དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 21 January 2013
གནམ་ལོ་གསར་ཚེས་བྱས་ན་བསམ། །
ཨེ་ཀྱེ་ཧོ།
ཀ་ཡེ་གསོན་དང་གངས་ཅན་རྗེ་འབངས་ཀུན། །
ཁ་བ་རི་བའི་གནར་གཅོད་སྡུག་བསྔལ་ལ་དག །
ག་དུས་དྲན་ཀྱང་མིག་མཆི་དབང་མེད་ཤོར། །
ང་ཚོའི་ལས་དབང་བཙན་པོ་ཀྱེ་མ་ཧུད། །
ཅ་ཅོའི་འབོད་པའི་ཚིག་དག་ངང་ཐུང་ཞིང་། །
ཆ་འཇོག་གདེངས་ཚད་མེད་པར་སྤུན་ཟླ་འགར། །
ཇ་ཡུན་ཙམ་ལ་མེ་དཔུང་ཀློང་དུ་འཐིམས། །
ཉ་མོ་ལྕགས་ཀྱུས་བཟུང་བཞིན་གཤིན་ཡུལ་འགྲིམས། །
ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་དང་། །
ཐ་དག་ཤེས་བྱ་མཁྱེན་པའི་མཁས་གྲུབ་དག །
ད་ལྟའི་དུས་ཀྱི་ལོ་གསར་དགའ་སྟོན་ལ། །
ན་ཚོད་ཁྱད་མེད་མཉམ་དུ་རོལ་ན་བསམས། །
པ་ལགས་སྐུ་ཚེ་བརྟན་ཅིང་འགྲོ་དོན་རྒྱས། །
ཕ་རོལ་དགྲ་ཡང་གནོད་པའི་གྲོགས་སུ་སྨིན། །
བ་གླང་ཕྱུགས་ཀྱི་རྗེས་སུ་མི་རྒྱུགས་པར། །
མ་ལུས་ལོ་གསར་མཉམ་རོལ་བྱས་ན་བསམ། །
ཙ་ར་གཅོད་པའི་བཅིངས་གྲོལ་དམག་མིའི་ངོར། །
ཚ་གྲང་མྱོང་བའི་དཔའ་རྒོད་རྗེས་དྲན་དུ། །
ཛ་དྲག་ལོ་གསར་བྱས་ན་ག་འདྲ་འདུག །
ཝ་སྐད་སྡུག་ཡུས་འདོན་པས་ཅི་ཞིག་ཕན། །
ཞྭ་མོ་ནག་པོ་གྱོན་པའི་དཔོན་གཟུགས་འགར། །
ཟ་འཐུང་སྡུག་རྩོད་ལྟ་བུ་མ་སོང་བར། །
འ་ཅག་གངས་ཅན་བསྟན་སྲིད་དགོངས་པ་ཚོས། །
ཡ་རབས་ལུགས་མཐུན་ལོ་གསར་བྱས་ན་བསམ། །
ར་བ་གངས་དཀར་ལྷུན་པོའི་ཡངས་རྩེ་རུ། །
ལ་རྒྱའི་རྒྱལ་དར་བསྒྲེངས་བཞིན་ལོ་གསར་བྱེད། །
ཤ་ཁྲག་རུས་རྒྱུན་གཅིག་ལས་མཆེད་པ་ཚོས། །
ས་སྟེང་སྐྱིད་སྡུག་མཉམ་འདུས་ལོ་གསར་ཚེས། །
ཧ་ཅང་ཐལ་བའི་སྡུག་བསྔལ་མྱོང་བའི་དུས། །
ཨ་མཚར་མིན་པར་མགོ་བོ་མཐོ་ན་ལེགས། །
ཀ་ཁའི་དབྱངས་རྟ་སྙན་པའི་གླུ་བྲོ་དང་། །
ཁ་བའི་སྡུག་སྐྱིད་མདུན་ལམ་བགྲོ་གླེང་བྱ། །
དགའ་སྡུག་ལོ་གསར་མཉམ་དུ་གཏོང་བའི་ཚེ། །
ཚོགས་བསགས་སྒྲིབ་སྦྱོང་ཚོགས་འཁོར་མཉམ་དུ་རོལ། །
རྒྱལ་འབངས་མཉམ་དུ་འཛོམས་པའི་རྟེན་འབྲེལ་དང་། །
གཤིན་བོར་བསྔོ་སྨོན་གསོན་པོས་དགའ་སྟོན་བྱོས། །
ཞེས་པ་ཁ་བརྡ་དྲ་བའི་ལོ་གསར་སྐོར་དག་མཐོང་བའི་མོད་ལ་གང་དྲན་དུ་ཤྲྰི་སྨྱོན་ཨེ་མ་ཧོས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ