།
ཆོལ་ཁ་གསུམ་ཞེས་སྙན་པའི་གྲགས་པ་གངས་རིའི་ཐ་སྙད་ཀུན་ཡིད་འཕྲོག།
མདོ་ཁམས་སྒང་དྲུག་ནང་ཚན་གྱུར་པའི་ཟལ་མོ་སྒང་ཞེས་གནས་མཆོག་ཏུ།།
ལྗོན་ཤིང་སྤང་ལྗོངས་རབ་ཏུ་མཛེས་པའི་མདོ་ཁམས་འབྲི་རུ་ནོར་བུའི་མཛོད།།
ཕུན་ཚོགས་སྡེ་བཞིས་ཡོངས་སུ་སྐོར་ཞིང་དྭངས་གཙང་རྒྱལ་མོ་དངུལ་ཆུའི་འགྲམ།།
འདོད་རྒུའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག།
ཁམས་ཀྱི་སྲིན་མོ་རྫོང་གསུམ་ཞེས་པའི་འཁྲུལ་མེད་ལུང་གི་མཁའ་དབྱིངས་སུ།།
ཁམས་ཤག་སྲིན་རྫོང་བསྟན་པའི་མངའ་བདག་རྟ་བདུན་དབང་པོ་ལྷམ་མེར་གསལ།།
དོན་ཀུན་གྲུབ་པའི་བརྗིད་ཉམས་ལྡན་པའི་ཡུལ་ལྗོངས་གཟི་མདངས་ལྡན་པའི་རི།།
བསོད་ནམས་བྱེ་བ་འབུམ་གྱིས་བསྡུས་ལྟར་རང་མིང་འབྲི་རུ་ཞེས་སུ་གྲགས།།
བརྗིད་ཆགས་ལྷུན་པོ་མར་ཁུ་ལས་བྱུང་སྨུག་པོའི་མདོག་ཅན་རི་ཡི་རྒྱལ།།
བསིལ་ལྡན་ཆུ་བོ་ཡན་ལག་བརྒྱད་ལྡན་འོ་མའི་མཚོ་འཕྱུར་སི་ལི་ལི།།
ལྟ་ན་སྡུག་པའི་ལྗོན་ཤིང་བྲག་རི་འཇའ་ཚོན་འཁྲིགས་པ་ཐིབས་སེ་ཐིབ།།
བྱ་དང་རི་དྭགས་ཡིད་དབང་འཕྲོག་པའི་དགའ་བའི་སྐད་སྙན་པུ་རུ་རུ།།
དེ་ལྟར་ཡུལ་ལྗོངས་ཞིང་ཁམས་བཀོད་པ་ཚོགས་གཉིས་ཆུ་གཏེར་རྡོལ་བ་དེ།།
མཚན་དཔེ་པད་མོ་འདབ་སྟོང་བཞད་པའི་རབ་འབྱམས་རྒྱལ་བ་སྲས་བཅས་དང།།
དད་དམ་གཙང་མ་འོ་ཆུ་འདྲེས་པའི་ས་གསུམ་འགྲོ་བའི་བླ་མ་ཁྱེད།།
དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་ཏེ་ལྷག་བསམ་དཀར་པོའི་མཆོད་སྤྲིན་ཞིག །
 
སྔ་འགྱུར་མཚོ་རྒྱལ་བཤད་སྒྲུབ་གླིང་ཁམས་འབྲི་རུ་བསྟན་འཛིན་དབང་མོས་བརྩམས། །

0 comments:

ཟིན་བྲིས་འཚོལ་ཡུལ