དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 27 January 2013
ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱུད།
ཀླུ་སྨྱོན་ཁྲག་འཐུང་རོལ་བ་རྩལ།
ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱུད་སྙན་པའི་ངག་ཏུ་བསྡེབས་པ་ཟླ་བ་བདུད་རྩིའི་རྔ་ཡབ།
འཇུག་པ་དང་པོ།
རིག་བྱེད་ཉི་རྡུལ་ལ་འཐུངས་པའི།། ཨུཏྤལ་དཀར་པོའི་མྱུ་གུ་མ།། ཟླ་གདོང་སྒེག་པའི་ཟུར་མིག་གིས།། ངག་ལ་བདུད་རྩིའི་མཆོད་ཡོན་སྦྲེངས།། འཕགས་ཡུལ་མཐོ་རིས་ཐེམ་སྐས་ལས།། སྔོན་རབས་བྱུང་བའི་རྒྱུ་སྐར་ཕྲེང་།། ས་ལ་འཐོར་བའི་དུས་གཅིག་ཏུ།། ཀུན་ལ་ཁྱབ་ཅིང་འཇུག་པའི་གཏམ།། སྣ་ཚོགས་རྒྱན་གྱི་དྲི་ཞིམ་ཅན།། མ་ལ་ཡ་ཡིས་བསྐྱེད་བསྲིངས་པ།། དྲང་སྲོང་རྒན་པོའི་ཁ་སྒོ་ལས།། ལྷོ་ཡི་དྲི་ལེན་གྱིས་བསྐྱོད་ལོ།། གང་ཚེ་འཇིག་རྟེན་སྔ་རོལ་ཏུ།། ཁྱབ་འཇུག་ལྟེ་བའི་ཆུ་གཏེར་ལས།། བརྟན་གཡོའི་འོད་ཀྱི་རྔ་ཡབ་སྟེ།། ཚངས་པའི་ཟླ་ཤེལ་མྱུ་གུ་ལྡེམ།། མེས་པོའི་བློ་ཡི་པུར་རྩེ་ལས།། སུམྦྷ་ནི་དང་སུམྦྷ་ཞེས།། གདུག་པའི་བློ་འཆང་ཟུང་གི་གཟུགས།། བྲིས་པའི་མོད་ལ་རང་གིས་བརླགས།། དུས་ཀྱི་ཁུག་པ་གཉིས་པའི་ནགས།། རྣམ་པར་རྟོག་པའི་མེ་སྟག་གིས།། རེག་པའི་འབྲས་བུར་འཆི་མེད་དགྲ།། མེ་སྐྱེས་རང་གི་གཤེད་དུ་བལྟམས།། ཐིག་ལེ་དྲུག་པའི་མཐུ་སྟོབས་ཀྱི།། འཕྲོག་བྱེད་ཁྲོས་པའི་ང་རོ་ཡིས།། སྦྱིན་སྐྱེས་རི་དྭགས་ཕྲ་མོའི་སྙིང་།། གར་དུ་རྩེན་པའི་མཐའ་མ་རིག། མཇུག་ཏུ་མཆོད་སྦྱིན་དགྲ་བོ་དེས།། ཚངས་པའི་རིག་བྱེད་འཕྲོགས་ཏེ་བྲོས།། ཆུ་གཏེར་མཛེས་མའི་མགུལ་བ་རུ།། སྐྱེ་བ་ལྔ་བའི་ཕྲེང་བར་བརྫུས།། གཉིས་སྐྱེས་འདབ་མའི་རོལ་རྩེད་ཀྱིས།། སྔོ་བསངས་གདོང་བར་རྩེན་མོད་ཀྱང་།། ནོར་འཛིན་གཞི་རུ་བྲིས་པ་ཡི།། གྲིབ་བརྙན་འདོར་བའི་སྐབས་མ་མཆིས།། དཀར་ནག་ལས་ཀྱི་འབྲས་བུ་ནི།། གྲིབ་མ་བཞིན་དུ་ཕྱི་ཕྱིར་འབྲངས།། གཡོ་སྒྱུའི་སྤྱོད་པ་ཉི་ཚེ་བས།། ལས་འབྲས་ཁ་ལོ་བསྒྱུར་རམ་ཅི།། དེ་དེའི་སྲོག་གི་གཤེད་མ་རུ།། ཐིག་ལེ་དྲུག་པའི་ཟློས་གར་ནི།། རྣམ་པར་འཕྱོ་བའི་བདག་ཉིད་ཀྱིས།། ཕ་རོལ་ཕྱི་མའི་གཟིགས་མོར་ཁྲིད།། ཚངས་སྲས་ངག་རིག་ཨུཏྤལ་ནགས།། ཀུན་རྟོགས་དྲི་བཞོན་གྱིས་གཏིབས་པས། འཇུག་པ་དང་པོའི་བསུང་ཞིམ་ཕོན།། འདོད་ལྷའི་ཞིང་གི་བར་དུ་འཐུལ།།
འཇུག་པ་གཉིས་པ།
དྲེགས་ལྡན་རལ་བའི་ཐོར་ཅོག་ནི།། གདན་དུ་བརྩེགས་པའི་ལྷ་ཆེན་གྱི།། སྒྱུ་འཕྲུལ་སྤྲིན་གྱི་ལང་ཚོ་ཅན།། སྲིད་པ་གསུམ་གྱི་མཁའ་ལ་དཀྲིགས།། དེ་ནས་སྐྱེ་འགྲོ་ཀུན་གྱི་གཞི།། གསེར་ལྡན་སྒེག་མོའི་འདབ་མ་ནི།། མཛེས་བྱེད་ཡན་ལག་ལྔ་པ་རུ།། ཁྱབ་འཇུག་སྤྲུལ་བའི་གར་གྱིས་རྩེན།། གངས་རིའི་མྱོས་བུམ་མཐོ་ལྡན་ཞིང་།། ནགས་ཚལ་སྐྲ་ལོའི་འདབ་མ་ལ།། མེ་ཏོག་རྒྱན་ཕྲེང་གིས་སྤུད་པའི།། ནོར་འཛིན་ལང་ཚོ་སུ་ཡི་དྲིན།། རྨུགས་འཛིན་བང་བ་ཁ་ཕྱེ་ལྟའི།། སྣ་ཚོགས་ཟོང་གིས་དཀྲིགས་པའི་ཞིང་།། སྲིད་ཞིའི་ཕྱྭ་གཡང་འབུམ་གྱི་གཞི།། ལྷ་ཆེན་ཁྱོད་དྲིན་མཐའ་མ་རིག། ཞོགས་སྤྲིན་དམར་པོའི་སྨུག་རྩི་ཡིས།། དབྱིག་ལྡན་གདོང་བར་འཁྱུད་པ་ན།། སྙན་ཚིག་མཁན་པོའི་འཛུམ་དཀར་གྱིས།། ཁྱོད་ལ་ངག་རིག་མཆོད་ཕྲེང་བཤམ།། འཇའ་ཚོན་བསྲུབས་པའི་ཚོན་རྩི་ཡིས།། སྣ་ཚོགས་རི་མོའི་གར་སྒྱུར་བ།། པུར་ཐོགས་མཁན་པོའི་ཕྱག་རིས་ཀྱིས།། ཁྱོད་ཀྱི་བཀའ་དྲིན་དྲན་པར་བྱས།། ས་ཆེན་འདི་ཡི་གདགས་སྲིབ་ཀུན།། དཀྲིགས་པའི་རིག་བྱེད་སློབ་པའི་གྲྭར།། དབྱངས་གསལ་གྱེར་བའི་ངག་གི་གདངས།། ཁྱོད་དྲིན་དྲན་པའི་རོལ་མོ་ཉིད།། དམར་སེར་ཚོན་གྱིས་བསྒོས་པའི་གོས།། བཟླུམས་པོར་བཀླུབས་པའི་དགེ་སྦྱོང་ཚོགས།། འཁོར་ལོ་གསུམ་གྱིས་མྱོས་པ་ཡང་།། ནོར་འཛིན་འདེགས་པའི་ལྷ་ཁྱོད་དྲིན།། དཀར་ལ་ཟླུམ་པའི་མྱོས་བུམ་དང་།། དམར་ལ་མངར་བའི་མཆུ་སྒྲོས་ཀྱིས།། ཆགས་ལྡན་སྙིང་ལ་མཚོན་འདེབས་པ།། མཛེས་མའི་ལང་ཚོའང་ཁྱོད་དྲིན་ཉིད།། མདོར་ན་ས་ཆེན་འདིར་བརྟེན་ནས།། སྐྱེ་རྒུ་ཀུན་གྱིས་བདེ་དགའ་འཚོལ།། རང་བྱུང་མཛེས་པའི་ལྗོངས་འདི་ཡང་།། གཡོ་མེད་འཛིན་མ་འདི་ལ་རག། མཚོ་བྱུང་རིག་བྱེད་འོ་མའི་མཚོ།། ལས་འོངས་སྙན་ཚིག་ཟླ་ཤེལ་གྱི།། འཇུག་པ་གཉིས་པའི་འོད་དཀར་འདི།། ངག་རིག་ཆུ་གཏེར་འཕེལ་བའི་གསོས།།
འཇུག་པ་གསུམ་པ།
འཇིག་རྟེན་མེས་པོའི་འཕྲུལ་འཁོར་གྱིས།། བརྟན་གཡོའི་ཆོས་ཀུན་བསྐྱེད་དྲགས་ཏེ།། ནོར་འཛིན་ངལ་བའི་རྔུལ་ཕྲེབ་ནི།། མཁའ་ལ་སྤྲིན་གྱི་ཕུང་བ་བཞིན།། ནམ་ཞིག་འཛིན་མའི་བྲང་གི་གཞིར།། སྣང་སྲིད་མྱོས་བུམ་ལྕི་བའི་ཁུར།། མ་བཟོད་དུབ་པའི་མེ་ལྕེ་ནི།། བསྐལ་པ་འཇིག་པའི་གློག་ཕྲེང་བཞིན།། རང་གི་ལང་ཚོའི་མཛེས་པ་ཡང་།། བསྲེག་པར་དོགས་པའི་ཀུན་རྟོག་གིས།། གཡུ་ལོའི་འོག་པགས་སྡུག་གུར་བཅས།། ཆུ་གཏེར་ཕང་བར་འཇུག་ལ་བྲེལ།། ནོར་འཛིན་དགའ་མའི་ལང་ཚོ་ནི།། པང་དུ་རྩེན་པའི་ཆུ་གཏེར་གྱི།། གཞོན་ནུའི་ཆགས་པའི་མེ་ལྕེ་དེ།། རྟ་གདོང་མེ་རིའི་ཟོལ་གྱིས་འབར།། དེ་ཚེ་སྟོབས་ལྡན་སྲེད་མེད་བུ།། འཁོར་ལོའི་སྣ་ཅན་གཟུགས་སྤྲུལ་ཏེ།། གངས་རིའི་མཛེས་པ་ཕམ་བྱེད་པའི།། མཆེ་བའི་རྩེ་ཡིས་འཛིན་མ་བཏེགས།། དེ་ཚེ་ལེགས་བྲིས་བུས་པའི་ཚོགས།། མཐོ་རིས་ཐེམ་སྐས་ལས་བབས་ཏེ།། མནྡ་ར་བའི་མེ་ཏོག་ཆར།། བསྔགས་པའི་དབྱངས་དང་ལྷན་ཅིག་བསྙིལ།། གཉུག་མར་གནས་པའི་འབྱུང་བོའི་ཚོགས།། རང་རང་གཟུགས་ཀྱི་གུས་ཕྱག་གིས།། ལྷ་ཆེན་རྐང་སེན་མེ་ཏོག་ཕོན།། སྤྱི་གཙུག་མཛེས་མའི་རྒྱན་དུ་ལེན།། རི་རབ་ཐོར་ཅོག་ལ་གནས་པའི།། རིག་འཛིན་གྲུབ་པའི་དྲང་སྲོང་ཚོགས།། ཁྱོད་ལ་བསྔགས་པའི་བཟླས་བརྗོད་ཀྱིས།། ཏིང་འཛིན་དགའ་མའི་བརྩེ་བ་ལྷོད།། སྔོན་རབས་མགྲིན་སྔོན་རལ་བའི་ནགས།། སྙན་ཚིག་སྤར་མོས་བཙིར་བ་ལས།། འཇུག་པ་གསུམ་པའི་གངྒཱ་མ།། དཔྱོད་ལྡན་དགའ་བའི་སྐྱེས་སུ་སྦྲེངས།།
འཇུག་པ་བཞི་པ།
དཔག་ཡས་བགྲང་བྱའི་སྔོན་རོལ་ཏུ།། ཧི་ར་ཎྱ་ཀ་ཤྱ་པཱུ་ཞེས།། འཆི་མེད་དགྲར་གྱུར་སྲས་པོ་ནི།། ལུས་ལ་བརྩོན་པའི་གོ་བསྒོས་བྱུང་།། དེ་ཡི་ཀུན་རྟོག་ཟླ་ཤེལ་གྱི།། རྩིག་ངོར་བྲིས་པའི་རི་མོ་ནི།། མགྲིན་སྔོན་དགྱེས་པའི་འཛུམ་དཀར་གྱིས།། མཐའ་དག་འཇིག་རྟེན་གསལ་བར་བྱས།། གཙུག་ན་ཟླ་བའི་དངོས་གྲུབ་ཀྱི།། གངྒཱའི་མཆོད་ཡོན་གྱིས་གདུང་བའི།། སྦྱིན་སྐྱེས་སྲས་པོའི་དཀའ་ཐུབ་ཀྱིས།། སྐལ་ལྡན་ཤིང་རྟའི་བརྩོན་པ་ལྷོད།། གཟུགས་ཀྱི་དྭངས་མ་མཛེས་མའི་གཟུགས།། པདྨའི་གདོང་ལ་བྱུ་རུའི་མཆུ།། དུང་གི་མྱོས་བུམ་པད་རྩའི་བརླ།། ཟུར་མིག་སྦྲང་རྩིའི་མདའ་ལྡན་ཕུལ།། སྒྲ་ཡི་ཕུད་གྱུར་དྲི་ཟའི་སྒྲ།། སྙན་འགྱུར་སྟོང་གི་རོལ་མོའི་དབྱངས།། ཚངས་ཆེན་ངག་གི་སྙེམས་པ་ཡང་།། འཕྲོག་བྱེད་གདངས་ཀྱི་མཆོད་ཡོན་བསྟམས།། དྲི་ཡི་བཅུད་བསྡུས་སྤོས་ཀྱི་དྲི།། དྲི་འཛིན་མྱོས་བྱེད་བསུང་ཞིམ་དྲི།། འཛད་པ་མེད་པའི་མཆོད་སྦྱིན་གྱིས།། ཕྱོགས་ཀྱི་གོས་ཅན་དགའ་བར་བྱས།། རོ་ཡི་ཕུལ་བྱིན་བདུད་རྩིའི་རོ།། རོ་འཛིན་མྱོས་བྱེད་ཞལ་ཟས་ནི།། གསེར་གྱི་ཡོལ་གར་བཤམས་པའི་རོས།། དྲག་པོའི་ལྷ་ཆེན་ར་རོར་བྱས།། རེག་བྱའི་སྙིང་པོ་ལྷ་ཡི་གོས།། སྲབ་འཇམ་ཡང་བའི་དཔལ་འབར་བ།། སྣ་ཚོགས་འོད་ཀྱི་ཐིག་ལེར་བཅས།། བདེ་འབྱུང་བདེ་བའི་མལ་དུ་བསྙལ།། དེ་ལྟའི་འདོད་ཡོན་ལྔ་ལྡན་གྱི།། མཆོད་ཕྲེང་ཨུཏྤལ་དམར་པོའི་ཚལ།། གདུང་བའི་དྲི་བཟང་འཐུལ་བ་ཅན།། མགུལ་ནག་དགྱེས་པའི་སྤྲིན་དུ་དཀྲིགས།། མཐར་ནི་མ་ལ་ཡར་སྐྱེས་དང་།། སཱ་ལའི་འཁྲི་ཤིང་འདབ་མའི་ལུས།། དྲི་ཞིམ་ལྗོན་པ་ལྷ་ཡི་ཤིང་།། བསྲེགས་པའི་མཆོད་སྦྱིན་མཐའ་ཡས་པ།། དམར་སེར་མེ་ཡི་གུར་ཁང་ནི།། སྔོ་ནག་དུད་པའི་རལ་བ་ཅན།། བགྲང་བྱ་སྟོང་གི་ཁུག་པ་རུ།། ལྷ་ཆེན་དགྱེས་པ་བསྐྱེད་ཕྱིར་སྤར།། དེ་ལྟའི་མཆོད་སྤྲིན་འོ་མའི་མཚོ།། དཀའ་ཐུབ་མནྡཱ་རས་བསྲུབས་པས།། བདེ་འབྱུང་དགྱེས་པའི་ཞལ་སྒོ་ནས།། དངོས་གྲུབ་ཉི་ཟླའི་འཛུམ་དཀར་རྒོད།། ཀྱེ་ཀྱེ་དཀའ་བ་དུ་མ་ཡིས།། ཁོ་བོའི་ཡིད་ལ་སིམ་པའི་རོ།། སྦྱིན་བྱེད་རིགས་ཀྱི་བུ་ཁྱོད་ལ།། དངོས་གྲུབ་ཅི་དགོས་ད་སྨོས་ཤིག། དེ་སྐད་ལྷ་ཆེན་དགྱེས་པའི་གཏམ།། དྲིཟའི་དབྱངས་ཀྱིས་མི་མཚོན་པ།། རྣ་བར་བུ་གར་ཞུགས་པ་ཡི།། སྦྱིན་སྐྱེས་སྲས་དེས་འདི་སྐད་གླེང་།། རིགས་དྲུག་འགྲོ་བས་མི་ཐུབ་ཅིང་།། མཚོན་རིགས་གང་གིས་མི་ཚུགས་པ།། ལུས་འདི་ས་ཡི་སྟེང་གནས་ཚེ།། སུས་ཀྱང་མི་ཐུབ་དངོས་གྲུབ་སྩོལ།། དེ་སྐད་ལྷད་མེད་ཞུ་བའི་ཚིག། གདུང་བའི་དབྱངས་ཀྱི་ང་རོར་བཅས།། མགྲིན་སྔོན་སྙིང་ལ་སིམ་པ་ན།། འདོད་པའི་དངོས་གྲུབ་མཐའ་དག་བསྩལ།། ཤེལ་གོང་ཚོན་གྱིས་ཁ་བསྒྱུར་ཏེ།། སྣ་ཚོགས་གཟུགས་སུ་བཅོས་ན་ཡང་།། ནམ་ཞིག་དག་བྱེད་ཟེགས་མ་ཡིས།། བྲན་ཚེ་རང་གཟུགས་སྟོན་པ་ལྟར།། འཆི་མེད་དགྲ་ཟླའི་སྲས་པོ་དེའི།། ཡིད་མཁར་འདོད་པའི་དངོས་གྲུབ་ཀྱི།། སྤྲིན་སྔོན་དཀྲིགས་པའི་མོད་ཉིད་ལ།། སྐྱེ་རྒུའི་བདེ་དགའ་འཇོམས་པར་བྲེལ།། ལྷ་མི་ལྷ་མིན་དུད་འགྲོར་བཅས།། བརྩེ་མེད་བསད་པའི་ཁྲག་དྲོན་གྱིས།། འཇིག་རྟེན་གསུམ་གྱི་ནོར་འཛིན་ཡང་།། དམར་པོར་བསྒྱུར་བའི་ལས་ངན་བརྩམས།། ཁམས་གསུམ་གནས་པའི་སྟོབས་ལྡན་གྱི།། ཆེ་བའི་ཆེ་མཆོག་སུ་ཡིས་ཀྱང་།། སྦྱིན་སྐྱེས་སྲས་དེ་མ་ཐུབ་པས།། ཁྱབ་འཇུག་ཁྲོས་པའི་ང་རོ་སྒྲོག། མི་ཡི་ལུས་ལ་འཕྲོག་བྱེད་གདོང་།། རིགས་དྲུག་གང་དུ་མི་གཏོགས་པས།། སྦྱིན་སྐྱེས་རང་གི་ཕང་བར་བླངས།། མཚོན་གྱིས་མ་ཡིན་སེན་མོས་བསྒྲལ།། འཇིག་རྟེན་གསུམ་གྱི་དགྲར་གྱུར་པ།། སྦྱིན་སྐྱེས་སྲས་པོ་སྒྱུ་འཕྲུལ་གྱིས།། ཕམ་པའི་ཚུལ་གྱི་སྙན་ངག་ནི།། འཇུག་པ་བཞི་པའི་རབ་བྱེད་དོ།།
འཇུག་པ་ལྔ་པ།
མུ་ཏིག་ཆུན་འཕྱང་གིས་སྦྲེལ་བའི།། གསེར་གྱི་གཡེར་ཁ་ལས་འོངས་པ།། སྙན་འཇེབས་དབྱངས་ཀྱི་ལང་ཚོ་མས།། འཁྱུད་པའི་སྦྱིན་སྐྱེས་གྲོང་ཁྱེར་དུ།། ཟག་བཅས་དགེ་འབྲས་འོ་མའི་མཚོ།། བསྲུབས་སྐྱེས་འཁོར་བསྒྱུར་སྟོབས་ལྡན་ཞེས།། དྲེགས་པའི་འོད་ཀྱི་གཟེགས་མ་འབུམ།། གླིང་བཞིའི་ཁྱོན་དུ་འགྲེམ་པ་བྱུང་།། གང་གི་འདོད་སྲེག་ཞགས་པ་ནི།། སྲིད་གསུམ་ཁྱོན་དུ་བརྐྱངས་བྱས་ཏེ།། ཨ་ཤྭ་མེ་དྷའི་མཆོད་སྦྱིན་གྱིས།། བླ་ན་མེད་པའི་དངོས་གྲུབ་བསླངས།། དེ་ཡི་གེགས་སུ་གྱུར་དོགས་ཏེ།། ནོར་འཛིན་ཁྱོན་གྱི་ས་སྐྱོང་ཀུན།། མཐུ་དང་སྟོབས་ཀྱིས་ར་བ་ལས།། ནམ་ཡང་གཡོ་མེད་རྒྱ་ཡིས་བཏབ།། མཆོད་སྦྱིན་གྲུབ་པའི་དགའ་སྟོན་དུ།། ཕྱོགས་ཀྱི་འཁོར་ལོའི་མུ་ཏོའི་ཚོགས།། མགུ་བའི་མཛོད་ཀྱི་སྒོ་འཕར་ནི།། འཆི་མེད་ལམ་གྱི་ཕ་མཐར་ཕྱེས།། དེ་ཚེ་ལྷ་ཆེན་ཁྱབ་འཇུག་ནི།། བཱ་ཝནྡྲ་སྟེ་མིའུ་ཐུང་གི། གཟུགས་ཀྱིས་སྦྱིན་སྐྱེས་སྟོབས་ལྡན་ལ།། གྱ་གྱའི་ཞུ་བ་འདི་ལྟར་ཕུལ།། ཁྱོད་ནི་ནམ་མཁའ་མཛོད་དབང་།། སློང་བའི་རེ་བ་འབྲས་ལྡན་བྱེད།། བདག་ལའང་གོམ་པ་ཟུང་གི་ས།། སྦྱིན་པར་མཛོད་ཅིག་མགོན་པོ་ཀྱེ།། དེ་སྐད་ཚིག་གི་མེ་ཏོག་ལས།། དོན་གྱི་དྲི་བཟང་འཐུལ་བ་ན།། སྦྱིན་སྐྱེས་རྐང་བ་དྲུག་པའི་བུ།། དགྱེས་པའི་ལན་ནི་འདི་ལྟར་སྨྲས།། ཀྱེ་ཀྱེ་སྙིང་རྗེའི་ཡུལ་གྱར་པ།། གོམ་པ་ཟུང་ལས་ལྷག་པ་ཡི།། གོམ་གསུམ་ས་ཡང་ཁྱོད་སྦྱིན་ན།། དགའ་བར་བྱོས་ཤིག་སློང་མོ་བ།། དེ་ཡི་བཀའ་ལུང་ཆུ་ཁུར་གྱི།། རལ་བ་བརྩེགས་པའི་སྔོ་བསང་མ།། གྲོགས་སུ་ཐོབ་པའི་འོད་དཀར་ཅན།། སྒྱུ་འཕྲུལ་སྣང་བའི་རྩེ་དགས་མྱོས།། སྐད་ཅིག་ཉི་ཟླའི་རྣ་ཆ་ཅན།། སྤྲིན་དཀར་སྟོད་གཡོག་གྱ་གྱུས་བཀླུབས།། ཞབས་གསུམ་བརྗིད་པའི་གར་སྟབས་ཀྱིས།། སྲིད་ཞིའི་དྲེགས་ལྡན་གཞོམ་པར་སྤྲུལ།། རྐང་སེན་གཅིག་གིས་ནོར་འཛིན་བཀབ།། གཉིས་པས་སྔོ་བསང་ཁེངས་པ་བསྙིལ།། གསུམ་པ་གནས་པའི་ཡུལ་མེད་པར།། གང་དུ་འཇོག་པའི་དྲི་ཚིག་འཕངས།། དེ་ཚེ་སྦྱིན་སྐྱེས་ཁེངས་པའི་མགོ། འབྲས་བུས་དུད་པའི་ལྗོན་ཤིང་བཞིན།། ནོར་འཛིན་གདོང་ལ་མངོན་ཕྱོགས་ཏེ།། གཙོ་བོ་ཁྱོད་ཀྱིས་ཅི་དགར་བྱོས།། དྲེགས་ལྡན་ལྷ་ཆེན་ཁྱབ་འཇུག་གི། རྐང་སེན་ཨུཏྤལ་དམར་པོའི་འདབ།། སྦྱིན་སྐྱེས་གཙུག་གི་སྐྱེད་ཚལ་དུ།། བཞད་པའི་གྲགས་སྙན་ཕྱོགས་སུ་མཆེད།། ཀུན་ཁྱབ་ཀུན་ལས་རྒྱལ་བའི་ལྷས།། སྟོབས་ལྡན་སྟོབས་ཀྱིས་ཕམ་བྱས་པའི།། སྙན་ངག་སྙན་པའི་རོ་ལྡན་པ།། དབྱངས་ལྡན་དབྱངས་ཀྱི་ཚལ་ལས་བཏུས།། སྦྱིན་སྐྱེས་ཁེངས་པའི་ཟིལ་བ་ནི།། ལྷ་ཆེན་ཉི་རྡུལ་གྱིས་ཟོས་པའི།། གཏམ་གྱི་མེ་ཏོག་ཕྲེང་བ་འདི།། འཇུག་པ་ལྔ་པའི་རབ་བྱེད་དོ།།
འཇུག་པ་དྲུག་པ།
དགའ་བྱེད་རཱ་མ་ཙནྡྲ་ཞེས།། གྲགས་པ་དཀར་པོའི་མེ་ཏོག་ཕོན།། འཕགས་བལ་མཁས་པའི་སྙན་ངག་གི།། སྐྱེད་ཚལ་མཛེས་མའི་རྒྱན་གཅིག་བྱུང་།། ལངྐའི་ཡུལ་གྱི་བདག་པོ་ནི།། རཱ་བ་ཎ་ཞེས་གྲགས་པ་དེར།། འཛམ་གླིང་མཛེས་མའི་གཙུག་ཕུད་ཀྱི།། རྒྱན་གྱུར་བུས་པ་སྐྱེས་པར་གྲགས།། རྩིས་མཁན་ངག་གི་རོལ་མོ་ནི།། མཛེས་མའི་ཕུལ་གྱུར་སཱི་ཏ་ཞེས།། གྲགས་པའི་རྔ་ཡབ་ལྡེམ་པ་འདིས།། ནམ་ཞིག་ཡུལ་འདི་ཕུང་བར་བྱེད།། དེ་སྐད་གཏམ་གྱི་རྣ་ཆ་ནི།། ས་སྐྱོང་སྙན་ལ་དཔྱངས་པ་ན།། མཛེས་མ་སྒྲོམ་བུར་བཅུག་བྱས་ཏེ།། འཛམ་གླིང་འབབ་པའི་གཙང་ཆུར་བསྐྱུར།། ཆགས་པའི་རླབས་ཕྲེང་མངོན་མཐོ་བ།། གྱ་གྱུའི་གཟུགས་ལྡན་ཉལ་འགྲོའི་བུ།། མཛེས་མའི་སྒྲོམ་བུར་འཁྱུད་བཞིན་དུ།། འཕགས་ཡུལ་ནོར་འཛིན་ཕང་པར་ལྷགས།། དབྱིན་ལྡན་མཛེས་མའི་འགྲམ་པ་ལ།། གཙང་ཆབ་སྨུག་རྩིས་འབྱུག་པ་ཡི།། ཞིང་པའི་སོར་མོའི་དཀྱིལ་འཁོར་ནི།། རིན་ཆེན་སྒྲོམ་བུས་མཛེས་པར་བྱས།། ངལ་བའི་རྔུལ་ཕྲེང་ཟེགས་མ་ནི།། སོལ་བའི་མདངས་འཛིན་ལས་ཀྱི་གཞིར།། འབབ་པའི་ཞིང་པ་རྒན་པོའི་ཚོགས།། སྒྲོམ་གྱི་སྒོ་གླེགས་འབྱེད་ལ་བྲེལ།། ཨེ་མ་རིན་ཆེན་སྒྲོམ་བུ་ལས།། བལྟས་ན་མིག་གི་བཅུད་ལེན་ཅིང་།། བསྣམས་ཚེ་དྲི་འཛིན་མྱོས་བྱེད་པའི།། འཇིག་རྟེན་མཛེས་མའི་རྒྱན་གཅིག་བྱུང་།། དེ་ཡི་བྱུ་རུའི་མཆུ་སྒྲོས་ལས།། ཨུཏྤལ་དཀར་པོའི་དྲི་བསུང་ཅན།། ཐེ་ཚོམ་ཕྲེང་བ་ལ་བརྒྱུས་པའི།། དྲི་ཚིག་མེ་ཏོག་དོ་ཤལ་འགྲེམ།། ལྗོངས་འདིའི་མིང་གི་རི་མོ་གང་།། ས་གཞི་སྐྱོང་བའི་མཚན་ལ་ཅི།། ཁྱེད་ཅག་བགྱི་བའི་ལས་ནི་གང་།། མ་གསང་སྨྲོས་ཤིག་སྐྱེ་བོའི་ཚོགས།། དེ་ཚེ་མིག་གི་བུང་བ་ནི།། མཛེས་མའི་གདོང་གི་པདྨ་ལ།། ཆགས་པའི་འཕུར་ལྡིང་ལ་རྩེན་པ།། ཞིང་པའི་ཚོགས་ཀྱིས་འདི་སྐད་སྨྲས།། ལྗོངས་འདི་འཕགས་པའི་ཡུལ་གྲུ་སྟེ།། ས་སྐྱོང་རཱ་མ་ཙནྡྲ་གྲགས།། བདག་ཅག་བགྱི་པའི་བྱ་བ་ནི།། ཉིན་བཞིན་གཙང་ཆབ་ཡུར་བར་འདྲེན།། ཟླ་གདོང་བྱུ་རུའི་མཆུ་སྒྲོས་ཅན།། ནུ་འབུར་དུང་གི་གཟུགས་འཆང་བ།། མཛེས་མའི་ཕུལ་གྱུར་ལུས་ཕྲ་ཁྱེད།། རིན་ཆེན་སྒྲོམ་དུ་སུ་ཡིས་བཙུད།། མཛེས་མ་སྐྱོ་བའི་ཞལ་རས་ནི།། གནག་སྣུམ་ལན་བུས་ཁེབས་པ་ནི།། ཆར་སྤྲིན་སྟུག་པོའི་ཟུར་ཞིག་ནས།། དུང་གི་ཟླ་བ་ཚེས་པ་བཞིན།། དེ་ཡི་ཚེམས་ཕྲེང་ཆར་དུས་ཀྱི།། སྤྲིན་དཀར་བརྩེགས་པའི་ཕང་བ་ལས།། ལྗགས་བཟང་གློག་གི་རོལ་རྩེད་བཅས།། ལན་གྱི་གྲུ་ཆར་འདི་ལྟར་བསྙིལ།། ཁོ་མོའི་ཡབ་ནི་རཱ་བ་ཎ།། ལངྐའི་བདག་པོར་གྱུར་པ་སྟེ།། གང་དེའི་བཙན་བརྗིད་བཀའ་ལུང་གིས།། ཁོ་མོའི་གནས་སྐབས་འདི་ལྟར་གྱུར།། དེ་ཚེ་བློ་ལྡན་ཞིང་པའི་ཚོགས།། གསེར་གྱི་མྱུ་གུའི་སྐྲ་ལོ་ཅན།། ནོར་འཛིན་བུ་མོའི་ཟུར་ཞིག་ཏུ།། བགྲོས་པའི་སྙིང་པོ་འདི་ལྟ་སྟེ།། འཆི་མེད་བུ་མོའི་ཁེངས་པ་ནི།། ས་ལ་བསྙིལ་བའི་ལུས་ཕྲ་འདི།། བདག་ཅན་རྗེ་བོ་རཱ་མ་ཡི།། རྩེ་དགའི་གྲོགས་སུ་འོས་པ་ཉིད།། རོལ་རྙེད་མ་འདིའི་ལག་པད་ནི།། གསེར་གྱི་གདུ་བུས་འཁྱུད་པའི་ཚེ།། བདག་ཅག་རེ་བའི་རྫིང་བུར་ཡང་།། གནང་སྐྱེས་ངང་བ་ཅིས་མི་རྩེན།། དེ་སྐད་བགྲོས་པའི་མཇུག་ཐོགས་སུ།། ཤིས་པའི་མེ་ཏོག་འཐོར་བཞིན་དུ།། དགའ་བྱེད་རཱ་མ་རྩེན་པ་ཡི།། གསེར་གྱི་ཕོ་བྲང་ཆེ་དེར་ལྷགས།། ས་སྐྱོང་བསྟི་བའི་ཁང་བཟང་དུ།། བགྲང་ཡས་འཁོར་ཚོགས་རྒྱུ་སྐར་གྱིས།། མངོན་མཛེས་དགའ་བྱེད་ཟླ་བ་ནི།། བཅུ་དྲུག་ལང་ཚོས་སྒེག་པ་གང་།། དེ་ཡི་འདྲེན་བྱེད་མེ་ལོང་ལ།། མཛེས་མའི་ལང་ཚོ་ཤར་བའི་མོད།། བསྔགས་དང་དྲི་བའི་རི་མོ་ནི།། གློག་གི་ཟློས་གར་བཞིན་དུ་བྲིས།། མཛེས་སྡུག་མཛེས་མ་སྟོང་གི་ཕུལ།། ཆགས་ལྡན་ཆགས་པས་བརྒྱལ་བྱེད་པ།། འཇིག་རྟེན་འཇིག་གི་བར་དུ་ནི།། མི་རྙེད་རོལ་རྙེད་མ་ཁྱོད་ཙམ།། ཟླ་བའི་བཞིན་ལ་ཨུཏྤལ་མིག། བིམ་པ་མཆུ་སྒྲོས་མུ་ཏིག་ཚེམས།། ནུ་འབུར་མཛེས་པའི་རྐེད་སྐབས་དང་།། དཀར་ཟླུམ་བརླ་ཡི་འཁྲི་ཤིང་སོགས།། བྱེད་པོའི་བློ་ཡིས་མ་སྤྲུལ་ཅིང་།། བི་ཤྭ་ཀརྨས་མ་བྲིས་པ།། མཛེས་མ་ཁྱོད་ཀོ་བདག་ཉིད་ཀྱི།། བསོད་ནམས་སྟོང་གི་བགོ་སྐལ་ཉིད།། ཁྱེད་ཉིད་སུམ་རྩེན་གྲོང་ཁྱེར་ནས།། འཆི་མེད་བུ་མོའི་ཕྲག་དོག་གིས།། འཛམ་གླིང་མི་ཡི་རྒྱལ་ཁམས་སུ།། སྤྱུགས་པའི་ཉེས་པས་མནར་རམ་ཅི།། ཡང་ན་དྲི་ཟའི་ལུས་ཕྲ་ཡི།། མཛེས་པ་མོག་པོར་བྱས་དྲགས་ཏེ།། རེ་ཞིག་འཕགས་པའི་ཡུལ་འདི་རུ།། ངལ་བ་གསོ་བའི་ཕྱིར་ལྷགས་སམ།། དེ་སྐད་དྲི་བའི་མ་ཎི་ཀ། སྙན་པའི་ངག་གི་སྲད་བུ་ལ།། བརྒྱུས་ཏེ་མཛེས་མའི་སྒྲ་འཛིན་ཟུང་།། སྤུད་པའི་ལན་དུ་འདི་ལྟར་སྨྲ།། འཛམ་གླིང་གི་ལྷོ་ཕྱོགས་སུ།། མི་སྡུག་ལངྐའི་ཡུལ་གྲུ་ཞེས།། རྐང་གཉིས་མི་ཡི་གཤེད་གྱུར།། སྲིན་པོའི་ལྗོངས་ཤིག་དེ་ན་མཆིས།། རུས་པའི་ཕོ་བྲང་ཁྲག་དྲོན་གྱིས།། འཁྱུད་པ་རྒྱ་སྐྱེགས་ལང་ཚོ་ཅན།། རྒྱུ་མའི་ལྡ་ལྡི་མི་རོ་ཡི།། རྒྱལ་མཚན་བཙུགས་པའི་འཇིགས་རུང་མཆིས།། ཕོ་བྲང་དེ་ཡི་ནང་རོལ་ཏུ།། མི་ལྤགས་བརྩེགས་པའི་ཁྲི་སྟེང་དུ།། མགྲིན་བཅུ་ཁྲག་དྲོན་གྱིས་བརླན་པ།། རཱ་བ་ཎ་ཞེས་བདག་གི་ཡབ།། ཁོ་མོའི་མཚར་སྡུག་ལང་ཚོ་ཡིས།། ལངྐའི་ཡུལ་དེ་བརླག་དོགས་ཀྱིས།། ཡབ་ཀྱི་བཀའ་ལུང་ཐེངས་གཅིག་གིས།། འཛམ་བུ་གླིང་དུ་སྤྱུགས་པར་གྱུར།། འཛམ་གླིང་སྟག་ཤར་དཔའ་བོའི་ཕུལ།། དགའ་བྱེད་དགའ་བའི་བདག་ཉིད་ཀྱེ།། ཁོ་མོའི་ལང་ཚོའི་མཆོད་སྤྲིན་གྱིས།། ཁྱེད་ལ་བདེ་ཆེན་བདུད་རྩི་འཇོ།། ས་སྐྱོང་མཛེས་པའི་རྒྱན་གཅིག་ནི།། མཚར་སྡུག་ལུས་ཕྲ་ཉིད་ཡིན་ཞེས།། གནའ་ནས་ད་བར་རྒན་པོའི་ངག། དྲང་སྲོང་བདེན་པའི་ཚིག་དང་བསྡེབས།། དེ་ཕྱིར་ཁྱེད་ཀྱི་མཛའ་བའི་གྲོགས།། ཕུལ་དུ་ཕྱིན་པ་སུ་ཞིག་ཅེས།། སྲིད་པ་གསུམ་དུ་དྲིས་པའི་ལན།། མཛེས་མའི་མཆོག་གྱུར་སཱི་ཏ་འོ།། དེ་སྐད་སྦྲང་རྩིའི་རོ་ལྡན་པ།། མཛེས་མའི་ངག་གི་མཆོད་པ་ཡིས།། དགའ་བྱེད་དགའ་བའི་རོལ་དབྱངས་ནི།། སྲིད་པ་གསུམ་གྱི་མཐའ་ལ་འགྱུ།། ས་སྐྱོང་དགའ་བྱེད་མནྡཱ་རས།། རོལ་རྙེད་འོ་མཚོ་ལ་བསྲུབས་པས།། བདེ་ཆེན་རྩེ་དགའི་ཉི་ཟླ་ཡི།། ལང་ཚོ་རྫོགས་ལྡན་འོད་ཀྱིས་སྙེམས།། གཅིག་ཏུ་མཛའ་བའི་ངང་བ་དཀར།། ཕན་ཚུན་སྙིང་གི་མཚོ་ངོགས་རྒྱུ།། རྩེ་བའི་གསེར་ཞགས་དམ་པོ་ཡིས།། ཕན་ཚུན་ལྷོད་པ་མེད་པར་བཅིངས།། སཱི་ཏའི་འཛུམ་དཀར་ཟླ་བ་ཡི།། རྔ་ཡབ་ལས་ཟགས་འོད་ཕུང་གིས།། བཙུན་མོ་གཞན་གྱི་རྒྱུ་སྐར་ཀུན།། དགའ་བྱེད་ཡིད་མཁར་མོག་པོར་སྣང་།། དགའ་བྱེད་ཞལ་གྱི་དཀྱིལ་འཁོར་ནི།། ཟླ་བ་རྒྱས་པའི་ལང་ཚོ་ཅན།། མཛེས་མའི་དམར་སྣུམ་མཆུ་སྒྲོས་ཀྱི།། རྗེས་ཤུལ་རི་དྭགས་གཟུགས་ཀྱིས་གཏམས།། སཱི་ཏའི་དཀར་འཇམ་བྲང་གི་གཞིར།། མྱོས་བུམ་གངས་ཀྱི་དུམ་བུ་ཟུང་།། དགའ་བྱེད་སེན་རྗེན་དམར་པོའི་ཕྲེང་།། མཛེས་བྱེད་ཕྲ་རྒྱན་བཞིན་དུ་སྣང་།། དགའ་བྱེད་མཛེས་མའི་ལང་ཚོ་ལ།། རབ་ཏུ་དགྱེས་པའི་མཇུག་ངོགས་སུ།། རྒྱལ་སྲིད་བྱ་བའི་རྦ་རླབས་ཀུན།། དམིགས་མེད་སྟོང་བའི་དབྱིངས་སུ་བྲོས།། ནམ་ཞིག་དགའ་བྱེད་ཀུན་རྟོག་ངོར།། སྙིང་གི་དུམ་བུ་སཱི་ཏ་དང་།། རྒྱལ་སྲིད་གཉིས་ལས་གང་ཞིག་ནི།། གདམ་པའི་རི་མོ་ཅི་ཡང་བྲིས།། དོན་མེད་སྡིག་པའི་སྒོ་འབྱེད་པ།། རྒྱལ་སྲིད་བྱ་བས་བདག་ལ་ཅི།། ཡིད་འོང་ལུས་ཕྲ་འདི་ཉིད་དང་།། སྐད་ཅིག་འབྲལ་བར་བྱེད་རེ་རྐན།། མཛེས་མ་གསེར་གྱི་སྣ་རྒྱན་ཅན།། སིལ་སིལ་གདུབ་ཀོར་སྒྲ་འབྱིན་པ།། སྦྲང་རྩིའི་གོང་བུ་འདི་ཉིད་དང་།། ལྷན་ཅིག་དབེན་པའི་ཚལ་དུ་བཞུད།། དེ་སྐད་བསམ་པའི་རླབས་ཕྲེང་གིས།། ཡིད་ཀྱི་འོ་མཚོར་འཁྱུད་པ་ཡིས།། རང་གི་ནུ་བོའི་ཕྲག་པ་རུ།། རྒྱལ་སྲིད་སྐྱོང་བའི་ཁུར་མང་གཏད།། དེ་ནས་དགའ་བྱེད་སཱི་ཏར་བཅས།། གཡུ་ཡི་ལྗོན་ཤིང་མེ་ཏོག་གི།། སྐྲ་ལོ་མཛེས་པའི་ནགས་ཚལ་དུ།། དྲང་སྲོང་བཞིན་དུ་བདེ་དགར་སྤྱོད།། ནགས་ཀྱི་རི་སྐྱེས་འདི་དག་ཀྱང་།། མཛེས་མའི་ལང་ཚོར་རབ་ཆགས་པས།། ཁ་རུ་བཟུང་བའི་རྩྭ་ལྗང་ཕོན།། ས་ལ་ཟགས་པའི་གཏམ་རྒྱུད་བྱུང་།། གདུག་པའི་སྐྱེ་བོ་མི་རྒྱུ་ཞིང་། །རྒྱལ་སྲིད་བྱ་བ་དང་བྲལ་པས། །སཱི་ཏའི་དགའ་སྟོན་ནི།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།། ནམ་ཞིག་ལངྐའི་བདག་པོ་ཡི།། སྙིང་ལ་ཆགས་པའི་མེ་འབར་ཏེ།། འཛམ་གླིང་མཛེས་མའི་གཙུག་རྒྱན་ནི།། སུ་ཡིན་བརྟག་པའི་སྦྱོར་བ་བརྩམས།། སཱི་ཏའི་གྲགས་དཀར་རྣ་ལུང་ནི།། ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ།། རེག་པའི་གཏམ་གྱི་གངྒཱ་མ།། མགྲིན་བཅུའི་རལ་བའི་རྒྱན་དུ་རྩེན།། ཀུན་རྨོངས་མུན་པའི་དཀྱིལ་འཁོར་དུ།། བསྐལ་མང་འཁྱམས་པའི་འབོད་སྒྲོགས་ཀྱིས།། རང་གི་ལུས་ལས་མཆེད་པ་ཡི།། ལུས་ཕྲའང་རྩེ་དགའི་གྲོགས་སུ་རེ།། དེ་ཡི་གྲོགས་གྱུར་བསླུ་བྱེད་མ།། མཚར་སྡུག་སྤུ་ཡི་ལང་ཚོ་ཅན།། རི་སྐྱེས་ཡན་པར་སྤྲུལ་བྱས་ཏེ།། དགའ་བྱེད་རྩེན་པའི་ཚལ་དུ་ལོངས།། རིག་པ་འཛིན་པའི་ས་སྐྱོང་ནི།། ཟིན་མེད་རི་དྭགས་རྗེས་བསྙེགས་པས།། སྟོབས་ལྡན་ལངྐའི་བདག་པོ་ཡིས།། མཛེས་མ་སྲིན་པོའི་ཡུལ་དུ་ཁྱེར།། སཱི་ཏར་བྲལ་བའི་རཱ་མ་ཎ།། ཡིད་ལ་སྐྱོ་བའི་སྤྲིན་བརྕེགས་ཏེ།། མིག་ལས་དྲན་གདུང་མཆི་མའི་རྒྱུན།། སྟོན་ཆར་བཞིན་དུ་ཟིམ་ཟིམ་འཇོ།། འོན་ཀྱང་སྔོན་བསགས་བསོད་ནམས་ཀྱིས།། སྟོབས་ལྡན་ཧ་ནུ་མནྠ་ཞེས།། སྤྲེལ་རྒྱལ་གྲོགས་སུ་སྦྲན་བྱས་ཏེ།། ལངྐའི་ཡུལ་དུ་བདེ་བར་སླེབས།། གསུམ་ལྡན་དམ་བཅའི་ཉག་ཕྲན་གྱིས།། མགྲིན་བཅུའི་སྲོག་དབང་ཟོས་པའི་མོད།། སཱི་ཏའི་མཚར་སྡུག་ལང་ཚོ་ནི།། སླར་ཡང་རང་གི་རྒྱན་དུ་ཐོབ།། དེ་སྐད་ལྷ་ཆེན་ཁྱབ་འཇུག་ནི།། རཱ་མ་ཎ་ཡི་སྒྱུ་འཕྲུལ་གྱིས།། མཛེས་མའི་གཙུག་རྒྱན་རོལ་རྙེད་མར།། གྱེས་འཛོམ་གཏམ་གྱི་སྦྱོར་བ་འདི།། མཚོ་བྱུང་ངག་གི་སྐྱེད་ཚལ་ལས།། འོངས་པའི་རིག་བྱེད་མེ་ཏོག་ཕྲེང་།། གཡུ་ཡི་འདབ་མ་དྲུག་ལྡན་ཞིང་།། སྙན་ཚིག་དྲི་བསུང་འཐུལ་བའོ།།
འཇུག་པ་བདུན་པ།
སྡེ་བཞིའི་ལང་ཚོ་མངོན་དགའ་བས།། ནོར་འཛིན་མཛེས་མ་བརྒྱན་བྱས་པའི།། འཕགས་ཡུལ་ནགས་ཀྱི་ཚལ་ཞིག་ཏུ།། དྲང་སྲོང་གརྒར་འབོད་པ་བྱུང་།། དེ་ལ་མཁོ་རྒུ་འབྱུང་བའི་གཞི།། འདོད་འཇོ་བ་ཡི་ཁྱུ་མཆོག་དང་།། པརྴུ་རཱ་མ་ཞེས་བྱའི་བུ།། བསོད་ནམས་སྟོབས་ཀྱིས་བྱུང་བར་གྲགས།། དྲང་སྲོང་ཆེན་པོ་གརྒ་ནི།། ཁ་བའི་སྐྲ་ལོ་གཡུ་ཡི་མིག། ཚེམས་ཕྲེང་སྤྲིན་དཀར་ཡལ་བའི་ཤུལ།། སྨྲ་བྱེད་འདབ་མའི་གློག་འོད་འགྱུ།། ནགས་ཚལ་གཡུ་ལོའི་གུར་ཁང་དུ།། ཤིང་ལོའི་སྤྱིལ་བུ་ཉམས་དགའ་བར།། ཞི་བ་ཆེན་པོའི་རོ་མངར་ཅན།། ཏིང་འཛིན་མལ་དུ་བདེ་བར་གཟིམས།། ནམ་ཞིག་ཡུལ་དེའི་ས་སྐྱོང་ནི། ས་ཧ་སྲཱརྫ་ན་ཞེས་པ།། གདུག་པའི་འཁོར་གྱིས་ཡོངས་བསྐོར་བས།། རྔོན་པའི་རོལ་རྩེད་དེ་རུ་བསྒྱུར།། ཉེས་མེད་རི་སྐྱེས་གཅེས་པའི་སྲོག། དབང་མེད་འཕྲོགས་པའི་ས་སྐྱོང་དེ།། ཟས་མེད་གདུང་བས་ཉེན་པའི་ཚེ།། གཡོ་མེད་སྒོམ་པའི་དྲང་སྲོང་གིས།། འཛད་མེད་འདོད་འཇོའི་བ་མོ་ལས།། ཆད་མེད་ཟས་ནོར་ལོངས་སྤྱོད་ཀྱིས།། ཕངས་མེད་ས་སྐྱོང་འཁོར་བཅས་རྣམས།། ངལ་མེད་མཆོད་པའི་ཚུལ་ལ་ལྟོས།། དེ་ཚེ་གདུག་ཅན་རྒྱལ་པོ་དེས།། ནགས་ཚལ་དབེན་པར་གནས་བཅས་པའི།། དྲང་སྲོང་རྒན་པོ་འདི་ཉིད་ཀྱི།། ཟས་ནོར་ལོངས་སྤྱོད་འབྱུང་བའི་གཞི།། ལྷ་ཆེན་དགྱེས་པའི་དངོས་གྲུབ་བམ།། གདེངས་ཅན་གྲུབ་པའི་འབྲས་རྟགས་ནི།། གང་ཡིན་བརྟགས་པའི་མཇུག་ཐོགས་སུ།། འདོད་འཇོའི་བ་མོ་ཉིད་དུ་ཤེས།། དེ་ཡི་མོད་ལ་ས་སྐྱོང་གི། སྙིང་གི་ནགས་ཀླུང་འདོད་པའི་མེས།། བསྲེགས་པའི་ལས་ངན་དུད་སྤྲིན་ནི།། གྱ་གྱུར་གཏིབས་པའི་མཐའ་མ་རིག། རིག་སྔགས་གྲུབ་པའི་དྲང་སྲོང་ནི།། རྣོ་དབལ་རལ་གྲིའི་ས་ཁར་བསྐྱོན།། འདོད་པ་འཇོ་བའི་བ་མོ་དེ།། བདག་གིར་ཐོབ་པས་ཡོངས་སུ་ཚིམ།། པརྴཱུ་རཱ་མ་བྱིས་པ་ཡི།། ངང་ཚུལ་ཅན་དེ་ནགས་སུ་བྲོས།། ཆེ་རུ་སྐྱེས་ནས་སྟོབས་བསྐྱེད་དེ།། ནོར་འཛིན་ཁྱོན་ཡངས་བདག་གིས་བྱས།། ནམ་ཞིག་རྒོལ་བའི་དཀྱིལ་འཁོར་ནི།། རྐང་རྡུལ་གཡོ་བས་ཉི་ཟླའི་འོད།། མོག་པོར་བགྱི་བའི་དཔུང་གི་ཚོགས།། ས་ཧ་སྲཱརྫའི་ཕྱོགས་སུ་བཤམས།། བརྩེ་མེད་གཤིན་རྗེའི་ཁྲོམ་ར་ནི།། ས་ཡི་སྟེང་དུ་འཕོས་པ་ལྟའི།། འཇིགས་རུང་གཡུལ་གྱི་ཟློས་གར་གྱིས།། འཛིན་མ་ཁྲག་གི་ཤམ་བུས་གཡོགས།། རྣོ་ངར་མཚོན་གྱི་འཕྲུལ་འཁོར་གྱིས།། ཡན་ལག་གཏུབས་པའི་སྐྱེ་བོའི་ཚོགས།། ཉམ་ངའི་འོ་དོད་འབོད་པའི་དབྱངས།། བར་མེད་ཕྱོགས་ཀྱི་འཁོར་ལོར་དཀྲིགས།། གཅེས་པར་བསྐྱངས་པའི་ལུས་སྲོག་གི།། མཛའ་བོ་ལྷོད་པའི་རྐང་གཉིས་ཁྱུ།། བར་དོའི་འཕྲང་རིང་ལ་འཁྱམ་པའི།། རྣམ་ཤེས་བུ་ཡུག་འཚུབ་པ་བཞིན།། དྲང་སྲོང་བཀུམས་པའི་ལས་ངན་གྱི།། འབྲས་བུ་མི་བཟད་མྱོང་བ་ནི།། ཆོས་ཉིད་ཀྱིས་ན་གདུག་ཅན་གྱི།། ས་སྐྱོང་དེ་ཀོ་རྨེག་མེད་བརླགས།། ས་སྐྱོང་པརྴུ་རཱ་མ་ཡིས།། གཡུལ་ལས་རྒྱལ་བའི་རེ་ཁ་ནི།། དྲེགས་ལྡན་ས་ཡི་དབང་ཕྱུག་དག། ཕམ་པའི་གཙུག་ཕུད་ངོས་ལ་བྲིས།། དེ་སྐད་དཀར་ནག་ལས་འབྲས་ལས།། བརྩམས་པའི་གཏམ་རྒྱུད་དྲི་ཟའི་གླུ།། སྙན་པའི་ངག་གི་འགྱུར་ཁུག་ཅན།། འཇུག་པ་བདུན་པའི་རབ་བྱེད་དོ།།
འཇུག་པ་བརྒྱད་པ།
སྔོན་ཚེ་འཕགས་པའི་བྱང་གི་ཆར།། བཅོམ་བརླག་ཅེས་བྱའི་གྲོང་ཁྱེར་དུ།། དེ་ཝ་དང་ནི་དེ་བི་ཞེས།། མཛའ་བ་དམ་པའི་ཁྱོ་ཤུག་བྱུང་།། དེ་གཉིས་རྩེ་དགའི་རོལ་མོའི་དབྱངས།། ཕྱོགས་ཀྱི་རྣ་བའི་རྒྱན་བྱས་པས།། ནམ་ཞིག་བལྟམས་པའི་རིགས་མྱུག་དེ།། ཁྱབ་འཇུག་སྤྲུལ་བ་ནག་པོའོ།། དེ་ཡང་ཡིད་སྲུབ་མདའ་ལྔ་ཡིས།། རྨས་པའི་མ་ཞང་ཀན་ས་ཞེས།། ལྷ་མ་ཡིན་གྱི་རིགས་གྱུར་པ།། སྟོབས་ཀྱིས་ཕ་རོལ་གནོན་པ་མཆིས།། གང་ཚེ་ཀན་ས་ཁེངས་པའི་གདུགས།། དྲེགས་ལྡན་ཕལ་གྱིས་བཏེགས་པའི་ཚེ།། ལེགས་བྲིས་བཞད་པའི་སྤྲིན་ཕུང་ལས།། མི་སྙན་ཚིག་གི་སྐྱིན་ཐང་འབེབ།། ཁྱོད་ནི་རིགས་གཟུགས་སྟོབས་སོགས་ཀྱིས།། རེ་ཞིག་ཕྱོགས་ལས་རྣམ་རྒྱལ་ཀྱང་།། མཐར་ནི་རང་གི་ཚ་བོ་ཡིས།། འཇིག་རྟེན་ཕ་རོལ་འདྲེན་པར་འགྱུར།། དེ་སྐད་གཏམ་གྱི་འཐོར་རླུང་གིས།། ཡིད་ཀྱི་ཆུ་གཏེར་འཁྲུགས་པའི་རླབས།། བྱང་ཁོག་བྲག་ལ་བརྡབས་གྱུར་པའི།། ཀན་སས་ཁྲོ་ཚིག་འདི་ལྟར་འཕེན།། སྲིད་པ་གསུམ་གྱི་དཀྱིལ་འཁོར་དུ།། ཁོ་བོའི་སྲོག་ལ་རྒོལ་བ་ཞིག། འཆི་མེད་ལམ་གྱི་མེ་ཏོག་བཞིན།། ཚད་མ་གསུམ་གྱིས་དམིགས་མ་གྱུར།། དེ་སྐད་ཁེངས་ཚིག་བརྗོད་པའི་མོད།། སྲིང་མོ་དེ་ཝིའི་ཁབ་ལྷགས་ཏེ།། ཁྱོད་ལ་སྐྱེས་པའི་བུས་པ་དེ།། ད་ལྟ་ཉིད་དུ་གསོད་དོ་སྐད།། ཡིན་ཡང་བུད་མེད་སྒྱུ་མ་ཡིས།། འཇིག་རྟེན་གསུམ་པོ་བསླུ་བའི་ཕྱིར།། ཨུ་མའི་སྤྲུལ་པའི་ལུས་ཕྲ་མ།། རང་གི་བུ་རུ་བརྫུས་ཏེ་བྱིན།། དེ་ཡིས་ཡིད་འོང་བུས་པ་ཡི།། རྐང་པ་ཟུང་ནས་འཇུས་བྱས་ཏེ།། སྲ་མཁྲེགས་བྲག་ལ་བརྡབས་ན་ཡང་།། གནོད་མེད་ལྕགས་ཀྱི་ཕ་བོང་བཞིན།། ནག་པོ་རང་གི་སྐྱེད་བྱེད་མས།། ཁྱུ་མཆོག་སྐྱོང་བའི་ཚོགས་ལ་བཅོལ།། དེ་ཡི་སྟོབས་དང་སྒྱུ་འཕྲུལ་གྱིས།། བ་སྐྱོང་དག་གི་སྤོབས་པ་བཅོམ།། བུས་པ་དེ་ཉིད་ལྗོན་ཤིང་དང་།། ཐ་གུ་སྤོམ་པོས་སྦྲེལ་ན་ཡང་།། དེ་ཡི་ཟླ་མེད་ཤེད་མོང་གིས།། དཀའ་བ་མེད་པར་ཀུན་ལས་རྒྱལ།། ནམ་ཞིག་འགྲན་ཟླས་ཡོངས་བཏང་བའི།། གྲགས་པས་ཕྱོགས་ཀུན་འགེངས་པའི་ཚེ།། ཀན་སས་རང་གི་གཤེད་མ་རུ།། ཤེས་ནས་གནོད་སྦྱོར་འདི་ལྟར་བརྩམས།། ལང་ཚོ་ཧ་ལོའི་མེ་ཏོག་བཞིན།། ཡིད་ཀྱི་ཆོམ་པོར་གྲུབ་ན་ཡང་།། མྱོས་བུམ་ཟུང་ལས་དུག་གི་རྒྱུན།། འབབ་པའི་སྲིན་མོ་པཱུ་ཊ་ཎ།། བུས་པ་དེ་ཡི་མ་མ་རུ།། བརྫུས་པའི་བརྟུལ་ཞུགས་ལ་བརྟེན་མོད།། དེ་ཡི་དཀར་མཛེས་ན་འབུར་ཟུང་།། སོ་རྣོན་བཏབ་པས་ཚལ་བར་བྱས།། དེ་ནས་ཀན་སའི་བློན་པོའི་མཆོག། འཇིགས་སུ་རུང་བའི་འདབ་ཆགས་སུ།། སྤྲུལ་བའི་དཔལ་གྱི་སྙེ་མ་ཡང་།། དུམ་བུར་བཅད་པའི་ཆོ་ག་རྫོགས།། ག་ཛ་སུ་ར་གཉིས་འཐུང་ནི།། དུག་གི་མཆོ་རྣོན་བགྲད་པ་རུ།། བརྫུས་པའི་གྱ་གྱུའི་བརྟུལ་ཞུགས་ཀྱིས།། མ་ཐུབ་ཀུན་ལས་རྣམ་པར་རྒྱལ།། སླར་ཡང་ཀན་སའི་སྒྱུ་འཕྲུལ་གྱིས།། སྲ་མཁྲེགས་བྲག་རིེར་བརྫུས་པ་དང་།། ཆར་རྒྱུན་དྲག་པོ་ཕབ་པ་སོགས།། དམིགས་མེད་དབྱིངས་ཀྱི་མཛའ་བོར་བྱིན།། མཐར་ནི་ཀན་སའི་སྒྱུ་ལུས་ནི།། འཇིགས་རུང་གཡང་ལ་བསྐྱུར་བྱས་ཏེ།། ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ།། སྲིད་པ་གསུམ་གྱི་རྩེ་ནས་བརྡུངས།། དེ་སྐད་སྒྱུ་འཕྲུལ་སྣ་ཚོགས་ཀྱི།། དྲུ་ཞིམ་འཐུལ་བའི་རྔ་ཡབ་སྟེ།། ལྷ་ཆེན་བྱུང་རབས་བརྒྱད་པ་ཡི།། ཨུཏྤལ་རྒྱན་ཕྲེང་མ་རྙིང་པ།། མཚོ་བྱུང་རིག་པའི་སྐྱེད་ཚལ་ནས།། རྣམ་དཔྱོད་སོར་མོས་ལེགས་བཏུས་ཏེ།། སྙན་ཚིག་སྲད་བུར་བརྒྱུས་པ་འདི།། ངག་རིག་མཛེས་མའི་རྒྱན་དུ་ཕུལ།།
འཇུག་པ་དགུ་པ།
འཛམ་བུའི་གྲགས་པ་མ་རྙིང་པའི།། ཨུ་ཏྤལ་དཀར་པོའི་རྣ་ལུང་གིས།། ཕྱོགས་ཀྱི་མཛེས་མའི་ལང་ཚོ་ལ།། ཁེངས་པ་བྱིན་པའི་ལྗོངས་ཤིག་ཏུ།། སྡེ་བཞིའི་བསིལ་ཟེར་རྩེ་དགའ་ཡིས།། འབངས་ཀྱི་ཀུ་མུད་རྒོད་བྱེད་པའི།། ས་སྐྱོང་རི་པཱུ་ཛ་ཡ་ཞེས།། སྙན་པའི་དཀྱིལ་འཁོར་རྫོགས་པ་བྱུང་།། ནམ་ཞིག་སྡོམ་བརྩོན་ངུར་སྨྲིག་གི།། སྟོད་གཡོག་བཀླུབས་པའི་དགེ་སྦྱོང་ཞིག། ས་སྐྱོང་དགྱེས་པའི་མདུན་བརྡར་ཏེ།། ཆོས་ཀྱི་དགའ་སྟོན་འདི་ལྟར་བཀྱེས།། ཀྱེ་ཀྱེ་མི་བདག་པདྨོའི་ལྗོན།། ལུགས་གཉིས་དཔལ་གྱི་དྲི་བསུང་ཅན།། འབངས་ཀྱི་རྐང་དྲུག་འཚོ་བའི་གཞི།། ཚོགས་གཉིས་གྲུ་ཆར་སྣུམ་པོའི་དྲིན།། ད་ཀོ་ཁྱོད་ཀྱི་བསོད་ནམས་སྤྲིན།། ལེགས་བྱས་མཁའ་རུ་དཀྲིགས་པ་འདི།། མི་མཐུན་འཐོར་རླུང་གིས་བསྐྱོད་ཚེ།། འགྱོད་པའི་དབྱར་རྔ་བརྡུངས་ཀྱང་ཅི།། དེ་ཕྱིར་མཆོག་གསུམ་ཞིང་ས་རུ།། ཚོགས་གཉིས་རྐང་པའི་འདེགས་འཇོག་སྒྱུར།། སྙིང་རྗེའི་ཡུལ་གྱུར་སྐྱེ་བོའི་ཚོགས།། མཁོ་རྒུའི་ནོར་གྱིས་ཚིམ་པར་བྱོས།། མཆོད་སྦྱིན་དབྱར་གྱི་དཔལ་མོ་ཡིས།། སྐྱེད་བསྲིངས་ལུགས་གཉིས་ཆུ་འཛིན་དཀར།། གྲགས་པའི་གློག་དམར་ཕྲེང་བ་ཅན།། ས་སྐྱོང་ནམ་མཁའི་རྒྱན་དུ་འཐོབ།། དེ་སྐད་དོན་ལྡན་ཚིག་གི་ཕྲེང་།། མི་བདག་སྙན་གྱི་རྒྱན་གྱུར་ཏེ།། མཆོད་སྦྱིན་ནམ་མཁའ་མཛོད་ཀྱི་སྒོ།། དུས་ཀྱི་འཁོར་ལོའི་རྒྱན་དུ་ཕྱེས།། དགེ་ཚོགས་ཆུ་ཤེལ་རྔ་ཡབ་ནི།། ལེགས་བྱས་མཁའ་ལ་ཡོངས་འཕགས་ཏེ།། སྡེ་བཞིའི་འོད་དཀར་ཕྲེང་བ་ཡིས།། སྔོ་བསང་སྒེག་མོའི་ལང་ཚོ་འཁྱུད།། དེ་ཡི་ཚོགས་གཉིས་སྤྲིན་གྱི་སྒྲ།། སུམ་རྩེན་ཕང་བར་ཡོངས་མཆེད་པས།། འཆི་མེད་བདག་པོའི་ཕོ་བྲང་ཡང་།། གསེར་གྱི་ཁྲི་དང་ལྷན་ཅིག་གཡོ།། བརྒྱ་བྱིན་བྲེད་པའི་སྐྲ་ལོ་ནི།། ལྕགས་ཀྱི་ཚེར་མ་ལྟར་གཟེངས་ཏེ།། ཅི་འདི་གང་ཞེས་བརྟགས་ན་ཡང་།། ཡིད་ལ་རྨོངས་པའི་མུན་པ་བརྩེགས།། དེ་ནས་རང་གི་གཙུག་ཕུད་ཀྱིས།། རྐང་སེན་མཛེས་པའི་རྒྱན་བྱས་པ།། དྲང་སྲོང་བྲི་ཧསྤ་ཏི་ལ།། དྲི་བའི་སྦྱོར་བ་ཡང་དག་བཤམས།། དྲང་སྲོང་མངོན་ཤེས་ལྔ་ལྡན་པས།། ཀྱེ་ཧོ་ས་སྟེང་རྒྱལ་པོ་ནི།། རི་པཱུ་ཛ་ཡའི་བསོད་ནམས་ཀྱིས།། ཁྱོད་ཀྱི་གནས་འདི་རིང་མིན་འཕྲོག། དེ་སྐད་ཐོས་པའི་འཆི་མེད་དབང་།། འཇིགས་པའི་གདོང་གི་མེ་ལོང་ངོར།། རྔུལ་ཆུའི་རི་མོ་འབུམ་བྲིས་ཏེ།། དྲང་སྲོང་ཆེན་པོ་ཚུར་གསོན་དང་།། སྐད་ཅིག་འབྲལ་བར་མི་བཟོད་པའི།། དགའ་མ་དཔལ་མོ་ལེགས་བརྗོད་མ།། བལྟ་བས་མི་ངོམས་ལང་ཚོ་ཅན།། འཆི་མེད་ཁྱེའུ་རྒྱལ་བར་བྱེད།། གངས་ཀྱི་དུམ་བུ་རྒྱུ་འདྲ་བའི།། བཞོན་པའི་མཆོག་གྱུར་ས་སྲུང་བུ།། འཇའ་འོད་འཁྱིལ་བའི་ལྡིང་ཁང་སྟེ།། རྣམ་པར་རྒྱལ་བའི་གཞལ་ཡས་ཁང་།། དྲི་ཞིམ་རླུང་གིས་མེ་ཏོག་གི།། ཆར་བ་འབེབ་པའི་སྐྱེད་མོས་ཚལ།། རིན་ཆེན་སྣ་ལྔའི་ལྗོན་ཤིང་གིས།། ཡོངས་བསྐོར་སྣ་ཚོགས་སྤོས་ཀྱི་རྫིང་།། འདོད་རྒུ་ཆར་བཞིན་བསྙིལ་བ་ཡི།། ལྷ་ཡི་ལྗོན་པ་དཔག་བསམ་ཤིང་།། འཆི་མེད་བདུད་རྩིས་མྱོས་པ་ཡི།། ལྷ་ཚོགས་དཀྲིགས་པའི་སུམ་རྩེན་གྲོང་།། མདོར་ན་ཡིད་ཀྱི་བཅུད་ལེན་པའི།། འདོད་ཡོན་ལྔ་ཡི་ཕུན་ཚོགས་དང་།། སྐད་ཅིག་བྲལ་བའི་གདུང་བ་ཡིས།། ཁོ་བོའི་སྙིང་འདི་ཚལ་བར་འགས།། རིག་འཛིན་གྲུབ་པའི་དབང་ཕྱུག་ཀྱེ།། ས་སྐྱོང་རི་པཱུ་ཛ ཡ་ཡི།། བསོད་ནམས་ཆུ་གཏེར་བྲི་བའི་ཐབས།། རྟ་གདོང་མེ་རིའི་སྣང་བ་སྩོལ།། དེ་ལྟའི་ཞུ་ཚིག་མནྡཱ་རས།། དྲང་སྲོང་ཡིད་ཀྱི་ཆུ་གཏེར་ཆེ།། བསྲུབས་པས་གནོད་སྦྱོར་ནག་པོ་བརྩེགས།། བདེ་ལེགས་སྲོག་གི་གཤེད་དུ་རྙེད།། བརྒྱ་བྱིན་མཆོད་པའི་ཉི་རྡུལ་གྱིས།། ཁྱབ་འཇུག་དགྱེས་འཛུམ་པདྨོའི་ཁ།། སྡུག་གུར་གྲོལ་བའི་ཆོ་ག་ཡིས།། རི་པཱུ་ཛ་ཡ་ཕམ་པར་བྱས།། དེ་ཡང་ཐིག་ལེ་དྲུག་པ་ནི།། ངུར་སྨྲིག་འཆང་བའི་གཟུགས་སྤྲུལ་ཏེ།། ཆོས་ཀུན་གདོད་ནས་སྟོང་པ་ཡི།། ཏིང་འཛིན་སྒོ་བརྒྱ་ཅིག་ཅར་ཕྱེས།། དེ་ཡིས་ས་སྐྱོང་འདུས་བྱས་ཀྱི།། དགེ་ཚོགས་སྤེལ་བའི་རྒྱུན་ཆད་པས།། བསོད་ནམས་ཉི་ཟླའི་ལང་ཚོ་ནི།། ལེ་ལོའི་ནུབ་རིར་ཡུད་ཀྱིས་རྒས།། སུམ་རྩེན་གྲོང་དུ་མཆེད་པ་ཡི།། ལེགས་བྱས་རླབས་ཀྱི་འཁྲི་ཤིང་འབུམ།། ཉིན་རེར་བྲི་བའི་མཇུག་ཐོགས་སུ།། སྡེ་བཞིའི་དཔལ་ཡང་ཉམས་སོ་ལོ།། དེ་སྐད་འཇུག་པ་དགུ་པའི་གཏམ།། གྱ་གྱུའི་རིག་བྱེད་རྩིག་པའི་ངོར།། ངག་རིག་ཚོན་གྱིས་བྱུགས་པ་འདིས།། རང་མཉམ་བྱིས་པ་ཅིས་མི་བསླུ།།
འཇུག་པ་བཅུ་པ།
དེ་ཡང་དགེ་ལེགས་སྤྲིན་སྔོན་གཞིར།། སྨོན་ལམ་དག་པའི་གློག་དམར་ཅན།། མཐོ་རིས་དབྱར་གྱི་མཛེས་མ་ལ།། སུམ་རྩེན་སྙན་པའི་རྣ་རྒྱན་སྤུད།། འཆི་མེད་བུ་མོའི་ལང་ཚོ་ལ།། ཕྲག་པ་དོག་པའི་ལྷ་མིན་གྱི།། ལུས་ཕྲ་མང་ཞིག་མྱ་ངན་གྱི།། ཁུང་བུར་སྨྲེ་སྔགས་ཤུབ་བུར་ཟློ།། ལྷ་ཡི་འཆི་སོས་བདུད་རྩི་ཡི།། རོ་ལ་རྔམ་པའི་སྦྱིན་སྐྱེས་ཚོགས།། དྲག་པོའི་གཡུལ་གྱི་རྩེ་དགའ་ལ།། རིང་ནས་མཛའ་བའི་ཟུར་མིག་འཕེན།། ལྷ་དང་ལྷ་མིན་གཡུལ་གྱི་ངོར།། ཕས་རྒོལ་སྟོབས་ཀྱི་འཕྲུལ་འཁོར་གྱིས།། དཀར་ཕྱོགས་ཕམ་པའི་ཆོ་ངེའི་སྒྲས།། སྲིད་པ་གསུམ་གྱི་ཁོར་ཡུག་ཉུལ།། བརྒྱ་བྱིན་བྲེད་པའི་སུག་པ་ནི།། དྲི་བཞོན་བུ་མོས་འཁྱུད་པ་ཡི།། ལྕུག་མའི་འཁྲི་ཤིང་ལ་འགྲན་ཚེ།། ལྷ་ཕྲན་དངངས་པའི་མཐའ་མ་རིག། འཆི་མེད་ལུས་ཕྲའི་མྱ་ངན་གྱིས།། འདྲེན་བྱེད་ཆུ་འཛིན་རྔ་ཡབ་ལས།། མཆི་མའི་ཆར་རྒྱུན་ལྷུན་འཇོ་བས།། ཛ་ཧུའི་བུ་མོའི་ཁེངས་པ་འཕྲོགས།། ནམ་ཞིག་བརྒྱ་བྱིན་ཡིད་ཀྱི་མཚོ།། བསམ་གཞིག་མནྡཱ་རས་བསྲུབས་པས།། རྨད་བྱུང་ཐབས་ཀྱི་ཉི་གཞོན་ནི།། འོད་ཀྱི་ལང་ཚོས་སྙེམས་པ་འཁྲུངས།། སྲིད་པའི་རྩེ་མོའི་ཏིང་འཛིན་གྱི།། མཛའ་མོར་འཁྱུད་པའི་དྲང་སྲོང་ཆེ།། ཞོ་འཐུང་མཚན་གྱི་སྙན་པའི་སྒྲས།། ཚངས་དབང་ཟིལ་གྱིས་གནོན་པ་དེའི།། རུས་པའི་མཚོན་གྱི་མེ་ཆར་གྱིས།། ཕས་རྒོལ་བྲག་རི་ཁེངས་པའི་མགོ།། ཕྱེ་མར་བརླགས་པའི་ངང་ཚུལ་གྱིས།། ལྷ་རིགས་འབུམ་གྱི་ཡི་ག་གསོ།། དེ་ཚེ་བརྒྱ་བྱིན་གཙུག་ཕུད་ནི།། རིན་ཆེན་སྣ་ལྔའི་ཅོད་པན་ཅན།། དྲང་སྲོང་ཆེ་དེའི་ཞབས་སེན་ལ།། གཏུག་བཞིན་འདི་སྐད་ཞུས་སོ་ལོ།། ཀྱེ་མ་ཀྱེ་ཧུད་དྲང་སྲོང་ཆེ།། ནག་ཕྱོགས་ལྷ་མིན་ཁེངས་པའི་བྲག། ལྷུན་པོའི་གཏོས་དང་མཉམ་པ་ཡིས།། དཀར་ཕྱོགས་ཉི་ཟླའི་སྣང་བ་བཀག། ཡིད་སྲུབ་མཚམས་སྦྱོར་ལས་སྐྱེས་པའི།། འབྱུང་བོའི་གཉིས་སྐྱེས་ཕྱོགས་མེད་རྒྱུ།། དགེ་ལེགས་ཨུ་དམ་ཝ་རའི་ཚལ།། མྱ་ངན་ངོ་འཛུམ་ཅི་ཡང་གནག། དེ་ཕྱིར་རིག་པ་འཛིན་ཁྱོད་ཀྱི།། རུས་པའི་མཚོན་ཆ་ལ་རེ་བའི།། འཆི་མེད་ཚོགས་ཀྱི་མིག་འབུར་ནི།། ས་འཛིན་དབང་པོའི་གཏོས་དང་མཉམ།། གང་ཁྱོད་ཐུགས་བརྩེ་རྫོགས་ལྡན་གྱི།། ཆུ་ཁུར་ཕང་ཕུང་བརྩེགས་པ་ལས།། དངོས་གྲུབ་སྤྲིན་གྱི་མེ་ཏོག་གིས།། བདག་ཅག་སྨོན་པ་འབྲས་ལྡན་མཛོད།། དེ་སྐད་ཞུ་ཚིག་ལྷ་ཡི་ཆར།། དྲང་སྲོང་སྙན་གྱི་འཛིན་མའི་གཞིར།། བབས་པའི་རྟེན་འབྱུང་མ་འགག་པས།། དོན་ལྡན་གསེར་གྱི་སྙེ་མ་ལྡེམ།། ཁོ་བོའི་ཟག་ཕུང་རྡོ་རྗེ་ཡི།། གཤིས་སུ་གྲུབ་པས་འཇིག་པ་མེད།། འོན་ཀྱང་ཁྱུ་མཆོག་ལྕེ་ཡི་མཚོན།། སྣུན་ལ་རུས་པའི་དངོས་གྲུབ་ལོངས།། དེ་ལྟར་དྲང་སྲོང་རུས་པའི་དཔྱ།། ལྷ་ཡི་ཚོགས་ལ་ཐོབ་པ་དེས།། སྣ་ཚོགས་མཚོན་གྱི་གཟུགས་བྱས་ཏེ།། སྦྱིན་སྐྱེས་ཕམ་པའི་གྲངས་མ་དམིགས།། དེ་ཡི་མཇུག་ཐོགས་དྲང་སྲོང་དེའི།། བུ་ཡིས་རང་གི་སྐྱེད་བྱེད་ཆེ།། དེ་ལྟར་ཉམས་ཉེས་གྱུར་པ་ནི།། མ་བཟོད་གནོད་པའི་སྦྱོར་བ་བརྩམས།། རྣོ་དབལ་མཚོན་གྱི་འཕྲུལ་འཁོར་གྱིས།། ཁྱུ་མཆོག་ཕྱི་མའི་ལམ་དུ་མངགས།། ལྷ་ཡི་ཆོས་ལུགས་ལ་དམོད་པའི།། མི་བཟད་ཀླ་ཀློའི་གྲུབ་མཐའ་བརྩམས།། འཛམ་གླིང་ཕྱོགས་ཀྱི་འཁོར་ལོའི་ཁྱོན།། ཀླ་ཀློས་འཛིན་པའི་དམོད་པ་དོར།། དེ་ཡི་འབྲས་བུ་སྨིན་པ་ཡིས།། དགེ་ལེགས་ཉི་ཟླའི་སྣང་བ་ནུབ།། འཐའ་མར་ཆ་བསགས་གྲོང་ཁྱེར་དུ།། ཁྱབ་འཇུག་རིགས་ལྡན་ཀ་ལ་ཀིར།། སྤྲུལ་བའི་ཟློས་གར་ལེགས་བསྒྱུར་ཏེ།། ཀླ་ཀློའི་བསྟན་པ་རྨེག་མེད་གཞོམ།། དེ་ནས་འཛམ་གླིང་འཛིན་མའི་གཞིར།། ལྷ་ཡི་ཆོས་ལུགས་གངྒཱའི་རྒྱུན།། ཆལ་ཆིལ་འབབ་པའི་རྩེ་དགའ་ཡིས།། ལེགས་བྱས་རླབས་ཀྱི་འཁྲི་ཤིང་གཡོ།། ལུས་ཅན་མཐའ་དག་སྡེ་བཞི་ཡི།། ཁེངས་པས་མྱོས་པའི་ཅ་ཅོའི་གླུ།། དྲི་ཟའི་འཇིག་རྟེན་ལ་ཉུལ་བས།། རྫོགས་ལྡན་དུས་སྟོན་སླར་ཡང་འབོད།། དབྱངས་ལྡན་མྱོས་པའི་སྤྲིན་དཀར་ལས།། ལེགས་འོངས་རབ་བྱེད་ལྷ་ཡི་ཆར།། ཚིག་རྒྱན་གློག་དམར་དོ་ཤལ་གྱིས།། སྤྲས་པའི་འཇུག་པ་བཅུ་པའོ།། དེ་སྐད་ཚངས་སྲས་དགྱེས་པའི་འཛུམ།། ཚོགས་གཉིས་འོད་ཀྱི་སྙེ་མའི་ཕོན།། སྙིང་གི་འཛིན་མར་སྨིན་པ་ཡི།། གངས་རིའི་ཁྲོད་ཀྱི་སྙན་ངག་མཁན།། ཉི་ཟླའི་ལང་ཚོ་འཛིན་པ་དག། དུས་ཀྱི་ནུབ་རིར་གཤེགས་པའི་ཤུལ།། རང་འོད་ཕྲ་མོས་སྙེམས་པ་ཡི།། ཐོ་རངས་རྒྱུ་སྐར་འོད་ཆེན་ཏེ།། ལྷ་རིགས་ལྡོང་གི་མྱུ་གུ་ནི།། ཀླུ་སྨྱོན་ཁྲག་འཐུང་རོལ་བ་རྩལ།། ཞེས་བྱའི་མིང་གི་ཅོད་པན་ཅན།། ཁོ་བོས་ངལ་བ་འདི་བྱས་སོ།། འདི་ལས་བྱུང་བའི་དགེ་ཚོགས་ཀྱི། །ཟླ་བའི་འོད་ལ་འཐུངས་པ་ཡི།། བསིལ་ལྗོངས་སྙན་རིག་འོ་མའི་མཚོ།། རྫོགས་ལྡན་རླབས་ཀྱིས་མཛེས་གྱུར་ཅིག། །།
ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱུད་སྙན་པའི་ངག་ཏུ་བསྡེབས་པའི་བསྟན་བཅོས་ཟླ་བ་བདུད་རྩིའི་རྔ་ཡབ་ཅེས་བྱ་བ་འདི་ནི། བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་པ་རིམ་བྱོན་གྱིས་ཐུབ་པའི་དབང་པོའི་སྐྱེས་རབས་ཀྱིས་གཙོས་པའི་རྒྱ་གར་གྱི་གཏམ་རྒྱུད་བོད་ཡིག་ཏུ་བསྒྱུར་པ་ཤིན་ཏུ་མང་པོ་ཞིག་མཇལ་དུ་ཡོད་ཅིང་། རྒྱལ་པོ་རཱ་མ་ཎ་དང་བཙུན་མོ་རོལ་རྙེད་མ་གཉིས་ཀྱི་གཏམ་རྒྱུད་ཀྱང་ཐོར་རེ་བ་ཞིག་བོད་ཡིག་ཏུ་བསྒྱུར་ཡོད་པ་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཁྲོད་ཡོད་ལ། བོད་མི་རང་གིས་བརྩམས་པའི་རཱ་མ་ཎ་དང་རོལ་རྙེད་མ་གཉིས་ཀྱི་རྟོགས་བརྗོད་སྙན་ངག་གི་ལམ་དུ་དྲངས་པ་ནི། རྗེ་ཙོང་ཁ་པའི་དངོས་སློབ་ཞང་ཞུང་བ་ཆོས་ཀྱི་གྲགས་པས་མཛད་པ་དེ་དང་། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ངེས་དོན་མཁས་པའི་དབང་པོ་ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི་ཞང་ཞུང་བའི་སྙན་ངག་གི་འགྲེལ་པ་སོགས་བཞུགས་ན་ཡང་། གཏམ་རྒྱུད་དེའི་འབྱུང་ཁུངས་ཁྱབ་འཇུག་གི་འཇུག་པ་བཅུའི་རྟོགས་པ་བརྗོད་པའི་གཏམ་རྒྱུད་ནི། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་རྒྱ་བལ་གྱི་མཁས་པའི་ངག་རྒྱུན་བཏུས་པ་གཅིག་ཙམ་བཞུགས་པ་ལས། འཇུག་པ་བཅུའི་རྟོགས་པ་བརྗོད་པའི་སྙན་ངག་ཅིག་ད་ཕན་མ་མཐོང་བའི་རྐྱེན་གྱིས། རང་གི་བློ་གྲོས་འཕེལ་བའི་གསོས་སུ་དམིགས་ཏེ་འཇུག་པ་བཅུ་བརྗོད་བྱར་བྱས་པའི་སྙན་ངག་ཅིག་འབྲི་ཁུལ་བྱས་པ་ལགས་ས་སོ།།

Subscribe to:
Post Comments (Atom)
0 comments:
Post a Comment