དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 23 May 2013
༈ མཁན་ཆེན་བདག་ཉིད་ཆེན་པོ་ཞི་བ་འཚོའི་རྣམ་ཐར་
གསོལ་འདེབས་མོས་གུས་དད་པའི་
རང་མདངས་ཞེས་བྱ་བ།
༡ མཁྱེན་རབ་རྩལ་ལས་བདེན་གཉིས་གནས་ལུགས་གཟིགས།།
བརྩེ་བའི་ཐུགས་ཀྱིས་མཐའ་འཁོབ་རྗེས་སུ་བཟུང་།།
ནུས་སྟོབས་མཚུངས་མེད་གསང་བའི་བདག་པོ་དངོས།།
མཁན་ཆེན་ཞི་བ་འཚོ་ལ་གུས་ཕྱག་འཚལ།།
༢ ཟ་ཧོར་རྒྱལ་པོའི་རིགས་འཁྲུངས་ནཱ་ལེན་དྲར།།
ཡེ་ཤེས་སྙིང་པོའི་མདུན་ནས་རབ་ཏུ་བྱུང་།།
བོ་དྷི་ས་ཏྭ་ཤཱནྟ་རཀྵི་ཏ།།
ཞེས་པའི་མཚན་གྱི་མེ་ཏོག་ཅོད་པན་གསོལ།།
༣ ཤེས་བྱ་རིག་གནས་ཀུན་ལ་མཁས་པར་གྱུརད།།
ནཱ་ལེན་དྲ་ནས་མཁན་པོའི་ཁུར་བཞེས་ཤིང་།།
རྒོལ་བ་ངན་པ་མཐའ་དག་ཚར་བཅད་དེ།།
གྲགས་སྙན་སེངྒེའི་ང་རོ་ས་གསུམ་ཁྱབ།།
༤ ཕས་རྒོལ་སྐྱེ་བོའི་ཚོགས་ཀྱི་སྣང་ངོར་ཡང་།།
ལྷ་མཆོག་འཇམ་པའི་རྡོ་རྗེའི་སྐུར་བཞེངས་ཏེ།།
ལྷག་ལྷ་དངོས་སུ་གྲུབ་པའི་མཛད་པ་ཡིས།།
དབང་མེད་རྒྱལ་བའི་བསྟན་སྒོར་ཞུགས་པ་མང་།།
༥ སེངྒེ་བཟང་དང་ཀ་མ་ལ་ཤཱི་ལ།།
སློབ་དཔོན་ཆོས་བཤེས་པཎ་ཆེན་ཡེ་ཤེས་ཞབས།།
འཕགས་པ་གྲོལ་སྡེ་ཨ་བྷ་ཡ་ལ་སོགས།།
འཕགས་ཡུལ་བརྒྱུད་འཛིན་སློབ་ཚོགས་ཕྲེང་བར་བསྟར།།
༦ རྔོག་ལོ་ཆེན་པོ་ཕྱ་བ་ཆོས་སེང་དང་།།
རོང་སྟོན་ཆོས་རྗེ་ཀུན་མཁྱེན་ཙོང་ཁ་པ།།
འཇམ་པའི་དབྱངས་དངོས་ས་སྐྱ་པཎ་ཆེན་སོགས།།
གངས་ཅན་འདིར་ཡང་བརྒྱུད་འཛིན་བགྲང་ལས་འདས།།
༧ མདོ་རྒྱུད་མན་ངག་འབུམ་གྱི་བཅུད་འཛིན་པའི།།
རིགས་ལམ་ཟབ་མོའི་དགའ་སྟོན་མྱོང་བ་ན།།
ཆོས་སྤྱན་ལྡན་རྣམས་ཐུགས་ཡིད་དབང་མེད་དུ།།
འཕྲོག་ནས་པད་མཚོར་བུང་བའི་ངང་ཚུལ་འཛིན།།
༨ འཕགས་ཡུལ་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟར།།
ཚར་དུ་དངར་བའི་དབུས་ན་རི་དབང་བཞིན།།
འདུལ་བའི་རྣམ་ཐར་གཙང་མར་སྐྱོང་བ་ལ།།
སྡོམ་བརྩོན་རྒྱལ་པོའི་སྙན་པ་སྲིད་ན་འབར།།
༩ ས་ལམ་མཐོན་པོར་གཤེགས་པའི་མཐུ་གྲུབ་པས།།
མཐའ་འཁོབ་མུན་གླིང་དམ་པའི་ཆོས་ལ་བསྒྱུར།།
བསྟན་འགྲོའི་དཔལ་དུ་སྐུ་ཚེའི་འདུ་བྱེད་ཀྱང་།།
བྱིན་ཀྱིས་བརླབས་ནས་དགུང་ལོ་དགུ་བརྒྱར་བཞུགས།།
༡༠ སྐལ་ལྡན་ལས་ཅན་གདུལ་བྱ་འདུས་པའི་དབུས།།
དཔལ་གྱི་བསམ་ཡས་རབ་གནས་མཛད་པའི་ཚེ།།
ཆོས་རྒྱལ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས།།
གང་ཉིད་འཇམ་པའི་རྡོ་རྗེར་དངོས་སུ་གཟིགས།།
༡༡ རྟེན་རྣམས་དངོས་སུ་ཡེ་ཤེས་ལྷར་གྱུར་ནས།།
རྫུ་འཕྲུལ་རྣམ་པར་རོལ་བ་ཚད་མེད་པ།།
མཐུན་ངོར་བཀྲ་བས་གཞན་སྣང་དབང་དུ་བསྒྱུར།།
ངོ་མཚར་གྲུབ་པའི་མཛད་པ་བསམ་ལས་འདས།།
༡༢ མཁས་བཙུན་གྲུབ་པའི་རྣམ་ཐར་ཟླ་མེད་པས།།
བཟང་བོའི་འཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ།།
ཁྱད་པར་སྨོན་ལམ་ཐུགས་བསྐྱེད་མཐུ་བཙན་པས།།
གངས་ཅན་འགྲོ་རྣམས་བརྩེ་བས་རྗེས་སུ་བཟུང་།།
༡༣ ལྷ་གཅིག་བཙད་པོ་ཁྲི་སྲོང་ལྡེའུ་བཙན་མཇལ།།
སྔོན་ཚེ་ལྷན་ཅིག་སྨོན་ལམ་བཏབ་ཚུལ་དང་།།
རྒྱལ་པོའི་སྐུ་ཆས་རྟེན་འབྲེལ་ལ་བརྟགས་ནས།།
རྒྱལ་རྒྱུད་ཆགས་འཇིག་ལུང་བསྟན་སོགས་ཀྱང་མཛད།།
༡༤ གདུག་པ་འདུལ་སླད་སློབ་དཔོན་སྤྱན་དྲངས་ནས།།
མཁན་སློབ་ལྷན་ཅིག་བསམ་ཡས་ས་དཔྱད་དང་།།
ཕྱི་ནང་གཙུག་ལག་རྟེན་དང་བརྟེན་པར་བཅས།།
གསར་བཞེངས་ལེགས་གྲུབ་བཀྲ་ཤིས་རབ་གནས་མཛད།།
༡༥ སད་མི་མི་བདུན་རབ་ཏུ་ཕྱུང་མཛད་དེ།།
བསྟན་པའི་རྩ་བ་འདུལ་བའི་སྲོལ་བཟང་བཏོད།།
ལོ་ཙཱ་རྣམས་ལ་སྐད་ཀྱི་བསྒྱུར་ཚུལ་དང་།།
ཕྱི་ནང་ཆོས་བསླབས་བཀའ་དང་དགོངས་འགྲེལ་བཅས།།
༡༦ འཆད་དང་ཉན་པས་ལེགས་པར་གཏན་ལ་ཕབ།།
བོད་ཡུལ་དམ་ཆོས་སྣང་བས་ཁྱབ་པར་མཛད།།
བསྟན་པ་འདི་ལས་ཕྱི་རོལ་གྱུར་པ་ཡི།།
བོན་པོའི་ཚོགས་རྣམས་རིགས་པས་ཚར་བཅད་མཛད།།
༡༧ འདའ་ཁར་སྐུ་གདུང་བཞུགས་པའི་རྟེན་འབྲེལ་ལས།།
མ་འོངས་བོད་ན་རབ་བྱུང་འབྱུང་ཚུལ་དང་།།
ནམ་ཞིག་ལྟ་བ་རྩོད་པ་ཅན་གྱུར་ཚེ།།
སློབ་དཔོན་པདྨའི་ངང་ཚུལ་སྤྱན་དྲངས་ནས།།
༡༨ རྒྱལ་བའི་བསྟན་པ་རྣམ་དག་སྒྲུབས་ཤིག་ཅེས།།
པཎ་ཊི་ཏ་ལ་ཕྱག་ཡིག་བསྩལ་བ་སོགས།།
དུས་གསུམ་སྒྲིབ་མེད་གཟིགས་པས་བོད་ཡུལ་ལ།།
ལྷག་པར་ཐུགས་བརྩེའི་བཀའ་དྲིན་བསམ་མི་ཁྱབ།།
༡༩ ཐོག་མར་ལྗོངས་འདིར་བསྟན་པའི་སྲོལ་བཟང་བཏོད།།
བར་དུ་བསྟན་པ་དར་ཞིང་རྒྱས་པར་མཛད།།
ཐ་མར་བསྟན་པ་ཡུན་དུ་སྐྱོང་བའི་སླད།།
སྤྲུལ་བ་ཡང་སྤྲུལ་བཀའ་དྲིན་བསམ་མི་ཁྱབ།།
༢༠ འཕགས་ཡུལ་པཎ་གྲུབ་གཅིག་ལས་གཅིག་མཚར་བ།།
རྒྱུ་སྐར་ཕྲེང་བ་བཞིན་དུ་བསྟར་མོད་ཀྱང་།།
རྣམ་ཐར་མཚུངས་པ་མེད་པའི་ཟླ་འོད་ཀྱི།།
རང་མདངས་ལྷག་པར་གསལ་བའི་མགོན་ཁྱེད་དྲན།།
༢༡ རྒྱལ་ཀུན་བཀའ་ཡི་སྡུད་པོ་གསང་བའི་བདག།
སྡོམ་བརྩོན་རྒྱལ་པོའི་རྣམ་པར་སྐུར་བཞེངས་པ།།
མཁན་ཆེན་བདག་ཉིད་ཆེན་པོ་ཞི་བ་འཚོའི།།
རྣམ་ཐར་དྲན་བཞིན་གསོལ་བ་སྙིང་ནས་འདེབས།།
༢༢ གངས་ཅན་འདི་ན་བསྟན་དང་བསྟན་པ་འཛིན།།
ཇི་སྙེད་མཆིས་ཀུན་ཁྱེད་ཀྱི་འཕྲིན་ལས་ཏེ།།
ཕན་བདེ་མ་ལུས་འབྱུང་བའི་གཏེར་གཅིག་པུ།།
ཁྱེད་གཅིག་ཁོ་ནར་ངེས་སོ་མཁྱེན་བརྩེའི་བདག།
༢༣ ཁྱེད་ཀྱི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས།།
ཆ་ཤས་ཟེགས་མ་ཙམ་ཞིག་བློར་བླངས་ཏེ།།
རྗེས་སུ་དྲན་བཞིན་གདུང་བས་གསོལ་འདེབས་ན།།
ཚེ་རབས་རྗེས་བཟུང་བསྟན་འགྲོའི་དོན་འགྲུབ་ཤོག།
ཅེས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་ཆུ་སྦྲུལ་ས་ག་ཟླ་བའི་ཡར་ཚེས་༡༣ཉིན།མཁན་ཆེན་བདག་ཉིད་ཆེན་པོས་ཚེ་རབས་རྗེས་འཛིན་སླད་ཐུབ་བསྟན་ཤེས་རབ་ཕུན་ཚོགས་སམ་ཤར་མི་ཉག་པ་གང་བསམ་ལྷུན་གྲུབ་ཏུ་འབོད་པས་བྲིས་པ་དགེ་ལེགས་འཕེལ། 2013-5-23ལའོ།།
Subscribe to:
Post Comments (Atom)
0 comments:
Post a Comment