དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 1 December 2012
དུས་རབས་གསར་བའི་ལུང་བསྟན་ཞིག
ན་མོ་གུ་ར་ཝེ།
མགོན་ལྷ་མིའི་རྣམ་འདྲེན་ཤྰཀྱའི་རྒྱལ། །རྗེ་སངས་རྒྱས་ཀུན་འདུས་བླ་མ་རྒྱལ། །གསུང་དམ་ཆོས་ཀུན་བཟང་མདོ་སྔགས་རྒྱལ། །གྲོགས་བྱང་སེམས་སྲས་དང་བཅས་པར་འདུད། །ང་སད་རྨི་བར་གྱི་སྣང་བ་ལ། །སྐྱིད་མེད་པའི་གངས་ཅན་ལས་དབང་བསམ། །ཁྱད་པར་དུ་རང་བསྲེག་ལས་ངན་བསམ། །ལྷ་རྩ་གསུམ་ལྷ་ལ་གསོལ་འདེབས་བྱས། །སེམས་རེ་དོགས་མེད་པར་དལ་ཅིག་ལུས། །བྱམས་སྙིང་རྗེའི་རང་གཟུགས་བླ་མ་ཞིག །སྤྱན་ཆུ་རས་གང་ཞིང་བདག་ལ་གཟིགས། །ཞལ་འཛུམ་མདངས་བརྡ་གླུ་འདི་ལྟར་གསུངས། །ཤར་ཉི་མའི་འོད་སྣང་མ་འཆར་གོང་། ། མི་རང་ལུས་མེ་རུ་སྒྲོན་པ་དེ། །དོན་མི་ཐོན་སྐར་མདའ་མཆེད་དང་མཚུངས། །སྙིང་རྗེ་བས་ནང་མའི་རང་སྡུག་ཡིན། །རྒྱ་གོང་མའི་བཙན་གནོན་ཇེ་ཆུང་ཐབས། །བོད་འབངས་མིའི་གསོན་བསྲེག་མཚམས་འཇོག་དང་། །ལས་དགེ་བཅུའི་ཁྲིམས་མཐུན་བྱས་པ་ན། །ཚེ་འདི་བདེ་ཕྱི་ཕན་འབྱུང་ངེས་གསུངས། །ངས་རྨི་ལམ་ཡིན་པར་ངོ་ཤེས་ཀྱང་། །གསུང་ལུང་བསྟན་ཡིན་པར་ཡིད་ཆེས་ནས། །མུ་འཐུད་དུ་མེ་མཆོད་བྱས་པ་ན། །དོན་ཐོན་པའི་རང་དབང་ཐོབ་སྲིད་དམ། །རྗེ་བླ་མར་གུས་པས་ཡང་ཡང་ཞུས། །གསུང་ཆོས་དུང་རང་སྒྲ་དལ་གྱིས་ཆད། །སྐུ་བགྲེས་པོའི་ཉམས་བཅས་དབུ་གཡུག་བཞིན། །ཞལ་ཞི་མ་ཁྲོ་བཅས་མི་སྣང་གྱུར། ། གཉིད་མ་སད་མུན་པའི་སྣང་བ་ལ། །ས་འགུལ་ཞིང་རི་བོ་ཞིག་པའི་སྒྲ། །མི་ཤི་གསོན་གྲངས་མེད་ངུ་འབོད་བར། །སེམས་མ་བདེ་དལ་ཅིག་སྡུག་གིས་གནར། །ངས་རྩ་གསུམ་རྒྱལ་བར་བདེན་པ་བརྡར། །ལྷ་ཞི་ཁྲོའི་བསྙེན་སྔགས་བཟླས་པའི་ཚེ། །འོད་གསལ་བའི་སྣང་བ་རང་མཆེད་ནས། །རི་མཐོན་པོའི་རྩེ་རུ་ཐོན་པ་རྨིས། ། མར་བལྟས་ན་ཉི་ཟླ་འོག་ནས་འཆར། །འོད་སྐར་ཚོགས་ལམ་ལམ་རི་བོ་བསྐོར། །ཡིད་བདེ་གསལ་མི་རྟོག་ཏིང་འཛིན་ངང་། །སེམས་སྐྱིད་པའི་སྣང་བ་བརྗོད་ལས་འདས། ། ད་མང་པོ་འཆར་རུང་དེ་མི་བཤད། །དོན་སྙིང་པོ་དམ་པ་ཆོས་པའི་ཚུལ། ། སེམས་སོ་མའི་ངང་ནས་རྙེད་པ་ཀུན། །ཚིག་སྐལ་ལྡན་ཆེད་དུ་དམ་རྒྱ་བྱས། ། ད་མི་ཆོས་བླ་མའི་ཆོས་ཞིག་འཆད། །རྫུན་མིན་པས་ཡིད་ཆེས་ཡོད་མཁན་རྣམས། །དོན་འདི་བཞིན་སྒྲུབ་ན་བསླུ་མེད་ཡིན། ། ཚིག་བདེན་པའི་གཏམ་འདི་ཐུགས་ལ་ཟུངས། དུས་དེང་སང་ཆོས་བཤད་ཚོགས་མང་ཡང་། །དོན་ཉམས་ལེན་མེད་པར་སེམས་རྒྱུད་གོལ། ། ཁ་ཕོ་རུས་ཤགས་འབྱེད་ཁེ་གྲགས་ལས། །ཚེ་ཕྱི་མར་བསམ་མཁན་ཉིན་སྐར་བཞིན། ། བོད་ནང་བརྒྱུད་དམ་པའི་ཆོས་ཀྱི་སྙིང་། །སེམས་འདུལ་ནས་གཞན་ཕན་སྒྲུབ་པར་མཛོད། །ཆོས་མདོ་སྔགས་གཉིས་ཀའི་གནད་འགག་ལགས། །དད་དམ་ཚིག་རྩ་བ་རྒྱ་འགོང་ཐུལ། །ཆོས་འཇིག་རྟེན་རྩ་བ་དྲང་བདེན་མཛོད། ། ཚེ་འདི་ཕྱིའི་རྩ་བ་དགེ་བརྩོན་དང་། །ཕན་བདེ་བའི་ཉི་མ་འཆར་མྱུར་འགྱུར། །
ཞེས་རབ་རྒྱན་ཆུ་འབྲུག་ཟླ་ཚེས་ལ་རྨི་ལམ་ཞིག་གིས་རྐྱེན་ལས་གང་ཤར་དུ་ཤྲྰི་སྨྱོན་པ་འམ་རིག་འཛིན་ཨེ་མ་ཧོས་གླུ་རུ་བླངས་པས་གངས་ལྗོངས་བསྟན་སྲིད་ལ་ཕན་བདེའི་རྒྱུ་རུ་གྱུར་ཅིག་གུ། །
Subscribe to:
Post Comments (Atom)
0 comments:
Post a Comment