དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 3 December 2012
༄༅། །མཁའ་འགྲོ་བདེ་ཆེན་དབང་མོ་འམ་བདེ་གཡང་གི་འཁྲུངས་སྐར་ལ་ཕུལ་བའི་

དུང་བརྩེ་རིན་ཆེན་མན་ཤེལ་དཀར་པོའི་ཕྲེང་བ་ཞེས་བྱ་བ།



ན་མོ་གུ་རུ་ཛྙྰ་ན་ཏྰ་ར་མ་ཧྰ་སུ་ཁ་ཡེ། །


ལྷན་སྐྱེས་མཁའ་འགྲོའི་བདེ་ཆེན་དབྱིངས་རིག་ཀུན་བཟང་གཉུག་མའི་མཁའ་ཀློང་ནས། །

ཞིང་སྐྱེས་མཁའ་འགྲོའི་དག་མཉམ་དབང་ཕྱུག་ལྷ་མོ་རྒྱ་མཚོ་སྤྲིན་བཞིན་སྤྲོས། །

སྔགས་སྐྱེས་མཁའ་འགྲོའི་ཐབས་ཤེས་རིག་ཆར་བདེ་གཡང་མཛེས་མའི་སྒྱུ་རྩལ་ཅན། །

རྩ་གསུམ་རྒྱལ་བ་ཞི་ཁྲོའི་ཁྱབ་བདག་བདེ་ཆེན་གཡང་གི་རྒྱལ་མོར་འདུད། །

གནས་ཡུལ་མཁའ་སྤྱོད་སྦས་པའི་ཞིང་ཁམས་སུ། །

སྐལ་ལྡན་རིག་འཛིན་དགྱེས་པའི་བྲོ་ར་ནས། །

ཅི་སྣང་སྒྱུ་འཕྲུལ་ཟློས་གར་རྩེན་མཁས་མའི། །

ཡེ་ཤེས་མཁའ་འགྲོའི་བྱིན་རླབས་དུས་ལ་བབས། །

ཤར་ཕྱོགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས། །

མཁའ་འགྲོ་མཉམ་མེད་དཔལ་ལྡན་ཆོས་ཀྱི་སྒྲོན། །

དཀར་གསལ་ལོངས་སྤྱོད་རྫོགས་སྐུའི་ཞི་བདེའི་གཡང་། །

འབད་མེད་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་སྩོལ། །

ལྷོ་ཕྱོགས་རིན་ཆེན་གཏེར་གྱི་དཀྱིལ་འཁོར་ནས། །

མཁའ་འགྲོ་མཚུངས་མེད་རིན་ཆེན་ཆོས་ཀྱི་སྒྲོན། །

སེར་གསལ་ལོངས་སྤྱོད་རྫོགས་སྐུའི་རྒྱས་པའི་གཡང་། །

གང་བསམ་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་སྩོལ། །

ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནས། །

མཁའ་འགྲོ་དྲི་མེད་པདྨ་ཆོས་ཀྱི་སྒྲོན། །

དམར་གསལ་ལོངས་སྤྱོད་རྫོགས་སྐུའི་དབང་གི་གཡང་། །

སྣང་སྲིད་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །

བྱང་ཕྱོགས་སྣ་ཚོགས་འཇའ་སྤྲིན་ཞིང་ཁམས་ནས། །

མཁའ་འགྲོ་གྲངས་མེད་ཀརྨ་ཆོས་ཀྱི་སྒྲོན། །

ལྗང་གསལ་ལོངས་སྤྱོད་རྫོགས་སྐུའི་ཕྲིན་ལས་གཡང་། །

དགྲ་བགེགས་ཚར་གཅོད་དྲག་པོས་དངོས་གྲུབ་སྩོལ། །

དབུས་ཕྱོགས་ཀུན་བཟང་དོན་གྱི་འོག་མིན་ནས། །

མཁའ་འགྲོ་སྤྲོས་མེད་ཀུན་བཟང་ཆོས་ཀྱི་སྒྲོན། །

མཐིང་གསལ་ཆོས་སྐུ་རྒྱལ་བའི་གཉུག་མའི་གཡང་། །

རིག་འཛིན་ཆོས་རྒྱལ་མཆོག་གི་དངོས་གྲུབ་སྩོལ། །

ཕྱོགས་དུས་རྒྱལ་དང་རྒྱལ་སྲས་ཡེ་ཤེས་དཔལ། །

མཁའ་ཁྱབ་འགྲོ་འདྲེན་པའི་ཐུགས་རྗེ་ཅན། །

བདེ་ཆེན་གཡང་གི་རྒྱལ་མོ་སྤྲུལ་འཁོར་གྱིས། །

མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་ཏུ་སྩོལ། །

སྐུ་མཆོག་ལང་ཚོ་བཀྲག་མདངས་འོད་ཟེར་འབར། །

གསུང་དབྱངས་སྙན་འཇེབས་ཟབ་རྒྱས་ཆོས་སྒྲ་སྒྲོག །

ཐུགས་རྗེ་ཐབས་མཁས་སངས་རྒྱས་ཡེ་ཤེས་དཔལ། །

དགྱེས་པ་རྡོ་རྗེའི་སྙིང་དཀྱིལ་ཁབ་ཏུ་བཞུགས། །

འཁྲུངས་སྐར་སྨིན་དྲུག་ཟླ་བའི་གཟའ་སྐར་འཆར། །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་ཉིན། །

ཕྱྭ་ཆ་བདེ་བའི་གཡང་བཀྲམས་ལྷ་འབོད་བཅས། །

ཀླུ་བསྐུལ་ཚོགས་བསགས་དགེ་བའི་སྨོན་ལམ་འདེབས། །

མཁའ་འགྲོའི་ཟབ་ཆོས་གཏེར་བདག་བདེ་ཆེན་གཡང་། །

དུང་ཟླ་དགྱེས་ཞལ་འཛུམ་པའི་འོད་སྣང་ལས། །

མཁའ་སྤྱོད་ས་སྤྱོད་གནས་སུ་རྣལ་འབྱོར་མས། །

བདག་སྙིང་བདེ་སྟོང་རིག་པའི་གཏེར་སྒོ་ཕྱེས། །

སྐུ་ཚེ་རབ་བརྟན་འཇའ་ལུས་འཕོ་ཆེན་བཞུགས། །

གསུང་དབྱངས་ལེགས་བཤད་ཟབ་རྒྱས་གདམས་པས་ཕྱུག །

ཐུགས་རྗེ་བྲལ་སྨིན་ཡོན་ཏན་ཀུན་ལྡན་པའི། །

གསང་གསུམ་མཁའ་འགྲོའི་གཙོ་མོ་རྒྱལ་གྱུར་ཅིག །

རིག་འཛིན་རྣམ་བཞི་བགྲོད་པའི་གྲོགས་ཀྱི་མཆོག །

ཆོས་ལོངས་སྤྲུལ་གསུམ་དགོངས་པའི་ས་ལམ་འཁན། །

ཐབས་ཤེས་ཟུང་འཇུག་རྒྱལ་སར་འཁྲིད་མཛད་མ། །

རྗེ་བཙུན་བདེ་ཆེན་དབང་མོ་ཞབས་བརྟན་ཤོག །

ཅེས་པ་འདི་ཡང་རབ་གནས་ཆུ་འབྲུག་སྨིན་ཟླའི་གཟའ་ཚེས་དགེ་བ་འམ། ཕྱི་ལོ་ ༢༠༡༢ ༡༢ ༤ ཉིན་སྙིང་གྲོགས་བདེ་གཡང་གི་འཁྲུངས་སྐར་དུས་ཆེན་ལ་སྙིང་ནས་དུང་བའི་དབྲ་བན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཨེ་ཝྃ་རིག་པའི་ཆོས་ཚོགས་ནས་སྐུ་ཚེ་ཞབས་པད་བརྟན་དུ་ཆེད་དུ་ཕུལ་བས་ཐུགས་བརྩེས་དུང་བའི་མཁའ་ཀློང་ཡངས་པ་ནས་ནམ་ཡང་འབྲལ་བ་མེད་པའི་རྒྱུ་རུ་གྱུར་ཅིག་གུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ