དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 9 December 2012
༄༅། །རྗེ་ཀུན་མཁྱེན་འཇིགས་མེད་དབང་བོའི་མཛད་རྗེས་ལ་བསྟོད་པ་

པདྨ་དཀར་བོའི་ཆུན་འཕྱངས་ཞེས་བྱ་བ་བཞུགས་སོ།



སྒྲོལ་མ་ཚེ་རིང་གིས་བརྩམས།



༄༅། །ལྷ་ཅིག་ཕྱག་ན་པདྨོའི་ཐུགས་རྗེའི་སྤྱན་འོག་ཏུ། །

དགེ་བཅུའི་ལང་ཚོ་རབ་རྒྱས་མདོ་སྨད་འཛིན་མའི་ལྟོར། །

ཆོས་རྩེན་རྒྱལ་སྲས་དབྱར་གྱི་ལང་ཚོ་སྦྲུམ་པ་ཡིས། །

དྲི་མེད་དགའ་ལྡན་གྲུ་ཆར་སྐལ་བཟང་དུས་འདིར་བབས། །





མཆོག་གསུམ་ནོར་བུ་མན་ཤེལ་བློ་ཡིས་མངོན་མཁྱེན་པ། །

རྟག་བརྟན་ཚད་མའི་ཡིད་ཆེས་གློག་ཞགས་འཁྱུག་བྱེད་པའི། །

ཐུབ་བསྟན་ནོར་བུའི་སྙིང་བོ་རང་དབང་འགྱེད་ནུས་མཁན། །

དྲན་དབང་མགོན་པོའི་སྐུ་ལ་བསྟོད་པའི་མཇལ་དར་འབུལ། །





བསམ་སྦྱོར་ཀུན་ནས་དམ་པའི་ཞབས་ལ་བསྟེན་ནས་ནི། །

མདོ་སྔགས་གསར་ཞུན་ཐོས་བསམ་ཧུབ་ཀྱིས་འཇིབ་པ་དང་། །

འཆད་རྩོད་རྩོམ་གྱི་གོ་ཆའི་མཁྱེན་རབ་ཀློང་རྡོལ་བས། །

རིགས་པའི་རྣམ་འགྱུར་ཕྲ་མོར་འགྲན་འོས་རྐང་གཉིས་མེད། །





བརྒལ་བརྟག་རྩོད་པའི་རིགས་པ་རྡོ་རྗེའི་ཉག་ཕྲན་གྱིས། །

རྣམ་དཔྱོད་བློ་ཡི་སྒོ་མོར་ཕུལ་སྟེར་ཚབས་ཆེ་བས། །

མཁས་གང་སྒྲུབ་བྱེད་བརྒྱ་སྟོང་དག་ཀྱང་སྐྱེངས་བྱེད་པའི། །

ཀུན་རིག་མཆོག་སྤྲུལ་གཉིས་པ་འཛིན་མའི་ཁྱོན་ན་དབེན། །





སྒྲ་སྙན་སྡེབ་སྦྱོར་ཆུ་ཀླུང་ཆེན་མོའི་མཐར་སོན་ཞིང་། །

ཟབ་བརླིང་ཐུགས་གསུང་དབྱར་སྐྱེས་རྔ་ཡི་སྒྲ་དབྱངས་ཀྱིས། །

མཁས་རློམ་བྷྲ་མ་རའི་ཚོགས་ཡིད་དབང་རབ་འཕྲོག་པའི། །

ཐུབ་བསྟན་ཀུན་གསལ་དྲི་མེད་དབྱིངས་ཀྱི་སྨྲ་བའི་རྒྱལ། །





འདོར་ལེན་ཉེས་ལྟུང་དྲི་མའི་དུཿཁས་མ་གཟིར་ཞིང་། །

སྐུ་ལུས་ཚུལ་ཁྲིམས་དྲི་ངད་རྒྱང་རིང་འཕྲོ་བ་ཡིས། །

བྱང་ཆུབ་སེམས་དཔའི་བསླབ་པ་དུས་ཀུན་འཛིན་བྱེད་པ། །

ཉིན་བྱེད་བསྟན་པ་ཁོ་ནའི་དོན་བྱེད་འགྲོ་བའི་མགོན། །





རང་གཞན་དགོན་སྡེའི་ཁ་དོག་རིས་སུ་མ་ཆད་པར། །

གྲྭ་སློབ་ཡོན་བདག་རྒྱ་དང་སོག་བཅས་དབྱེར་མེད་དུ། །

ལོ་དང་ཟླ་ལྟར་འགྱུར་མེད་བག་ཡོད་བརྟུལ་ཞུགས་ཀྱིས། །

བསྟན་པའི་མཆོད་མེ་ཇི་སྲིད་བསྒྲོན་པའི་ཡེ་ཤེས་སྐུ། །





རང་དོན་འཁྲི་བ་ཡོངས་སྤངས་འགྲོ་དོན་ཐུགས་ལ་འགོངས། །

དགེ་ལྡན་ལུགས་ལ་སྔར་མེད་ས་བོན་བསྐྲུན་པ་དང་། །

ཉམས་པའི་མེ་རོ་གསོས་ཏེ་ཤེས་རྒྱུད་ལྗོན་པ་རྒྱས། །

སྐལ་ལྡན་ངུར་སྨིག་འཆིང་བའི་སྐྱབས་ཅིག་རྗེ་བཙུན་མཆོག །





བོད་ཡུལ་སྟོད་སྨད་མདོ་དབུས་ཁམས་གསུམ་མཐའ་དག་དང་། །

ཉི་ཕྱོགས་རྒྱ་མཚོའི་མཐའ་བར་ཞབས་ཀྱིས་བཅགས་མཛད་དེ། །

གདོན་བགེགས་ནད་རིམས་བཅས་ཀྱི་འཇིགས་པ་འཇོམས་གྱུར་ནས། །

གདུལ་བྱའི་དོན་ཀུན་མངོན་མཐོ་ངེས་ལེགས་ལམ་ལ་སྦྱར། །





སྲིད་པའི་ནད་བརྒྱ་སེལ་བའི་རིན་ཆེན་སྨན་མཆོག་དང་། །

མཐར་འཛིན་འཆིང་རྒྱ་གཅོད་པའི་ཤེས་རབ་རལ་གྲི་ཞེས། །

དགེ་སྦྱོར་ལས་ལ་གཞོལ་བའི་སྒོམ་ཆེན་མང་པོས་ཀྱང་། །

བསྟོད་པའི་ཚིག་གི་མེ་ཏོག་རིག་པའི་དཔའ་བོར་མཆོད། །





དགེ་འདུན་ཆུ་ཕྲན་ཚོགས་ཀུན་གྲྭ་ཚང་རྒྱ་མཚོར་བཅུག །

མཐའ་ཡས་དགོན་སྡེ་ཞལ་གྲངས་བཞི་བཅུར་ཉེ་བ་ལྷག །

གསར་སྐྱོང་ཉམས་གསོའི་ལས་ཀྱིས་བཤད་སྒྲུབ་རྒྱུན་བཟང་ཚུགས། །

བསྟན་པ་ཡུན་རིང་གནས་པར་གཞལ་མེད་བདུད་རྩི་བསྩལ། །





བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་སྐྱེད་ཚལ་གཙོས། །

རྒྱལ་ཚབ་སྐུ་དང་འདུ་ཁང་གསར་བ་མང་བཞེངས་ཤིང་། །

རིག་བཅུའི་ཕྱག་དཔེའི་རི་རབ་རྣམ་གྲངས་ཁྲིར་ཉེ་བས། །

མཁས་བཙུན་བཟང་གི་སྙན་གྲགས་བ་དན་སྲིད་གསུམ་ཁྱབ། །





ཀྱེ་ཀྱེ་མ་གྱུར་འགྲོ་བའི་མགོན་པོ་འཇམ་པའི་དབྱངས། །

ཀློང་ཀློང་སྲིད་པའི་ཁྱོན་གྱི་མུན་སེལ་བཅུ་གཉིས་བདག །

གསལ་གསལ་འོད་ཀྱི་འདབ་མའི་སྣང་བ་གཞལ་དཀའ་ཡང་། །

དྲན་དྲན་ངག་གི་རྒྱུད་མངས་བློ་ཆུང་བློ་ཡིས་དཀྲོལ། །





མཐའ་ཀླས་འགྲོ་བ་ཆོས་ཁྲིམས་དར་གྱི་མདུད་པས་བྱམས་པར་བྱིལ་བྱེད་ཅིང་། །

རྒྱལ་ཁྲིམས་གསར་གྱི་གཉའ་ཤིང་སྐལ་བར་ཐུགས་ཀྱི་སྙིམ་པས་ཁུར་མཛད་པའི། །

སྐྱབས་གསུམ་རྒྱལ་བ་ཀུན་མཁྱེན་འཇིགས་མེད་དབང་བོར་བསྟོད་པ་པད་དཀར་གྱི། །

ཆུན་འཕྱངས་ཞེས་བྱའི་གླུ་དབྱངས་ལྷ་དར་ཡུག་ཅིག་ཚུལ་དུ་གུས་པས་འབུལ། །

ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་སློབ་མ་སྒྲོལ་མ་ཚེ་རིང་གིས་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་རྗེ་ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་རྒྱས་པ་མ་པར་ཐར་བ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་དང་། བླ་བྲང་དགོན་པའི་གདན་རབས་རིམ་བྱུང་གི་འབྲེལ་ཡོད་དཔེ་དེབ་ལ་བལྟས་རྗེས་སེམས་པའི་མཚོ་མོའི་ངོགས་སུ་དད་གུས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བས། བློ་ཆུང་གི་སྨྱུག་རྩེ་ལས་རྗེ་ཁོང་གི་མཐའ་ཀླས་པའི་མཛད་རྗེས་ཀྱི་བརྗོད་པ་འཁྱོངས་དཀའ་རུང་། རྗེས་དྲན་དང་དད་གུས་ཀྱི་སེམས་པ་ཞིག་མཚོན་བྱེད་དུ་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་གི་ལོའི་བཟོད་པ་ཟླ་བའི་ནག་ཕྱོགས་དགའ་བ་གསུམ་པ་ཧོར་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་པད་དཀར་ཆུན་པོ་ཞིག་གི་ཚུལ་དུ་ཕུལ་བ་དགེའོ། །


༄༅། །སློབ་སྟོན་དགེ་རྒན་གྱི་གསལ་བཤད་མདོར་བསྡུས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་མངོན་བརྗོད་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་པའི་སློབ་ཚན་གྱི་ལས་བྱ་ཞིག་ཏུ་སློབ་མ་སྒྲོལ་མ་ཚེ་རིང་གིས་བྲིས་པའི་རྗེ་ཀུན་མཁྱེན་འཇིགས་མེད་དབང་བོའི་མཛད་རྗེས་ལ་བསྟོད་པ་པདྨ་དཀར་བོའི་ཆུན་འཕྱངས་ཞེས་བྱ་བ་བཞུགས་སོ། །ཞེས་པ་དྲངས་ནས་ལེགས་པར་བཀོད་པ་ཀུན་ནས་དགེ་བར་གྱུར་ཅིག་གོ། །

0 comments:

ཟིན་བྲིས་འཚོལ་ཡུལ