དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 10 January 2013

༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།


ཀ་དག་ཀུན་བཟང་དགོངས་པ་ཟང་ཐལ་གདོད་མའི་མགོན་པོ་མི་ཡི་གཟུགས།།
ཁ་དོག་ཡེ་བྲལ་མཚན་མའི་མ་དམིགས་ལྷུན་གྲུབ་བདེ་བ་ཆེན་པོའི་མདངས།།
ག་ན་སྦྱོར་བའི་ཚོགས་རྗེའི་ཚོགས་བདག་འཇིགས་བྲལ་སེང་གེའི་ཟུར་ཕུད་ཅན།།
ང་ཅག་སྟོན་པ་མཚུངས་མེད་དཔལ་ལྡན་བདག་ཆེན་ལྷུན་པོ་རྒྱལ་གྱུར་ཅིག །

ཅ་ཅོའི་ངག་ཚིགས་དབྱིངས་སུ་དག་པ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད།།
ཇ་ཆང་ལོངས་སྤྱོད་འདོད་ཡོན་ལམ་ཁྱེར་ཐ་མལ་སྣང་བ་རིང་ནས་འགོག །
ཆ་སྤྱད་མཚར་དགུའི་སྤྲོས་པ་ཀུན་བྲལ་ཞི་བ་དུལ་བ་སེམས་དཔའི་གཙོ།།
ཉ་གང་ཟླ་བའི་དཀྱིལ་འཁོར་འཛིན་པ་ཕུན་ཚོགས་ཕོ་བྲང་ཞབས་བརྟན་གསོལ།།
ཏ་ཞིས་རྒྱ་མཚོའི་སྐྱེ་འགྲོ་ལས་ཅན་གདུལ་བྱའི་སྣོད་དུ་སྐལ་བ་བཟུང་།།
ཐ་དད་མི་འབྱེད་ཆོས་ཀྱི་བགོ་བཤའ་ཤེས་ལྡན་གང་ཟག་ཀུན་ལ་གདམས།།
ད་ལྟའི་དུས་སྙིགས་དུས་ཀྱི་འདྲེན་པ་བླ་མེད་ཐེག་ཆེན་སློབ་དཔོན་མཆོག །
ན་འཆིའི་ཟློས་གར་ཆུ་སྤྲིན་གཉེར་མའི་རི་མོ་དང་བྲལ་ཞབས་བརྟན་གསོལ།།
པ་ཏྲ་ལྟ་བུའི་ཀུན་རྟོག་ཀུན་བྲལ་བཞི་བཅོམ་དྲུག་ལྡན་སྲིད་ཞིར་འདས།
ཕ་རོལ་གཡེང་བའི་འདུ་འཛིའི་འཆིང་ཐག་ཐོབ་དང་གོ་སའི་གཡུལ་ལས་རྒྱལ།།
བ་ལང་རྫི་བོའི་ངང་ཚུལ་ཇི་བཞིན་ཆབ་སྲིད་ཆོས་པར་སྤྱན་ཆབ་ཉིལ།།
མ་ལུས་འགྲོ་ཀུན་བྱམས་བརྩེའི་སྐྱོང་བཞིན་ཉི་མའི་གཉེན་ཁྱེད་ཞབས་བརྟན་གསོལ།།
ཙ་ཀི་ལིའི་མཆོག་གསུམ་ལྡན་རྡོར་འཛིན་ཀྱཻ་རྡོར་རོལ་བའི་དབྱིངས་དང་མཉམ།།
ཚ་གྲང་མི་བཟད་སྡིག་སྒྲིབ་ཀུན་འཇོམས་ཀུན་རིག་ཐུགས་ཀྱི་ཆུ་རྒྱུན་བསིལ།།
ཛ་ཡའི་བསྟན་པ་གངས་རིའི་ལྗོངས་ནས་ནུབ་གླིང་ཡུལ་གྲུར་འདྲེན་མཛད་པ།།
ཝ་ཤིན་ཁྲོན་འདིར་ཆོས་ཀྱི་འོད་སྣང་སྡེ་ཚོགས་བསྐྲུན་མཁས་ཞབས་བརྟན་གསོལ།།
ཞ་ཉེའི་ལྕགས་བཞིན་ཡོན་ཏན་ཀུན་བསྡུད་ཡིད་བཞིན་དབང་རྒྱལ་ཆོས་ཀྱི་རྗེ།།
ཟ་མ་ཏོག་གི་མདོ་སོགས་གཉན་པོའི་གསང་རྒྱའི་དགོངས་དོན་ཐུགས་སུ་ཆུད།།
འ་ཅག་ལས་འཕྲོས་སྨོན་ལམ་དུས་སྨིན་ཁ་བའི་རྡུལ་བརྩེགས་དམུས་ལོང་དང་།།
ཡ་མཚན་ལྟ་སྤྱོད་ལོག་སྤྱོད་དམུ་རྒོད་མ་ལུས་འདུལ་ཁྱེད་ཞབས་བརྟན་གསོལ།།
ར་གན་གསེར་རྫུ་ཟོག་པོའི་གང་བའི་དུས་སྙིགས་རྒུད་པའི་མཐའ་འདི་ལ།།
ལ་ལུང་སྟོད་སྨད་བཤད་སྒྲུབ་འཛིན་མཁས་བླ་རུང་ཆོས་གྲྭ་ཆེན་མོ་ནས།།
ཤ་བེམ་ཚུལ་བཟུང་ཆོས་སྐུའི་སྟོན་པ་ཨཱ་བྷྱའི་ཐུགས་དང་དབྱེར་མེད་འདྲེས།།
ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འདྲེན་པ་རྣམས་གཉིས་ཚེ་རབས་བསྙེན།།
ཧ་རི་ལྷ་ཡི་ལྗོན་པས་ཇི་བཞིན་ཁྱེད་བརྟེན་འགྲོ་རྒྱུན་རླན་པར་བྱེད།།
ཨ་མ་གཅིག་པུའི་བུ་ཕྲུག་ལྟ་བུར་ཉེ་རིང་མེད་པར་ཀུན་ལ་སྙོམས།།
ཧ་ཅང་དྭངས་བས་དད་ཕྱག་དང་བཅས་བདག་སེམས་སྤྲོ་བའི་ཞུ་འབོད་འདི།།
ཨ་དོན་སྐྱེ་མེད་རོལ་བའི་ཀློང་ནས་གསན་ཅིང་དགོངས་ཏེ་དགྱེས་བཞུགས་གསོལ།།
ཞེས་༠༡/༠༩/༡༣ལ་རྨོངས་རྒན་གྱི་ན་བ་སྤྲུལ་སྐུ་དབང་ཆེན་གྱིས་སྦྱར་བའོ།།
 

ཚངས་པ་རྒན་པོའི་བདེན་ཚིག

༄༅། །དཔལ་ས་སྐྱ་གོང་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་དགུང་གྲངས་གྱ་ལྔ་བཞེས་པའི་དུས་སུ་ཕུལ་བའི་བརྟན་བཞུགས་གསོལ་འདེབས་ཚངས་པ་རྒན་པོའི་བདེན་ཚིག་ཅེས་བྱ་བ།
ཀླུ་སྨྱོན།
ཀ་དག་རྟེན་འབྱུང་ཟུང་དུ་འཇུག་པའི་མདོ་སྔགས་རིག་པའི་ལམ་བཟང་གིས། །
ཁ་བ་ཅན་ལྗོངས་མ་རིག་མུན་པ་སེལ་མཛད་དཔལ་ལྡན་ས་སྐྱའི་བསྟན། །
ག་ས་གང་དུ་ཐུགས་བསྐྱེད་འཕྲུལ་གྱིས་ཉི་འོད་བཞིན་དུ་སྤེལ་མཛད་པའི། །
ང་ཚོའི་བླ་མ་འཇིགས་བྲལ་བདག་ཆེན་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །


ཅ་ཅོའི་འདུ་འཛི་དྲག་ཏུ་འཁྲིགས་པའི་ནུབ་གླིང་མུན་པའི་ནམ་མཁའ་རུ།
ཆ་རྫོགས་མཛད་འཕྲིན་ཟླ་བ་གཞོན་ནུ་བཅུ་ཕྲག་ལྔ་ལྷག་བརྒལ་བའི་ལོར། །
ཇ་ཡུན་ཙམ་ལའང་རྒྱལ་བསྟན་འབའ་ཞིག་ཐུགས་ལ་བརྣགས་པའི་བླ་མ་གང་། །
ཉ་རྒྱས་གསང་གསུམ་འོད་དཀར་འགྱེད་བཞིན་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཏྰ་ལའི་བླ་མའི་ཐུགས་རྗེའི་གྲིབ་བསིལ་གདུགས་དཀར་ས་གསུམ་འཁོར་བའི་ཚེ། །
ཐ་དད་འགྲོ་བའི་མགོན་པོ་ཁྱེད་ཀྱང་ཐུགས་བསྐྱེད་རྒྱ་མཚོའི་རླབས་བཞིན་དུ། །
ད་ལྟའི་སྙིགས་མ་ལྔ་རུ་བདོ་བའི་དུས་འདིར་བདག་སོགས་གདུལ་བྱའི་ཆེད། །
ན་རྒའི་ཚུལ་ཙམ་བཞེས་པ་མེད་པར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

པ་ར་མི་ཏའི་གཞུང་ལུགས་གྲུ་ཆར་ཐུགས་རྗེ་ཆུ་འཛིན་ཀློང་ནས་བསྙིལ། །
ཕ་མའི་རྒྱུད་སྡེ་དབང་ལུང་ཁྲིད་གསུམ་གདུལ་བྱའི་ཡིད་དང་འཚམ་པར་སྩོལ། །
བ་སོའི་མདངས་ལྡན་གངས་ཅན་ལྗོངས་ཀྱི་བསྟན་སྲིད་བདེ་བའི་ཐུགས་སྨོན་གྱིས། །
མ་ལུས་འགྲོ་བའི་མགོན་པོ་གཅིག་བུར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཙ་རི་ལ་སོགས་དཔའ་བོ་མཁའ་འགྲོའི་གནས་མཆོག་དུ་མའི་བྱིན་རླབས་རྒྱུན། །
ཚ་བས་བཞུས་པའི་གངས་ཆབ་ཅི་བཞིན་སྤྲུལ་པའི་ལྷ་ཁང་འདིར་བསྟིམས་ཏེ། །
ཛ་ཡའི་བསྟན་པ་ནུབ་ཀྱི་ཕྱོགས་སུ་རྫོགས་ལྡན་བཞིན་དུ་སྤེལ་མཛད་གང་། །
ཝ་ལེར་སྤྱི་གཙུག་བདེ་ཆེན་འཁོར་ལོར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཞ་ལོང་འོན་ལྐུགས་ཉམ་ཐག་འགྲོ་བ་ཐུགས་ཀྱིས་བུ་བཞིན་ལེགས་གཟིགས་ཏེ། །
ཟ་འཐུང་ཚུན་ཆད་སྦྱིན་པས་གྲོལ་མཛད་རྒྱལ་སྲས་བྱང་ཆུབ་སེམས་དཔའི་གར། །
འ་ཅག་མ་རིག་མུན་པར་འཁྱམས་ཏེ་མགོན་མེད་དུཿཁས་མནར་བའི་ཚོགས། །
ཡ་གའི་བདེ་ལྡན་ཞིང་དུ་འདྲེན་ཕྱིར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ར་རིའི་དྲི་བྲལ་བདེ་སྟོང་ཐུགས་ནི་ཏིང་འཛིན་རྒྱ་མཚོའི་རྦ་རླབས་འཕྱུར། །
ལ་ལ་ཙམ་མིན་ཤེས་བྱའི་གནས་ལུགས་སྐད་ཅིག་གཅིག་ལ་རྗེན་པར་གཟིགས། །
ཤ་ཁྲག་གདོས་བཅས་མི་ཡི་ཟོལ་བསྟན་ཁྱབ་བདག་གདོད་མའི་མགོན་པོ་ཉིད། །
ས་སྟེང་རྒྱལ་བསྟན་བདག་པོར་བཞེངས་ཏེ་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཧ་ཅང་བཀའ་དྲིན་འཁོར་ཐབས་བྲལ་བའི་གོང་མ་རྡོ་རྗེ་འཆང་ཆེན་ཉིད། །
ཨ་རིའི་ཡུལ་འདིར་སྐལ་བ་བཟང་པོས་མཇལ་ཏེ་མི་ལོ་བཅུ་ཕྲག་འཁོར། །
ཨ་མདོའི་སྤྲུལ་སྐུ་ཡེ་ཤེས་བདག་ཀྱང་དེང་ནས་གདོད་མའི་ས་ཐོབ་བར། །
ཧ་རིས་བཏེགས་པའི་རྡོ་རྗེའི་ཁྲི་ནས་བརྩེ་བའི་ཐུགས་ཀྱིས་མི་འདོར་ཤོག །
*བདག་ཆེན་རིན་པོ་ཆེ་འདི་བ་ནི་ས་སྐྱའི་ལོ་ངོ་དགུ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་ས་སྐྱ་གོང་མ་སྐུ་ཚེ་རིང་ཤོས་དེ་ཡིན་ཞིང་། ཞིང་གཤེགས་གསེར་རྟའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་སྐྱེས་ཆེན་དུ་མས་རྩོད་མེད་དེང་དུས་ཀྱི་གྲུབ་པ་མཆོག་གི་སྐྱེས་བུ་ཞིག་ཏུ་ངོས་འཛིན་ཞུས་དང་ཞུ་བཞིན་པའོ།།

༄༅། །ས་སྐྱ་༧གོང་མ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་
དཔལ་བཟང་པོ་མཆོག་ལ་ཞབས་བརྟན་གསོལ་འདེབས་
རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཨེ་མ་ཧོ།



ཀ་དག་རྒྱལ་བའི་དགོངས་པ་དེ་ཉིད་གཟིགས། །

ཁ་སྦྱོར་ཡན་ལག་བདུན་ལ་དབང་འབྱོར་བའི། །

ག་བུར་སྨན་མཆོག་ཇི་བཞིན་དགེ་བའི་བཤེས། །

ང་རྒྱལ་རྣམ་དག་ས་སྐྱ་༧གོང་མ་རྒྱལ། །

ཅ་དག་གོས་དཀར་བསྟན་པའི་རྒྱལ་མཚན་འཛིན། །

ཆ་ཤས་ཡོན་ཏན་ཕུན་ཚོགས་བདག་ཉིད་ཆེ། །

ཇ་ཆང་འདོད་ཡོན་འཇིགས་བྲལ་རྒྱན་ཏུ་ཤར། །

ཉ་གང་ཕྱོགས་ལས་རྣམ་རྒྱལ་རྒྱལ་གྱུར་ཅིག །

ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་ལ། །

ཐ་ཤལ་ཆོས་བརྒྱད་འཆིང་བས་མ་གོས་པའི། །

ད་ལྟའི་དུས་འདིར་སྔགས་འཆང་མཚན་ཉིད་པར། །

ན་མོ་རྨི་ལམ་དད་གུས་རྒྱན་ཏུ་རོལ། །

པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པ་མཛད། །

ཕ་མའི་ཀྱེ་རྡོར་ཟུང་འཛུག་མངོན་གྱུར་པའི། །

བཛྲ་ཐེག་པའི་བརྒྱུད་འཛིན་རིན་པོ་ཆེ། །

མ་ལུས་འགྲོ་བའི་མགོན་དུ་རིང་འཚོ་ཤོག །

ཙ་རི་ཊྰ་སོགས་སྦས་ཡུལ་མཁའ་འགྲོ་གཙོ། །

ཚ་གྲང་འཁོར་བའི་སྡུག་བསྔལ་བསལ་བའི་གཉེན། །

ཛ་ཡའི་བསྟན་པའི་སྙིང་ནོར་རྡོ་རྗེ་འཛིན། །

ཝ་ལེར་སྙིང་གི་རྒྱན་ཏུ་བཞུགས་སུ་གསོལ། །

ཞྭ་མདོག་ཁྱད་མེད་དད་པ་དག་སྣང་མཛད། །

ཟ་མ་མོ་ལ་བདག་མོའི་ཐོབ་ཐང་སྤྲད། །

འ་ཅག་བསྟན་སྲིད་འཛིན་པའི་དཔའ་བོ་ཆེ། །

ཡ་རབས་རྒྱུད་འཛིན་གོང་མ་རིན་ཆེན་རྒྱལ། །

ར་བ་གངས་རིས་བསྐོར་བའི་ཕ་ཁྱིམ་དུ། །

ལ་རྒྱའི་ཆོས་རིགས་སྤེལ་བའི་འདྲེན་པ་མཆོག །

ཤ་ཁྲག་རུས་པའི་གདུང་སྲས་སྐུ་འཁོར་བཅས། །

ས་སྟེང་སྐྱེ་རྒུའི་མགོན་དུ་རྟག་འཚོ་ཤོག །

ཧ་ཅང་གསལ་བའི་རྨི་ལམ་སྣང་བ་དང་། །

ཨ་ལགས་ཆོས་མཆེད་འགའ་ཡིས་སྐུལ་བའི་ངོར། །

ཧ་ཤང་བླ་མའི་རྟུལ་ཞུགས་དགྱེས་རྡོར་གྱིས། །

ཨ་ཧོ་བདེན་ཚིག་སྨོན་ལམ་དེ་ལྟར་ཐལ། །

ཨི་ལྡན་དབྱངས་གསལ་མཛེས་པའི་ཞབས་བརྟན་དང་། །

ཨུ་རྒྱན་རིག་འཛིན་བརྒྱུད་པའི་བདེན་སྨོན་གྱིས། །

ཨེ་མ་ས་སྐྱ་ཕུན་ཚོགས་ཕོ་བྲང་ཉིད། །

ཨོ་ཌྰི་ཡ་ནའི་གསང་གསུམ་མངོན་གྱུར་ཤོག །

ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་ཐོ་རངས་ལ་རྨི་ལམ་བཟང་པོ་དུ་མ་ཞིག་རྨིས་པ་དང་། སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་གྱི་ཀ་རྩོམ་གྱི་ཞབས་བརྟན་མཇལ་བའི་རྐྱེན་ལས་སྣང་སྲིད་གླུ་དབྱངས་སུ་ལེན་པར་མཁས་པའི་མཁན་ཆེན་བླ་མ་འམ་རྨི་ལམ་དབང་ཕྱུག་གིས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེའོ། །


 

0 comments:

ཟིན་བྲིས་འཚོལ་ཡུལ