དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 25 February 2013
༄༅། །རང་སེམས་ཆོས་ལ་བསྐུལ་བའི་བསླབ་བྱ་བཞུགས་སོ། །

ན་མོ་གུ་རུ། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཞབས་ཀྱི་པདྨོར་གུས་པས་ཕྱག་བྱས་ཏེ། །ལོག་པའི་ལམ་ཞུགས་དམུ་རྒོད་སེམས་ཀྱི་རྟ། །ཆོས་ལ་བཙུད་ཕྱིར་བསྐུལ་མའི་ལྩག་འདི་གདེངས། ༡ །གང་ལ་བརྟེན་ན་མཐོ་རིས་ཐར་པའི་སར། །ཡུད་ཀྱིས་འདྲེན་པའི་ལམ་སྟོན་དགེ་བའི་བཤེས། །གཞོན་ནུ་འོད་ལྟར་བསམ་དང་སྦྱོར་བ་ཡིས། །ཚུལ་བཞིན་མཉེས་པར་གྱིས་ཤིག་སྙིང་གཏམ་ཡིན། ༢ །མ་ནོར་ལམ་སྟོན་དྲིན་ཅན་བླ་མ་རྗེ། །རྒྱལ་ཀུན་འདུས་པའི་ངོ་བོ་ཡིན་པས་ན། །དེ་ཉིད་གཅིག་པུར་མཆོད་པས་རྒྱལ་བ་ཀུན། །མཆོད་དང་ཁྱད་པར་མེད་དོ་སྙིང་གཏམ་ཡིན། ༣ །མདོར་ན་སྐྱབས་གསུམ་ཀུན་འདུས་བླ་མ་རྗེ། །ཚུལ་བཞིན་བསྟེན་ན་ལེགས་ཚོགས་ཀུན་འབྱུང་ཞིང་། །གཞན་དུ་མི་འདོད་སྣ་རྒུ་འབྱུང་གསུངས་པས། །རང་གི་སྲོག་བཞིན་བསྟེན་ཅིག་སྙིང་གཏམ་ཡིན། ༤ །འདི་ཕྱི་གཏན་གྱི་འདོད་དོན་བདེ་བླག་ཏུ། །སྒྲུབ་པར་ནུས་པའི་རྟེན་བཟང་འདི་འདྲ་བ། །ཤིན་ཏུ་རྙེད་པར་དཀའ་བས་རྙེད་དུས་འདིར། །གཏན་གྱི་མདུན་མ་སྒྲུབས་ཤིག་སྙིང་གཏམ་ཡིན། ༥ །ད་ལྟ་ཅི་བྱེད་རང་དབང་ཡོད་དུས་སུ། །སྙིང་ནས་བསྒྲིམས་ཏེ་སྙིང་པོ་མ་ལེན་ན། །བྱེད་པར་འདོད་ཀྱང་རང་དབང་མེད་པ་ཡི། །དུས་ཤིགས་མྱུར་དུ་ཡོང་ངོ་སྙིང་གཏམ་ཡིན། ༦ །གཏིང་ཟབ་མི་ཁོམ་གནས་སུ་ལྷུང་གྱུར་ན། །ཕྱི་ནས་ཐར་པའི་རེ་བ་མ་མཆིས་པས། །ད་ལྟ་ཁོམ་པའི་དུས་འདིར་རབ་བསྒྲིམས་ཏེ། །བཙན་ས་ཟིན་པར་གྱིས་ཤིག་སྙིང་གཏམ་ཡིན། ༧ །ཚེ་རབས་གཏན་དུ་བདེ་བ་འབྱུང་བའི་རྒྱུ། །རྣམ་དག་ཆོས་བཞིན་སྒྲུབ་པའི་སྐབས་བྱུང་ན། །ཡུན་ཐུང་ཚེ་འདིར་ཇི་ལྟར་ཕོངས་གྱུར་ཀྱང་། །འགྱོད་རྒྱུ་ཅི་ཡང་མེད་དོ་སྙིང་གཏམ་ཡིན།༨ །ཚེ་འདིའི་བདེ་བ་འབའ་ཞིག་ལྷུར་བླངས་ནས། །ཚེ་རབས་གཏན་གྱི་བདེ་བ་ཡལ་བོར་ན། །རྩྭ་ལོ་ཁམས་འགའི་དོན་དུ་སྲོག་འདོར་བའི། །ཕྱུགས་དང་ཁྱད་པར་མེད་དོ་སྙིང་གཏམ་ཡིན། ༩ །དལ་འབྱོར་རིན་ཆེན་གླིང་དུ་སོན་གྱུར་ནས། །དམ་ཆོས་ཡིད་བཞིན་ནོར་བུ་མི་ལེན་ན། །སྤྱང་མདོག་རྒོད་མདོག་ཇི་ལྟར་བྱས་གྱུར་ཀྱང་། །དེ་ལས་གླེན་པ་མེད་དོ་སྙིང་གཏམ་ཡིན། ༡༠ །ཆོས་དང་མཇལ་ནས་ཆོས་དོན་མ་བསྒྲུབས་པར། །ཆོས་མིན་ལས་ཀྱིས་མི་ཚེ་འདའ་གྱུར་ན། །ཆོས་ཀྱི་རྒྱལ་པོ་ཁྲིམས་རར་འགྲིམས་པའི་ཚེ། །ཆོས་པའི་རང་མཚང་རྡོལ་ལོ་སྙིང་གཏམ་ཡིན། ༡༡།སྙིང་པོ་མེད་པའི་འདི་སྣང་བྱ་བཞག་ལ། །

སྙིང་པོར་རློམ་སྟེ་མགོ་བོ་འཁོར་འཁོར་ནས། །སྙིང་པོའི་ལྷ་ཆོས་སྣ་གཅིག་མི་བྱེད་ན། །སྙིང་རྩ་རུལ་བར་ངེས་སོ་སྙིང་གཏམ་ཡིན། ༡༢།འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཅིང་། །འཆི་ཚེ་ཆོས་ལས་གཞན་གྱིས་མི་ཕན་པས། །ཆོས་མིན་བྱ་བ་མཐའ་དག་རྒྱངས་སྐྱུར་ཏེ། །ཅི་ནུས་ཆོས་ལ་འབུངས་ཤིག་སྙིང་གཏམ་ཡིན༎ ༡༣ །མཉམ་དུ་འགྲོགས་པའི་སྐྱེ་བོ་དེ་སྙེད་ཅིག །གློ་བུར་གློ་བུར་འཆི་བར་མཐོང་བཞིན་དུ། །རང་ཉིད་འཆི་སྙམ་མེད་པའི་རྟག་འཛིན་ཅན། །གདེངས་བྲོད་ཅིག་བདོག་སོམས་ཤིག་སྙིང་གཏམ་ཡིན། ༡༤།དུས་མིན་འཆི་རྐྱེན་བུ་ཡུག་ལྟར་འཚུབ་ཅིང་། །ལུས་སྲོག་དབུ་བ་ལྟ་བུར་ཉམ་ཆུང་བས༑ ༑འདི་ནི་ཡུན་རིང་སྡོད་པའི་མཐུ་མེད་ཀྱི། །འགྲོ་ཆས་ལ་འུར་གྱིས་ཤིག་སྙིང་གཏམ་ཡིན། ༡༥།ཕྱི་ནས་འོང་རྒྱུ་མི་རྟག་འཆི་བའི་ཚུལ། །སྔོན་ནས་བསམས་ཏེ་འཆི་གྲབ་མ་བྱས་ན། །དུས་ལ་གཏུགས་ཚེ་ཅི་བྱར་མ་མཆིས་པས། །རྗེས་ཡོང་སྔོན་ལ་སོམས་ཤིག་སྙིང་གཏམ་ཡིན། ༡༦།གློ་བུར་ཚེ་ལ་ཡིད་བརྟན་མ་མཆིས་པས། །ཉིན་རེ་བཞིན་ཡང་འཆི་ཟོན་མ་བྱས་ན། །ཕར་ཙམ་མི་འཆི་སྙམ་པའི་རྟག་འཛིན་འདིས། །མགོ་བོ་བསྐོར་ཉེན་གདའོ་སྙིང་གཏམ་ཡིན། ༡༧།ཚེ་འདིར་གཉེན་བཤེས་ཇི་ཙམ་མང་གྱུར་ཀྱང་། །ཕ་རོལ་འགྲོ་ཚེ་གཅིག་ཀྱང་འཁྲིད་དབང་མེད། །སྟོང་གསུམ་གང་བའི་ནོར་ལ་དབང་གྱུར་ཀྱང་། །ཏིལ་ཙམ་འཁྱེར་དབང་མེད་དོ་སྙིང་གཏམ་ཡིན། ༡༨།ཐམས་ཅད་བཞག་ནས་འགྲོ་བའི་ཚུལ་བསམ་ན། །གཅེས་པའི་ནོར་དང་མཛའ་བའི་གྲོགས་པོ་སོགས། །ཀུན་ལ་སྙིང་པོ་མེད་པར་ཐག་ཆོད་པས༑ ༑ཞེན་པ་གཏིང་ནས་ཐོངས་ཤིག་སྙིང་གཏམ་ཡིན། ༡༩།ཚེ་འདི་ཡུན་ཐུང་རྨི་ལམ་ཐུན་གཅིག་ཙམ༑ ༑ཕྱི་མ་ཤུལ་རིང་ཤིན་ཏུ་འཇིགས་པ་ཆེ། །དེ་བས་ཚེ་འདིའི་དོན་ལ་མི་ལྟ་བར། །ཕྱི་མའི་དོན་ལ་རེམ་ཞིག་སྙིང་གཏམ་ཡིན། ༢༠།དཀར་པོ་དགེ་བའི་སྣང་བ་ཆེས་ཕྲ་ཞིང་། །མི་བཟད་སྡིག་པའི་ལས་ནི་སྟོབས་ཆེ་བའི། །ཚུལ་ལ་བསམས་ན་འདི་ནས་འཕོས་མ་ཐག །དམྱལ་བར་ལྟུང་ཉེན་གདའོ་སྙིང་གཏམ་ཡིན། ༢༡།རྒྱུས་མེད་ཡུལ་དུ་གྲོགས་མེད་འཁྱམས་པའི་ཚེ། །ཚེ་འདིའི་གཉེན་བཤེས་ལོངས་སྤྱོད་ཀུན་གྱིས་བསླུ། །བསླུ་བ་མེད་པ་དཀོན་མཆོག་རིན་ཆེན་གསུམ། །གསུམ་ལ་སྐྱབས་སུ་སོང་ཞིག་སྙིང་གཏམ་ཡིན། ༢༢།གལ་ཏེ་སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །སྟོང་གསུམ་འཇིག་རྟེན་ཁམས་སུ་ཤོང་མིན་པས། །ཉིན་དང་མཚན་དུ་དཀོན་མཆོག་སྐྱབས་འགྲོ་ལ། །བརྩོན་པ་ལྷུར་ལེན་གྱིས་ཤིག་སྙིང་གཏམ་ཡིན། ༢༣།སངས་རྒྱས་ཞེས་བྱའི་སྒྲ་ཡང་འཇིག་རྟེན་དུ། །འབྱུང་བ་དཀོན་ཞེས་ཐུབ་པ་མཆོག་གསུང་ན། །སྐྱབས་སུ་དཀོན་མཆོག་བསྟེན་དུ་ཡོད་པ་འདི། །སྐལ་བ་ཤིན་ཏུ་བཟང་ངོ་སྙིང་གཏམ་ཡིན། ༢༤།ཕལ་གྱི་རིན་པོ་ཆེས་ཀྱང་འདོད་པའི་དོན། །སྩོལ་ཞེས་གྲགས་ན་དཀོན་མཆོག་རིན་པོ་ཆེས། །ཅི་འདོད་དངོས་གྲུབ་སྩོལ་བར་ཐེ་ཚོམ་ཅི། །གསོལ་བ་སྙིང་ནས་ཐོབ་ཅིག་སྙིང་གཏམ་ཡིན། ༢༥།མདོར་ན་རང་གི་ངོས་ནས་དཀོན་མཆོག་ལ། །ཡིད་གཉིས་མེད་པར་བློ་ལྟོས་འཆའ་ནུས་ན། །དཀོན་མཆོག་ངོས་ནས་བསླུ་བ་མི་སྲིད་པས། །བློ་ཕུགས་ལིངས་ཀྱིས་འགེལ་ཞིག་སྙིང་གཏམ་ཡིན།༢༦།སྙིང་ཁོང་རུས་པའི་གཏིང་ནས་དཀོན་མཆོག་ལ། །སྐྱབས་སུ་སོང་བའི་ཕན་ཡོན་འདི་ཙམ་ཞེས། །སངས་རྒྱས་ཀྱིས་ཀྱང་གསུང་བར་མི་སྤྱོད་པས། །ཉམས་ལེན་མཐིལ་དུ་གྱིས་ཤིག་སྙིང་གཏམ་ཡིན།༢༧ །སྡིག་པའི་མེ་རུ་ཞུགས་ནས་སྡུག་བསྔལ་གྱིས། །འཚིག་ཅིང་མནར་བ་དངོས་པོའི་ཆོས་ཉིད་ཕྱིར། །ཅིས་ཀྱང་སླན་ཆད་སྡུག་བསྔལ་མི་འདོད་ན། །སྡིག་ལ་འཛེམ་པ་དགོས་སོ་སྙིང་གཏམ་ཡིན། ༢༨རྣམ་དཀར་ཆབ་ལ་བསྟེན་ན་བདེ་བ་ཡིས། །བརླན་ཞིང་སིམ་པ་དངོས་པོའི་གཤིས་ཡིན་ཕྱིར། །ཇི་ཙམ་བདེ་བ་འདོད་པ་དེ་ཙམ་དུ། །དགེ་ལ་འཇུག་པར་རིགས་སོ་སྙིང་གཏམ་ཡིན། ༢༩།མདོར་ན་བདེ་བ་འདོད་ན་དགེ་ལ་འབུངས། །སྡུག་མི་འདོད་ན་དེ་རྒྱུ་སྡིག་པ་སྤོངས། །སངས་རྒྱས་དངོས་ལ་ཞུས་ཀྱང་འདི་ལས་ལྷག །གདམས་པ་གསུང་རྒྱུ་མེད་དོ་སྙིང་གཏམ་ཡིན། ༣༠།ཅི་སྟེ་སྡིག་པའི་ལས་ལ་མི་འཛེམ་ན༑ ༑ལས་རྣམས་བྱས་པ་ཆུད་མི་ཟ་བའི་མཐུས། །སྡུག་བསྔལ་མི་འདོད་བཞིན་དུ་མནར་འགྱུར་བས། །སྡིག་ལ་ཅི་ནུས་འཛེམ་ཞིག་སྙིང་གཏམ་ཡིན། ༣༡།ཅི་སྟེ་དགེ་བའི་ལས་ལ་མ་འབད་ན། །ལས་རྣམས་མ་བྱས་པ་དང་ཕྲད་མེད་ཕྱིར། །བདེ་བ་བཙལ་ཀྱང་རྙེད་པར་མི་འགྱུར་བས། །དགེ་ལ་ཅི་ནུས་འབུངས་ཤིག་སྙིང་གཏམ་ཡིན། ༣༢།གཞན་ཡང་དགེ་སྡིག་ཤིན་ཏུ་ཆུང་ངུས་ཀྱང་། །བདེ་སྡུག་ཤིན་ཏུ་རྒྱ་ཆེན་འབྱིན་གསུངས་པས། །དཀར་ནག་ལས་འབྲས་ཕྲ་ཞིང་ཕྲ་བར་ཡང་། །འདོར་ལེན་ཚུལ་བཞིན་གྱིས་ཤིག་སྙིང་གཏམ་ཡིན། ༣༣།སྔོན་ཆད་འཁོར་བར་སྡུག་བསྔལ་དེ་ཙམ་ཞིག །མྱོང་དུ་ཟིན་ཀྱང་ད་དུང་སྡུག་བསྔལ་གྱི། །ཕྱི་མཐའ་མི་མངོན་འདི་ལ་བསམ་ཤེས་ན། །སེམས་པ་གཏིང་ནས་སྐྱོའོ་སྙིང་གཏམ་ཡིན༑༣༤༑དམྱལ་བའི་ཁྲོ་ཆུ་འཐུང་བ་གཅིག་པུས་ཀྱང་། །རྒྱ་མཚོའི་ཚད་ལས་ཆེས་ཆེར་བརྒལ་མོད་ཀྱི༑ ༑ད་དུང་དེ་ཙམ་འཐུང་དགོས་བྱུང་ན་ཀོ། །བཟོད་གླགས་ཡོད་དམ་སོམས་ཤིག་སྙིང་གཏམ་ཡིན། ༣༥།དལ་འབྱོར་གྲུ་བོ་ཆེ་དང་ཕྲད་དུས་འདིར། །སྒྲིམ་སྟེ་སྡུག་བསྔལ་རྒྱ་མཚོ་མ་བརྒལ་ན། །གྲུ་འདི་ཕྱི་ནས་རྙེད་པར་མི་འགྱུར་བས། །ཐར་པའི་གོ་སྐབས་མེད་དོ་སྙིང་གཏམ་ཡིན། ༣༦།སྲིད་པའི་བདེ་བ་གང་ན་ཅི་ཡོད་ཀུན། །སྔོན་ཆད་ལན་གྲངས་དུ་མར་མྱངས་མོད་ཀྱི། །ད་ལྟ་དྲན་ཡུལ་དུ་ཡང་མི་གདའ་བས༑ ༑འཁོར་བར་ཡིད་བརྟན་མེད་དོ་སྙིང་གཏམ་ཡིན། ༣༧།ཇི་སྲིད་འཁོར་བའི་བཙོན་ནས་མ་ཐར་བ༑ ༑དེ་སྲིད་བདེ་བ་ནམ་ཡང་ཡོད་མིན་པས། །སྙིང་ལ་རུས་པ་བཅུག་སྟེ་ཚེ་ཞབས་འདིར། །ཐར་ལམ་ཚུལ་བཞིན་སྒྲུབས་ཤིག་སྙིང་གཏམ་ཡིན།༣༨།རྟེན་འབྲེལ་བཅུ་གཉིས་སྒོ་ནས་བསམ་ཤེས་ན། །སྡུག་བསྔལ་རྩ་བ་མ་རིག་ཉིད་ལ་འཐུག །དེ་ཕྱིར་སྡུག་བསྔལ་གཏན་དུ་སྤོང་འདོད་ན། །མ་རིག་དྲུང་ནས་ཕྱུང་ཞིག་སྙིང་གཏམ་ཡིན། ༣༩།བདག་མེད་རྟོགས་པའི་རྡོ་རྗེས་མ་གཏོགས་པ། །བདག་ལྟའི་རི་བོ་གཞོམས་པའི་ཐབས་མེད་པས། །བདག་ལ་གལ་ཏེ་སེམས་ཤིག་ཡོད་ན་ཀོ། །བདག་མེད་ཡུན་དུ་སྒོམས་ཤིག་སྙིང་གཏམ་ཡིན། ༤༠།དབང་པོ་ཕྱི་ནས་བསྡམས་པའི་ཁྲིམས་མེད་ན། །རང་སེམས་ནང་དུ་གནས་པར་མི་འགྱུར་ཞིང་། །མི་གནས་སེམས་ཀྱིས་བདེན་དོན་མི་མཐོང་བས། །བསླབ་གསུམ་ཚང་བར་སྒྲུབ་ཤིག་སྙིང་གཏམ་ཡིན། ༤༡།བརྒྱད་ཁྲིད་བཞི་སྟོང་ཆོས་ཀྱི་སྙིང་པོའི་བཅུད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྨན། །ཡུན་དུ་བསྟེན་ཏེ་རང་ཉིད་གཅེས་འཛིན་གྱི། །ཟུག་རྔུ་དྲུངས་ནས་འབྱིན་ཅིག་སྙིང་གཏམ་ཡིན། ༤༢།མ་གྱུར་འགྲོ་རྣམས་སྲིད་ཞིའི་འཇིགས་པ་ལས། །བསྒྲལ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཕྱིན་དྲུག་བསྡུ་དངོས་བཞི་ཡི་ཉམས་ལེན་ལ། །རྟག་གུས་སྦྱོར་བས་བརྩོན་ཞིག་སྙིང་གཏམ་ཡིན། ༤༣།སྣང་བཞིན་སྟོང་པའི་དོན་དམ་ཆོས་ཉིད་དང་། །སྟོང་བཞིན་སྣང་བའི་ཀུན་རྫོབ་ཆོས་ཅན་གཉིས། །ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་ཡི། །ཐལ་འགྱུར་ལུགས་བཟང་ཚོལ་ཅིག་སྙིང་གཏམ་ཡིན། ༤༤།དཀོན་པ་ལས་ཀྱང་ཆེས་ཆེར་དཀོན་པའི་ཆོས། །མྱུར་བ་ལས་ཀྱང་ཆེས་ཆེར་མྱུར་བའི་ལམ། །གསང་བ་ལས་ཀྱང་ཆེས་ཆེར་གསང་བའི་གནས། །སྔགས་ཚུལ་ཉམས་སུ་ལོངས་ཤིག་སྙིང་གཏམ་ཡིན། ༤༥།གཞན་དུ་གྲངས་མེད་བསྐལ་པར་རྙེད་དཀའ་བའི། །སྐུ་གསུམ་གོ་འཕང་ཚེ་འདིར་ཐོབ་བྱེད་ལམ། །འདི་དང་མཇལ་ནས་ཉམས་སུ་མི་ལེན་ན། །སྨྱོ་བ་བས་ཀྱང་སྨྱོས་སོ་སྙིང་གཏམ་ཡིན༑ ༤༦༑མདོར་ན་མདོ་སྔགས་ཚང་ལ་མ་ནོར་ལམ། །གྲགས་བསྟན་འདི་འདྲ་རབ་འབྱམས་ཞིང་ཀུན་དུ། །བཙལ་ཀྱང་རྙེད་པར་དཀའ་བས་རྙེད་དུས་འདིར། །རྙེད་གོ་ཆོད་པ་དགོས་སོ་སྙིང་གཏམ་ཡིན༑ ༤༧༑སྙིང་ལ་སྨན་པའི་སྙིང་གཏམ་ཡིད་བཞིན་ནོར། ༤༨།སྙིང་གི་ཟ་མ་ཏོག་ཏུ་ལེགས་ཆོངས་ཏེ།

༤༩༑སྙིང་ནས་སྒྲུབ་པ་སྙིང་པོར་བྱོས་ཤིག་ཅེས། ༥༠།སྙིང་མེད་བདག་གིས་བདག་ལ་ཐལ་མོ་སྦྱར། །དེ་ལྟར་སྙིང་གཏམ་སྙིང་གི་ཐིག་ལེའི་ཕྲེང་། །ཚིག་གི་སྲད་བུར་བསྡེབས་པའི་དགེ་བ་དེས། །རང་གཞན་བློ་ཁ་ཆོས་ལ་ཕྱོགས་གྱུར་ནས། །ཚེ་ལྷག་ཆོས་ཀྱིིས་དོན་ལྡན་བྱེད་པར་ཤོག ། ཅེས་པ་འདི་ཡང་ཇི་ལྟར་བྱས་ཀྱང་བག་མེད་རྣམ་གཡེང་ལ་འཆོར་བར་མཐོང་སྟེ་ཡིད་སྐྱོ་ནས་རང་གི་རང་ལ་བསྐུལ་ལྕག་གི་ཚུལ་དུ་ཆོས་མེད་ཆོས་པར་བརྫུ་བའི་སྙོམ་ལས་མཁན་བཙུན་གཟུགས་ངག་དབང་ཕུན་ཚོགས་སམ་འདྲ་འབྲེལ་གང་ཡང་མེད་པའི་བཏགས་མིང་དུ་ལམ་རིམ་པར་འབོད་པས་རང་ལོ་ང་གཅིག་པར་འབྲས་སྤུངས་སུ་སྦྱར་བའོ། །ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ། སྙིང་ནས་ཉམས་སུ་ལེན་པའི་རྗེས་འཇུག་ལ། །སྙིང་གཏམ་སྙིང་གི་ཐིག་ལེ་ཞེ་བརྒྱད་པ། །སྙིང་རྗེའི་ཀློང་ནས་གདམ་ངག་རིན་ཆེན་གཏེར། །སྙིང་ནས་དད་ལྡན་སློབ་མ་བསྟན་སྒྲོན་དང་། །ཐུབ་བསྟན་ཟུང་གི་པར་སྐྲུན་བྱས་པའི་དགེས། །ཕ་མ་སེམས་ཅན་བདེ་བའི་རྒྱུར་འགྱུར་ཞིང་། །མགོན་པོ་ཁྱོད་ཀྱི་འབྲལ་མེད་རྗེས་གཟུང་སྟེ། །ཐེག་མཆོག་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྒན་རིན་པོ་ཆེའི་ཞབས་དྲུང་བ་བློ་བཟང་བརྩོན་འགྲུས་མཆོག་གིས་སྐུལ་མ་གནང་བ་ལྟར་རྗེ་བཙུན་བླ་མ་དེ་ཉིད་ཀྱི་བཀའ་འབངས་ཐ་ཤལ་བ་བློ་བཟང་དོན་གྲུབ་ཀྱིས་གུས་པ་ཆེན་པོ་དང་ལྡན་པའི་སྒོ་ནས་སྦྱར་བའོ། །

0 comments:

ཟིན་བྲིས་འཚོལ་ཡུལ