དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 30 May 2013
དཀར་ནག་གི་ས་མཚམས་སུ་ཐིག་འདེབས་པ།
[ མི་ཁོམ་པའི་རྒྱལ་སྲས། ] [ 2013-5-31 ]
 
 
གནས་བབས་ཁྲོད་རང་གི་ནག་ཉེས་ལ་གྱེས་ཕྱག་འབུལ་དགོས།
 
       བོད་སྦྲ་ནག་ཚང་ལ་སྟོན་པ་ཐུགས་རྗེ་ཅན་གྱི་དམ་ཆོས་དར་བའི་བརྒྱུད་རིམ་ནང་རང་རེའི་གངས་ཅན་པ་རྣམས་ཀྱི་ཁྲོད་དུ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་མཁན་སྐྱེས་ཆེན་དམ་པ་རྗེ་བཙུན་མི་ལ་རས་པ། ཀློང་ཆེན་རབ་འབྱམས་པ། ཇོ་ནང་ཏཱ་ར་ན་ཐ། ཡབ་རྗེ་བླ་མ་ཙོང་པ་ཡབ་སྲས་སོགས་ངེས་དོན་གྱི་མཁས་པའི་དབང་པོ་མི་ཉུང་བ་བྱུང་མྱོང་བ་མ་ཟད། དེས་བོད་སྤྱི་ཚོགས་ནང་ཕན་འབྲས་རླབས་ཆེན་བསྐྲུན་ཡོད་པ་སུས་ཀྱང་བསྙོན་དུ་མེད། དེ་ལྟ་བུའི་སྐྱེས་ཆེན་དམ་པ་དག་གིས་ནང་བའི་བསྟན་པ་ཕྱོགས་ཀུན་ནས་འཛིན་སྐྱོང་སྤེལ་གསུམ་ལ་དུས་རྟག་ཏུ་གཞོལ་བའི་སྐུ་དྲིན་གྱིས་རང་རེའིབོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་འདི་ཉིད་དར་ཁྱབ་ཏུ་ཕྱིན་ཡོད་པ་དང་རང་ཅག་གི་ལྷ་སྐལ་ཕོག་པའི་སྐྱེས་ཆེན་དམ་པ་ཁམས་གསུམ་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཡབ་སྲས་ནས་བརྒྱུད་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་ཁ་སང་དེ་རིང་ཆ་འཕྲིན་ཚན་རིག་གི་དུས་སྐབས་འདིར་ཡང་གངས་ཅན་ཉི་ཟླ་རྣམ་གཉིས་ཀྱིས་སྐུའི་མཛད་འཕྲིན་ངོ་ལྐོག་མེད་པའི་མཐུས་འཛམ་གླིང་འགྲོ་བ་ཡོངས་ཀྱི་མིག་ལམ་དུ་བོད་གངས་ཅན་པ་ཞེས་ཞི་བདེ་དང་དྲང་བདེན། འཆམ་མཐུན། འཚེ་བ་མེད་པའི་ལམ་ཆེན་དུ་བགྲོད་པའི་སྐུ་མགྲོན་ཐོག་མ་དེ་ཆགས་བསྡད་ཡོད་པ་མིག་མཐོང་ལག་ཟིན་རེད། དེས་རྐྱེན་གྱིསང་ཚོ་གཞོན་རབས་པ་རྣམས་ཀྱང་ཤེས་རིག་གི་ལམ་ནས་གོ་རྟོགས་སད་དགོས་པ་མ་ཟད། ད་ལྟའི་གནས་བབས་ཁྲོད་སྙིགས་འདོར་བཅུད་ལེན་གྱི་ཚུལ་དུ་ཚང་མས་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ཏེ་ཡང་དག་པའི་ལམ་ཁ་ཞིག་ལ་ཅིས་ཀྱང་བསྙེགས་ཐབས་བྱ་དགོས། འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ལེགས་ཉེས་ཅི་བསགས་ཡོད་ཚད་ཐོབ་ཤོར་དུ་གྱུར་ཚར་བས་ད་ནི་ཁ་བསབ་དང་བསྒྱུར་བཅོས་བྱེད་ཐབས་མེད་པ་ལྟ་བུར་ཆགས་ཡོད། དེའི་ཕྱིར་ང་ཚོ་རྗེས་རབས་པ་རྣམས་ལ་མཚོན་ན་ད་ནི་དེ་དག་ལ་ལེ་བདའ་དང་འཁང་ར་བྱེད་པའི་དུས་ཚོད་ལས་བརྒལ་ཏེ་ད་ལྟ་ང་ཚོའི་མིག་སྐྱིབས་བར་དང་ལག་སོར་རྩེ་ན་སྐབས་སུ་བབས་ཡོད་པའི་བོད་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཡུལ་སྲོལ་གོམས་གཤིས་བཟང་བོ་རྒྱུན་འཛིན། རང་སྐྱོན་ངོས་འཛིན། མཉམ་གཤིབ། མཐུན་སྒྲིལ་ཡོང་ཐབས་སོགས་ལ་ཁུར་བརྩོན་ལྷོད་མེད་བྱ་རྒྱུ། རོང་འབྲོག་གི་ས་རྩོད་ཆུ་རྩོད། ཆོས་ལུགས་པའི་གྲུབ་མཐའ་བཟང་ངན། མཁས་པ་ཚོའི་ཕན་ཚུན་ཕྲག་དོག གཞོན་སྐྱེས་ཚོས་སློབ་སྦྱོང་ཡག་པོ་མི་བྱེད་པའི་ཁར་རང་གི་མི་རིགས་ཀྱི་ཆོས་ལུགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་གང་དྲན་ངན་དམོད་བྱེད་པའི་ཅོལ་ཆུང་གི་ལས་ཀ་དག་ལ་གྱེས་ཕྱག་འབུལ་ཐབས་བྱས་ཏེ་ཚང་མས་བསམ་ཤེས་ཡོང་རྒྱུ་གལ་ཆེན་པོར་མཐོང་གི་འདུག གཏན་ཚིགས་ནི་ང་ཚོས་ད་ལྟའི་གནས་བབས་ལ་བལྟས་ཏེ་སྐད་ཆ་བཤད་དགོས་པའི་དུས་ལ་བབས་ཡོད། བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། གཞུང་རྒྱུད་དྲང་བ། ལྷག་བསམ་ཡོད་པ། ངོ་ལྐོག་མེད་པ། སྙིང་རྗེ་ལྡན་པ། ཕྱི་ཐག་རིང་བ། གཡོ་སྒྱུ་མེད་པ། གཞན་ཕན་གྱི་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན་ཕྱིན་རང་རེ་གཞོན་སྐྱེས་དག་གིས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བཟང་པོར་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དེ་རྩོད་མེད་ཀྱི་ལས་དོན་གལ་ཆེན་པོར་ཆགས་ཡོད་པ་ཤེས་དགོས།
 
 
ཉམ་ཆུང་ཟོག་ལུག་དམར་གསོད་ཀྱི་ཉེས་དམིགས་གླེང་བ།
 
སྟོན་པ་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་ཞིང་ནང་བའི་བསྟན་པ་ལ་དད་གུས་བྱེད་མཁན་ཞིག་ཡིན་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ངེས་པར་བརྩི་སྲུང་བྱེད་དགོས་པ་འདི་མ་མཐའི་ས་མཚམས་ལྟ་བུར་ཆགས་བསྡད་ཡོད་པ་རེད། དེས་ན་མི་དགེ་བཅུ་སྤོང་ཚུལ་ཁྲིམས་ཀྱི་ཐོག་མ་དེ་སྲོག་གཅོད་པ་སྤོངས་རྒྱུ་དེ་རེད། དེ་དག་ལ་ངེས་པར་བསམ་བློ་གཏོང་དགོས། དམ་པའི་ཆོས་ནི་མདོར་ན་མི་འཚེ་བ་ཟེར་བ་ཡིན་དུས་དགག་བྱ་ཅི་ཡིན་པ་ཧ་གོ་དགོས། སངས་རྒྱས་ཀྱི་ཡོན་ཏན་དང་ཆོས་ཀྱི་རྩ་བ་མ་ཤེས་པར་དད་པར་བྱེད་པ། ཆུ་སྣ་གར་འཁྲིད་ཀྱི་དཔེར་འགྲོ་ཞིང་། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་ཞེས་པ་ལྟར་འགྱུར་བས་ན་དེ་རྨོངས་དད་རེད། དེ་བས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས་དད་པ་བྱེད་པ་གལ་ཆེ། དཔེར་ན་ཀ་བུར་ཞིམ་པོར་ཤེས་ན་གཞན་གྱིས་དེ་མི་ཞིམ་ཚུལ་ཇི་ལྟར་བཤད་ཀྱང་ཡིད་དུ་མི་འགྲོ་བ་ལྟར་རོ། དེ་བས། རང་ཅག་གི་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་དད་པ་བྱེད་སྟངས་གསུངས་པ་རེད། དེང་སང་བླ་སྤྲུལ་དང་གྲྭ་བ་ཚོས་ཆོས་ལུགས་ཀྱི་མཛད་སྒོ་འདྲ་མིན་དང་། གྲྭ་བ་གྲོང་ཆོག་པ་ཚོས་ཤི་བོའི་དགེ་བསྔོ་བྱེད་པ་སོགས་སུ་ཟོག་ལུག་བཤའ་བ་དང་མང་ཚོགས་ཀྱིས་རྟ་རྒྱུགས་མདའ་འཕེན་དང་བག་མ་གཏོང་ལེན་བྱེད་པ་སོགས་ལྟད་མོ་ཚོགས་སར་བཤའ་བ་སོགས་ནི་རང་ཉིད་ཀྱི་ཟས་ཐུན་གཅིག་གི་ཆེད་དུ་ཟོག་ལུག་གང་མང་གི་ཚེ་སྲོག་འཕྲོག་གི་ཡོད་པ་རེད། ང་ཚོས་རང་གི་ཁ་ཟས་ཙམ་གྱི་ཕྱིར་དུ་ཆེད་དུ་སྲོག་བཅད་པ་ཡིན་ན་དེ་རྣམས་སྲོག་གཅོད་གཞན་ལས་ཀྱང་སྡིག་པ་བརྒྱ་འགྱུར་གྱི་ཆེ་བར་མ་ཟད་ཁྱད་པར་དམར་གཏོ་བྱེད་པ་འདིས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་ཐམས་ཅད་མནོལ་དུ་འཇུག་པས། ཡུལ་ཕྱོགས་དང་ཁྱིམ་གཞིའི་མི་ནོར་ཡོང་ལ་བཀྲ་མི་ཤིས་པའི་ལྟས་སྣ་ཚོགས་འབྱུང་བ་མ་ཟད་ཕྱི་མ་ངན་སོང་དུ་སྐྱེ་བའི་རྒྱུ་སྒྲུབ་པ་ཁོ་ན་ཡིན་གསུངས། དེ་བཞིན་དུ་ཡུལ་ལྷ་གཞི་བདག་སོགས་ལ་བསང་མཆོད་འབུལ་དུས་ཀྱང་དུག་རིགས་མ་ཡིན་པའི་ཤིང་སྣ་དང་དཀར་གསུམ་མངར་གསུམ་གྱི་མཆོད་པ་མ་གཏོགས་སེམས་ཅན་བསད་དེ་དེའི་ཤ་ཁྲག་གི་མཆོད་པ་ནི་ཤིན་ཏུ་ནས་མི་རིགས་སོ། བསང་མཆོད་ཞེས་པའི་བསང་ནི་ང་ཚོས་འཚོ་བའི་ཁྲོད་རང་བྱུང་ཁམས་དང་ལྷ་ཀླུ་གཞི་བདག་སོགས་ལ་མི་གཙང་མནོལ་གྲིབ་བཟོས་པ་ཐམས་ཅད་གཙང་མར་བསང་སྟེ་ཕོག་ཐུག་གང་ཡོད་ཞི་བར་གྱུར་ཅིག་ཅེས་པའི་དོན་ཡིན། སྡི་ཚའི་དགེ་བའི་བཤེས་གཉེན་ཕུན་ཚོགས་དར་རྒྱས་ལགས་ཀྱི་གསུང་རྩོམ་ཐོར་བུའི་ནང་གི་བསང་མཆོད་བདུད་རྩིའི་མཆོད་ཡོན་དུ། འོ་མའི་རྒྱུན་འཛིན་ཡུན་རིང་བཞོས་པ་དང་།། ཤ་དང་པགས་པའི་དོན་དུ་བསད་པ་དང་།། སྡིག་ཅན་བཤན་པའི་ལག་ཏུ་གཏད་པ་རྣམས།། སྙིང་ནས་མཐོལ་ལོ་བཤགས་སོ་བཟོད་པར་བཞེས།། དཀར་ཐབ་དམར་ཐབ་གཞོབ་དྲི་དྲི་ངན་སོགས།། གཞི་བདག་དཀར་ཕྱོགས་སྐྱོང་མཛད་ཁྱེད་རྣམས་ལ།། ཕོག་ཐུག་ནོངས་བཀྲུས་སྙིང་ནས་མཐོལ་བཤགས་ན།། བཟོད་པར་བཞེས་ལ་ཚངས་པར་སྩལ་ཏུ་གསོལ།། ཞེས་གསུང་པ་འདིས་ཀྱང་གསལ་བོར་ཤེས་ཐུབ། དེང་སང་བོད་ནང་དུ་མང་ཚོགས་ཀྱིས་བྱེད་སྒོ་ཅི་སྤེལ་ཡང་ཕལ་ཆེར་ཆོས་ལུགས་དང་མ་འབྲེལ་བ་མེད་ཚོད་རེད། དེ་བས་ང་ཚོ་བོད་ཀྱི་ཆོས་པ་ཚོས་དགེ་སྡིག་འདྲེས་མར་སྤྱོད་པའི་བྱེད་ལས་ཐབས་སྡུག་ལ་ཀུ་ཡངས་ནམ་ཡང་མི་གཏོང་བར་དག་ཐེར་དང་ཆོས་མིན་གྱི་ལས་གང་ཡོད་གཙང་སེལ་བྱ་རྒྱུར་རེ་བ་ཞུས་པ་ཡིན།
 
 
བཤན་གྲི་ནག་པོ་རྒྱང་དུ་གཡུགས་རོགས།
 
རང་རེ་བོད་པ་རྣམས་ནི་གདོད་མ་ནས་རང་བྱུང་ཁམས་དང་ལྷ་འདྲེ་ལ་མཆོད་བཀུར་བྱེད་སྲོལ་ཡོད་པའི་མི་རིགས་ཤིག་ཡིན། དོན་དག་ཆེ་ཆུང་གང་དང་ཅི་སྒྲུབ་ཀྱང་རང་བྱུང་ཁམས་ཀྱི་རི་བྲག་ནགས་གསུམ་ཉི་ཟླ་སྐར་གསུམ་དཔང་དུ་བཙུགས་ནས་ཐག་གཅོད་བྱེད་ལ་དེ་དག་མཆོད་པ་ཡིན་ཟེར་ནས་སེམས་ཅན་མང་པོའི་སྲོག་བཅད་དེའི་ཤ་ཁྲག་གིས་མཆོད་ཀྱི་ཡོད། འདི་ནི་ངག་རྒྱུན་དུ་བོན་ཆོས་སམ་གདོད་མའི་ཆོས་ལུགས་ཀྱིན་ངན་ཤན་ཞུགས་པ་ཡིན་ཟེར། གང་ལྟར་དེ་དུས་རྒྱལ་བློན་རྣམས་ཀྱིས་ལོ་ལྟར་མནའ་སྐྱེལ་ཞིང་། མནའི་དུས་སུ་ཕྱུགས་བསད་དེ་བནྡེ་ཞིག་གིས་གནམ་ས་དང་། རི། ཆུ་བོ། ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ་སུས་ཀྱང་སེམས་མི་དྲང་བ་དང་སེམས་ངན་བྱེད་ན་ཕྱུགས་འདི་བཞིན་དུ་ལྷ་རྣམས་ཀྱིས་སོད་ཅིག་ཅེས་དམོད་པ་འདོར། ཞེས་པ་དང་། རྒྱའི་ལོ་རྒྱུས་ཐང་ཧྲུའུ 唐书བཙན་པོ་རྗེ་བློན་རྣམས་ལོ་རེ་བཞིན་མནའ་སྐྱེལ་བའི་སྲོལ་ཡོད། དེ་དུས་ལུག་ཁྱི་སྤྲེའུ་གསུམ་བསད་ནས་མཆོད། ལོ་གསུམ་རེ་ན་མནའ་ཆེན་བསྐྱལ། དེ་དུས་མཚན་གུང་མི་རྟ་ཕྱུགས་དང་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཐོག་མར་རྐང་ལག་བཅད། གྲོད་པ་གཤགས་ནས་དོན་སྙིང་རྣམས་བཏོན་ཏེ་མདུན་དུ་སྤུངས། དེ་ནས་ཇོ་སྟོནབནྡེ ཞིག་གིས་ལྷའི་ཆོ་ག་གཏོང་། ཟེར་བ་འབྱུང་ལ།ད་དུང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཏེར་མ། ལྷ་སའི་དཔར་རྙིང་ཞིག་འདུག་པ་དེར་འཁོད་པ་ལྟར་ན། ཆོས་ལུགས་འདིས་ལོ་རེའི་སྟོན་ཀའི་དུས་སུ་ཤྭ་ཕོ་རུ་རྐྱང་ཞེས་ཤྭ་བ་ཕོ་མང་པོ་དུས་གཅིག་ཏུ་སྐེ་བཅད་ནས་བསད་པའི་ཤ་ཁག་གི་མཆོད་པ་འབུལ་བ་དང་། དགུན་ཁའི་དུས་སུ་བོད་ལྷ་དམར་མཆོད་ཅེས་གཡག་ལུག་ར་སོགས་ཕོ་ཕྱུགས་སྟོང་ཕྲག་གསུམ་རེ་ལོངས་པའི་སྐེ་དུས་གཅིག་ཏུ་བཅད་ནས་བསད་པ་དང་། འབྲི་ལུག་ར་སོགས་མོ་ཕྱུག་སྟོང་ཕྲག་གཅིག་རེ་ལོངས་པའི་ཡན་ལག་རྣམས་གསོན་པོར་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་འབྲེག་ཟེར་བ་ཤྭ་བ་ཡུ་མོ་བཞིའི་རྐང་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དབྱར་ཁའི་དུས་སུ་བོད་སྟོན་བསངས་མཆོད་ཟེར་བ་ཤིང་སྣ་དང་འབྲུ་སྣའི་བསངས་གཏོང་བ་བཅས་བྱེད་ཀྱི་ཡོད་པ་མ་ཟད། མི་ལ་ན་ཚ་བྱུང་བའི་སྐབས་སུ་སྲོག་བླུས་སྤུས་འགྱེད་ཟེར་བ། གོང་བཞིན་མི་སོ་སོའི་དཔལ་འབྱོར་ཆེ་ཆུང་ལ་གཞིགས་པའི་སེམས་ཅན་ཕོ་ཕྱུགས་དང་། མོ་ཕྱུགས་སྟོང་ཕྲ་གསུམ་ནས་མ་མཐར་རེ་རེ་ལས་མ་བྱུང་ཡང་བསད་ནས་དམར་མཆོད་འབུལ་གྱི་ཡོད་པ་དང་། མི་ཤི་རྗེས་འདྲེ་འདུལ་ཟེར་བ་བྱེད་སྐབས་ཀྱང་སེམས་ཅན་བསད་ནས་དམར་མཆོད་འབུལ་དགོས་ཀྱི་ཡོད་པ། ད་དུང་གཡང་སྒྲུབ་བྱེད་པ་དང་། མདོས་རྒྱག་པ། གླུད་གཏོང་བ། མོ་རྒྱག་པ། པྲ་ཕབ་པ། གསོན་པོ་དང་གཤིན་པོའི་རྩིས་རྒྱག་པ་སོགས་བྱེད་ཀྱི་ཡོད་པར་བརྟེན། སེམས་ཅན་བསད་པའི་དམར་མཆོད་གཞི་རྒྱ་ཆེན་པོ་དེས་བོད་ཀྱི་འབྲོག་ལས་ཐོན་སྐྱེད་ཐོག་ལ་གནོད་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མཐོང་ནས། རྒྱལ་པོ་སྲོང་བཙན་སྒམ་པོས་བོན་པོའི་ཆོས་ལུགས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དེ་ཡིན་ཞེས་གསལ། འདི་དག་བསམ་ཞིང་བསམས་ན་ཤིན་ཏུ་ནས་འཇིགས་ཡེར་བ་ཞིག་རེད་མོད། ད་ནི་འདས་པའི་ལོ་རྒྱུས་རྒྱབ་ཏུ་གཡུགས་ཏེ་གནས་བབས་དངོས་མ་མདུན་དུ་བསྟར་རྒྱུ་ལས་ཐབས་མེད། ཉེ་ལམ་དྲ་ལམ་ཉུལ་བའི་བར་གསེང་ནས་ཞུ་ཧྭ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཟེར་བ་རྡོ་སྦིས་ས་ཆའི་སྡེ་བ་དང་དགོན་པའི་ད་ལྟའི་འཚོ་བ་དངོས་མ་དེ་བོད་རྒྱ་དབྱིན་གསུམ་སྐད་ཅན་ཞིག་བརྙན་རིས་སུ་ཕབ་སྟེ་བོད་ཀྱི་རིག་གནས་དྲ་བ་ཞེས་པ་དེའི་ནང་དུ་སྤེལ་འདུག ངའི་བསམ་པར་ཡུལ་ཚོ་ཞིག་གི་ཡུལ་སྲོལ་གོམས་གཤིས་ལས་མི་རིགས་ཤིག་གི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་བོ་དག་མཐོང་ཐུབ་ན་སྙམ་སྟེ་རེ་རེ་བཞིན་བལྟས་པ་ཡིན། བསྡོམས་པའི་འོད་སྡེར་དྲུག་ཙམ་ཡོད་ལ་ནང་དུ་ཚན་པ་བཅུ་ཙམ་བགོས་ཏེ་སྒྲིག་སྦྱོར་བྱས་འདུག དེ་དག་ལས་བོད་ཀྱི་ལོ་གསར་བསུ་བའི་བརྒྱུད་རིམ་ཞིག་ཡོད་པ་ནི་ཀན་སུའུ་དང་ཀ་ཅི་ཕྱོགས་ནས་ཡོང་བའི་ཁ་ཆེའམ་ཧྭེ་ཧྭེ་པགས་ཉོ་དག་དག་ལོས་ཡིན་སྙམ་པ་སྐོར་ཞིག་རིག་གི་འདུག དེ་ནི་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་བཟང་བོ་མི་རིགས་གཞན་དང་གཞན་ལ་ངོམས་ཀྱིན་ཡོད་པ་ཡིན་ན་ཇི་འདྲའི་བློ་ཕམ་བྱུང་སྤྱད་ཅིག་སྒྲིག་ཡོད་འདུག་ཨང་། དེ་ལས་ཀྱང་བོད་ཀྱི་གདོད་མའི་སྲོལ་རྒྱུན་མ་ཉམས་གོང་སྤེལ་ལ་འབུར་ཐོན་དང་དམིགས་སུ་བཀར་བའི་བྱེད་ལས་ཤིག་ཡོད་པ་ནི་ར་མ་གསོན་པོའི་ཁོག་པ་བཤགས་ཏེ་ཁོག་པའི་སྙིང་དྲོན་མོ་ལྷོག་ལྷོག་ཏུ་འཕྲོག་པ་དེ་ཨེ་ཡིན་སྙམ། ད་དུང་ཁོག་པར་སུ་ཞིག་གི་འདྲེ་ལག་བསྲིངས་ཏེ་ཁྲག་ཁོལ་མ་ཁྱོར་བ་གང་བར་སྣང་དུ་མཆོད་པ་དང་ར་མའི་མགོ་བོ་བཅད་དེ་མགོ་ཁོག་ཚིལ་གྱིས་བཏུམས་ཏེ་དོན་སྙིང་སོགས་ཕ་བོང་སྦིས་ལ་དམར་བསུར་བྱེད་སྟངས་དེར་ང་རང་ཤ་འདར་བརྒྱབ་ཅིང་སྐྲ་ཡང་གཟེངས་སུ་བཅུག་སོང་། ད་དུང་ལག་ཏུ་དུ་རྐང་ཞིག་བཙན་གྱིས་བཙིར་བའི་རྒད་པོ་འགས་ཕ་བོང་སྦིས་ངོ་སྤྲོད་ཆལ་ལེ་ཆོལ་ལེ་ཞིག་བཤད་ཀྱི་ཡོད་པ་དག་ལ་ཡིད་སུན་སོང་། ཕྱི་ཉིན་འདིའི་སྐོར་ཉེ་འཁོར་གྱི་གྲོགས་པོ་མང་པོར་ལབ་གླེང་བྱས་པ་ཡིན། ལ་ལས་བྱེད་ཚུལ་དེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གང་ནས་ཡིན་དེ་ནི་བོད་མི་རིགས་ཀྱི་ཞབས་འདྲེན་རེད་ཟེར་བ་དང་། འགའ་རེས་སྒྲིག་སྦྱོར་བ་དག་གིས་བརྙན་ཕབ་བྱ་མི་དགོས་པ་དེ་དག་བརྙན་ཕབ་བྱས་སོང་ཟེར་བ། ཡང་ལ་ཤས་ཀྱིས་བརྙན་འཁོར་དེ་དག་གི་བློ་འདྲི་ས་ཀརྨ་མཁའ་འབུམ་ཟེར་བ་དེ་ཡིན་པས་ང་ཚོས་ཁ་པར་གྱི་ལམ་ནས་ཁོ་ལ་སྡིགས་ཡག་ཅིག་བྱས་སོང་ཟེར་བའི་མཁས་རྟགས་དང་དཔའ་རྟགས་ཡ་མཚན་པ་བསྟན་ཡོད་འདུག་ནའང་རྡོ་སྦིས་དང་རྡོ་སྦིས་མང་པོ་ཞིག་གིས་དུས་རྒྱུན་འཚོ་བའི་ཁྲོད་དུ་སེམས་ཅན་ཉེས་མེད་དག་གསོད་ཅི་ཐུབ་བྱེད་ཀྱིན་ཡོད་པས་དེ་དག་ནི་མཁའ་འབུམ་དང་མཁའ་འབུམ་རྣམས་ལ་ཁ་པར་གཏོང་ས་ཡོད་པ་ཁ་པར་བཏང་ནས་ཚོད་མེད་དུ་སྡིགས་མཁན་ཡོད་ན་ཅི་འདྲ་བཟང་བ་ལ། གལ་ཏེ་ཟོག་ལུག་གི་སྙིང་གསོན་པོར་འཕྲོག་མཁན་སུ་རེད་ཟེར་ན་མདོ་སྨད་བསྟན་པའི་ཆུ་མགོ་དཔལ་ལྡན་བྱ་ཁྱུང་དགོན་པའི་ཐག་ཉེ་ན་ཁ་ཤ་ཙི་ཟེར་བའི་ཡུལ་ལྷ་ཁང་ཞིག་ཡོད་པ་དེ་ན་དགོན་པ་དེ་གའི་གྲྭ་བཙུན་དག་རེས་མོས་ཀྱིས་ཡོང་ནས་ཟོག་ལུག་གྲངས་མེད་བསད་དེ་གཞི་བདག་དེར་དམར་བསུར་བྱེད་ཀྱིན་ཡོད།   གོ་ཐོས་ལྟར་ན་མི་གཞན་གྱིས་ཚེ་ཐར་དུ་བཏང་བའི་བྱ་དང་ར་ལུག་སོགས་ད་ལྟ་རེ་རེ་བཞིན་བསད་དེ་དམར་བསུར་གཏོང་གི་ཡོད་སྐད། དེ་བཞིན་དུ་ཁྲི་ཀའི་བུན་ཁྲང་ཡུལ་ལྷ་ཁང་ནའང་ནམ་རྒྱུན་ཟོག་ལུག་གི་ཤ་ཁྲག་བསྲེག་པའི་བསུར་དྲི་ཡོངས་སུ་འཐུལ་ཡོད་པ། རེབ་གོང་གི་དྲུག་པའི་ཀླུ་རོལ་དེའང་སྲོག་གཅོད་ཀྱི་ཉིན་མོར་བརྩི་སྲུང་བྱེད་པ་དང་ཀུན་ནས་མཚུངས། སྤྱི་ལོ༢༠༠༦ལོར་མཚོ་སྔོན་ཞིང་ཆེན་སྐབས་དང་བོའི་གཡང་མདའ་རྟགས་མའི་དམངས་ཁྲོད་མདའ་རྩལ་འགྲན་སྡུར་རྨ་འགྲམ་གཅན་ཚའི་ཡུལ་ནས་འཚོགས་པ་དང་། རྫོང་མཁར་འདི་ལ་མདའ་མོའི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ལ་ཐེངས་དེའི་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན་ལ་དམངས་སྒོར་སྟོང་དྲུག་དང་ཞིང་ཆེན་རིམ་པའི་རྟགས་མ་གནངས། བྱ་དགའ་ཨང་དང་བོ་ཐོབ་མཁན་གྱི་སྡེ་བ་ག་གེ་མོས་བྱ་དགའི་དངུལ་གྱི་ཕན་ཆད་ནས་ད་དུང་མདའ་བ་མི་རེས་དམངས་སྒོར་སུམ་བརྒྱ་ལྷག་དང་སྡེ་བ་གཞུང་ནས་ལུག་གསུམ་གྱིས་དམར་མཆོད་ལྷ་གསོལ་བྱས་པ་ཁྱོན་སྡོམས་དམངས་སྒོར་ཁྲི་གཅིག་ལྷག་གིས་ཡུལ་ལྷར་མཆོད་འབུལ་བྱས། ལ་སོགས་དམར་མཆོད་ཀྱི་ལུགས་ངན་འཛིན་པ་གྲངས་ཀྱིས་མི་ལང་བ་མ་ཟད་ད་ལྟའི་ཆར་བོད་ཀྱི་དགོན་སྡེ་ཆེ་ཁག་དག་གི་ལྷ་ཁང་གསེར་ཁང་ནང་ན་དགེ་འདུན་པ་ཚོས་ཤ་ཁྲག་གི་སྡེར་ཁ་བཤམས་ཏེ་ཡིན་མདོག་གིས་གསོལ་གྱིན་པ་དག་ལ་བལྟས་ཡོང་ན་མགོ་འཐོམས་སྤྱད་ཅིག་རེད། དཀོན་མཆོག་རྗེས་དྲན་གྱི་མདོར། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཟེར་བའི་དོན་སྙིང་རྡོག་རྡོག་དེ་ངོས་ཟིན་ཐོབ་བྱེད་ཀྱི་སློབ་གསོ་དང་བློ་སྦྱོང་ཉམས་ལེན་ཐད་དུ་ཆད་ལྷག་ཁ་སྐོང་གི་ས་བཅད་ཞིག་ཡོད་ན་བསམ་ཡོང་། ངེས་དོན་གྱི་མཁས་དབང་ཨ་ལགས་ཤར་གདོང་ཚང་གིས་སེམས་ཅན་ལ་ཕན་བདེ་འདོད་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། དེའི་ཆེད་དུ་རྫོགས་པའི་སངས་རྒྱས་འཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་གསུམ་པོ་དེ་ཉིད་སྙིང་ཐག་པ་ནས་སྦྱོང་ན་ཚིག་མེད་ཀྱང་། དེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཡིན། ལག་ལེན་མེད་པ་དཔེར་ན་ང་ཚོ་བོད་ཀྱི་ནང་དུའང་རྐུན་ཇག་ཚོ་ཇག་ལ་འགྲོ་དུས་སུ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་དང་། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ཅེས་སྐད་བརྒྱབ་ནས་འདོན་བཞིན་དུ་བོའུ་ཁུར་ནས་འགྲོ་མཁན་ཡོད་པ་དང་། རོང་འབྲོག་གི་དགོན་པ་གྲྭ་ཚང་དག་གིས་དབྱར་སྟོན་སོགས་ཆོས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་དུས་ཟོག་ལུག་མང་པོ་དགོན་པའི་འདབས་ནས་གསོད་ཀྱི་ཡོད་པ་། འབྲོག་པ་ཚོས་ལོ་རེའི་དགུན་ཤ་ཟེར་ནས་ཟོག་ལུག་བཅུ་ཡས་མས་བཤའ་བའི་ཚེའང་འོད་དཔག་མེད་ཀྱི་མཚན་དང་མ་ཎི་སོགས་གཟུངས་སྔགས་འགའ་ཤས་སྐད་བརྒྱབ་ནས་འདོན་གྱི་ཡོད་པ། རོང་བ་ཚོས་ཕག་བཤའ་དུས་མགོ་ལ་མ་ནི་ལག་བསྐོར་བསྐོར་གྱི་ཡོད་པ། ཨ་མདོའི་ས་ཆ་ཁ་ཤས་ན་རང་གི་བླ་མའི་ཞབས་བརྟན་དུའམ་དགོན་པར་ཆོས་ཐོག་གི་གུང་ཚིགས་འདྲེན་པའི་ཚེ་ཟོག་ལུག་མང་པོ་བསད་དེ་མང་ཇ་སྐོལ་སྲོལ་ཡོད། ཤི་བོར་བདུན་འདེབས་པ་དང་ནད་པའི་ཚེ་བསྲིངས་ཆེད་དུ་ཟོག་ལུག་བཤས་ཏེ་རིམ་གྲོ་དང་སྡེ་མི་ཡོངས་ལ་ཟས་ཐུན་རེ་གཉིས་སྐོལ་སྲོལ་ཡོད། ང་ཚོར་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་དར་ནས་ལོ་ག་ཚོད་ཅིག་ཕྱིན་ཡོད་ནའང་དོན་དུ་ཆོས་པ་རྣལ་མ་ཉིན་མོའི་སྐར་མ་དང་མཚུངས་པ་མ་ཟད་མང་ཚོགས་ཀྱི་ངོས་ནས་དམ་པའི་ཆོས་ཀྱི་གནད་འགག་དེ་རྟོགས་ཐུབ་ཀྱིན་མེད་པ་གོང་གི་དཔེ་མཚོན་འདི་དག་དང་ལྷག་པར་སི་ཁྲོན་གསེར་རྟའི་ཕྱོགས་ན་༼དེང་སང་གི་མཁན་པོ་དམར་ཟས་གཅོད་དུ་འཇུག་མཁན་དག་གི་རྩ་བའི་ཆ་ནས་དམ་པའི་ཆོས་ནི་མདོར་ན་མི་འཚེ་བའམ་ཐོག་མཐའ་བར་གསུམ་དུ་དགེ་བ་ཞེས་པ་དང་ཤིན་ཏུ་ནས་ཐག་ཉེ་བོ་འདུག་ནའང་བོད་རོང་འབྲོག་མང་ཚོགས་ཀྱི་ད་ལྟའི་གནས་བབས་ལ་གཞིགས་ན་མཁན་སྤྲུལ་རེ་འགས་ཐག་གཅོད་ཐུབ་པ་ཞིག་མ་རེད་ལ་བཅད་ཆོག་པ་ཞིག་ག་ནས་ཡིན།དཔེར་ན་དམར་ཟས་གཅོད་པ་དང་སྒོ་ཟོག་བཤས་ཚོང་མི་བྱ་བའི་ལས་འགུལ་གྱི་སྔ་ནུབ་ཏུ་འདང་བརྒྱབ་པ་ཡིན་ན་ཁྱིམ་ཚང་ཞིག་ལ་ཟོག་ལུག་བརྒྱ་ཡོད་ན་མཁན་པོ་སོགས་ལས་འགུལ་བ་དག་ཐོན་རག་ར་ཟོག་ལུག་བདུན་ཅུ་དུས་མཉམ་གཅིག་ཏུ་བཤས་རར་བཙོངས་ཟིན་པའི་འབྲོག་ཁྱིམ་ཧ་ཅང་མང་པོ་ཡོད་པ་དངོས་པོའི་གནས་ཚུལ་ཡིན་པས་འདི་ར་འཕྲོད་པས་དེ་ལྟར་མིན་ཚུལ་གྱིས་ཨུ་ཚུགས་རང་གཞན་སུས་ཀྱང་བྱེད་དོན་མེད་སྙམ།༽འདི་དག་ལ་མདང་བརྒྱབ་པ་ཡིན་ན་མཁན་སྤྲུལ་བླ་གྲྭ་དག་གིས་བྱེད་ལས་དང་མང་ཚོགས་ཕལ་བ་ཚོའི་གོ་རྟོགས་བར་དུ་གོ་འཛོལ་རབས་དང་རིམ་པ་ཐེབས་ནས་རྙོག་དྲ་ཡང་མི་ཉུང་བྱུང་དང་འབྱུང་གིན་ཡོད་པས་འདི་དག་ལ་ང་ཚོ་བོད་མི་སེར་སྐྱ་སུས་ཀྱང་ཞིབ་ཏུ་བསམ་བློ་གཏོང་ཐུབ་ན་ཁ་སང་གི་ལེགས་ཉེས་གང་ཡིན་བླང་དོར་ལ་བརྩོན་ཐུབ་པ་བྱས་ཏེ་ཉེས་མེད་སེམས་ཅན་དམར་གསོད་བྱེད་ལུགས་ལ་དེ་རིང་ནས་གྱེས་ཕྱག་ཞུས་ཏེ་སང་གི་ཉིན་མོར་བྱམས་བརྩེ་ལས་འཁྲུངས་པའི་རང་གཞན་གཉིས་ཕན་གྱི་ལམ་ཁ་ཞིག་རྙེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
 
 
རེ་བའི་ཁ་བཏགས་བོད་ལ་བསྲིངས་པ།
 
ད་ནི་ཕྲན་ཆུང་གི་སེམས་པའི་མཐིལ་ནས་འཕྱུར་ཡོང་བའི་སེམས་གཏམ་འདི་དྭངས་གཙང་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་ཧི་མ་ལ་ཡའི་རི་འདབས་སུ་ལག་ཟུང་ཐལ་མོ་སྦྱར་ནས་བཏེགས་པ་ཡིན་ན་གྲུབ་མཐའ་རིས་མེདཀྱི་ཆོས་ལུགས་པ་རྣམས་དང་གདན་ས་ཆེན་པོ་ཁག་གསུམ་ལ་སོགས་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་དག་མང་ཚོགས་དང་ཐག་ཉེ་སར་བཅར་ཏེ་དམ་པའི་ཆོས་ཀྱི་དོནསྙིང་རྣལ་མ་དེ་མང་ཚོགས་ལ་ངོ་སྤྲོད་དང་བསླབ་བྱ་མུ་མཐུད་དུ་གཏོང་དགོས་པར་སྙམ། གཏན་ཚིགས་ནི་ང་ཚོ་བོད་ཀྱི་ཆོས་པ་རྣལ་མ་ཚོ་སྤྱི་ཚོགས་དང་བར་ཐག་རིང་དྲགས་ན་མང་ཚོགས་ཀྱི་ངོས་ནས་འཇིག་རྟེན་འདིར་མི་ཚེ་དོན་ལྡན་ཡོང་བར་ཅིའི་ཕྱིར་བརྩོན་ལེན་བྱ་དགོས་པ་ཧ་གོ་གི་མི་འདུག ང་ཚོ་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་སྲོག་ཆགས་རིགས་སྣ་ཚོགས་ཚེ་ཐར་དུ་གཏོང་བའི་གོམས་སྲོལ་ཞིག་ཆགས་བསྡད་ཡོད་པ་ནི་ཆེས་དོན་སྙིང་ལྡན་པ་ཞིག་རེད། གཅིག་ན་ང་ཚོ་མཐོ་རིམ་སྲོག་ཆགས་འགྲོ་བ་མིའི་རིགས་འདི་དུད་འགྲོ་གཞན་དག་ལས་ཁྱད་འཕགས་བྱམས་བརྩེ་དང་སྙིང་རྗེ་ཡོད་པ་མཚོན་པ་དང་གཉིས་ན་ང་ཚོ་འགྲོ་བ་སྲོག་ཆགས་སུ་ཡིན་ཡང་མར་མ་གྱུར་བ་གཅིག་ཀྱང་མེད་པའི་ངོས་ནས་གཅིག་གྲོགས་གཅིག་ལ་བརྟེན་ཕན་ཚུན་ལ་བརྩེ་འདང་དང་མཐུན་སྒྲིལ་མཐུན་པ་སྤུན་བཞི་ལྟ་བུ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་པ་བསྟན་ཡོད། དེས་ན་ང་ཚོས་སྲོག་གཅོད་སྤངས་ཏེ་སྐྱེ་འགྲོ་སྲོག་ཆགས་ཡོད་ཚད་ཀྱི་ཚེ་སྲོག་འདྲ་མཉམ་དང་སྲོག་ཆགས་ཆེ་ཕྲ་གང་ཡིན་ཡང་ཁོ་ཚོའི་ཚེ་སྲོག་གི་རིན་ཐང་དོན་སྙིང་ལྡན་པ་ཡོང་ཐབས་བྱ་དགོས། དེ་ཅི་ལྟར་བྱ་དགོས་སམ་ཞེ་ན། སྲོལ་རྒྱུན་རིག་གནས་ཟེར་ནའང་འདྲ་གཞི་རིམ་ན་དར་ཁྱབ་ཆེ་བའི་དུད་འགྲོ་སྲོག་ཆགས་ཚེ་ཐར་དུ་གཏོང་ཐབས་འདི་ནི་ཧ་ལས་པའི་གཞན་གྱི་ཚེ་སྲོག་ལ་འདྲ་མཉམ་དུ་ལྟ་བྱེད་ཅིག་རེད། ང་ཚོས་ཕྱི་རབས་པ་རྣམས་ཀྱིས་ཀྱང་ཚེ་སྲོག་འདྲ་མཉམ་གྱི་ལྟ་ཚུལ་འདི་བེད་སྤྱད་ལེགས་པོ་བཏང་སྟེ་ཆེ་བ་རྟ་ནོར་ལུག་གསུམ་དང་ཆུང་བ་ཉ་རུས་སྦལ་གསུམ་སོགས་སྲོག་ཆགས་ཆེ་ཕྲ་ཡོད་དོ་ཅོག་ལ་བྱམས་བརྩེས་སྐྱོང་རྒྱུའི་ལམ་ཁ་འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ཡིན་ཡང་དེང་སང་རྒྱ་ནག་ནང་དགེ་བསྙེན་དང་ཆོས་དད་པ་ཚོས་ཚོགས་པ་དང་ཚོགས་པ་བྱས་ཏེ་ཉ་དང་རུས་སྦལ་སོགས་སྲོག་བླུ་བྱེད་སྟངས་དེར་ཁོ་བོ་འཐད་ཀི་མེད། རྒྱུ་མཚན། དེ་ལ་ཧོལ་རྒྱུགས་དང་ཨག་གསར་ཤས་ཆེ། འདིའི་ཁྲོད་ནས་རྙོག་འཛིང་མང་པོ་བྱུང་དང་འབྱུང་གི་ཡོད། དཔེར་ན་ལོ་སྔོན་མ་ཞིག་ལ་རྒྱའི་ཏུང་པེ་ས་ཆ་ནས་དགེ་བསྙེན་ཚོགས་པ་ཞིག་གིས་ལོ་རེར་ཉ་མོ་ཚེ་ཐར་དུ་གཏོང་བའི་བྱ་འགུལ་སྤེལ་གྱི་ཡོད། དེའི་སྣེ་ཁྲིད་པ་བུད་མེད་ཅིག་ཡིན་ཚོད་རེད། ལོ་གསུམ་བཞིའི་རིང་བུད་མེད་དེས་སྲོག་བླུ་རིན་པའི་སྒོར་མོ་ཁྲི་སུམ་ཅུ་ལྐོག་ཟ་བྱས་ཡོད་པ་ཤེས་ཏེ་འཇུ་བཟུང་བྱས་སོང་ཟེར། སྲོག་བླུ་བྱེད་པ་ནི་རྒྱའི་དགེ་བསྙེན་ཚོར་མཚོན་ན་ཆོས་ལུགས་ཀྱི་བྱ་བཞག་རླབབས་ཆེན་ཞིག་ཏུ་བརྩི་གི་ཡོད། དོན་དུ་དམ་པའི་ཆོས་ཀྱི་སྙིང་བོ་གང་ཡིན་ཧ་གོ་གི་མེད་པས་དོན་དམ་གྱི་རྨོངས་དད་པ་ངོ་མ་དེ་ཁོ་ཚོ་ཆགས་བསྡད་ཡོད། དེ་བས་བོད་ནང་དུའང་ཆོས་ལུགས་དང་འབྲེལ་བའི་སེམས་ཅན་གྱི་སྲོག་གཅོད་པའི་ལས་ཀ་དག་ངེས་པར་དུ་མཚམས་འཇོག་གནང་དགོས། སེམས་ཅན་གྱི་སྲོག་བཅད་དེ་དམར་མཆོད་གཏོང་ཚུལ་བན་བོན་གང་གི་ལུགས་ཡིན་ཀྱང་འདས་ཟིན་པའི་ནག་པོའི་ལོ་རྒྱུས་སུ་བགྲངས་ཏེ་ད་ནི་ང་ཚོས་དུས་རྒྱུན་ཁ་ནས་འདོན་བཞིན་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ལ་སོགས་པའི་ཚད་མེད་བཞི་ལག་ལེན་དུ་འདེབས་ཐབས་ཅིས་ཀྱང་བྱ་དགོས། བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་ཆོས་ལུགས་པ་ཡོངས་ཀྱི་སྣེ་ཁྲིད་དེ་སྡིག་སྤོང་དགེ་སྒྲུབ་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་མ་འོངས་གངས་ལྗོངས་ཀྱི་རླབས་ཆེན་གྱི་ལས་དོན་ཐམས་ཅད་ཡིད་ལ་སྨོན་པ་བཞིན་འགྲུབ་ཡོང་བར་ཐེ་ཚོམ་ག་ནས་ཡོད།
 
 
ཁོག་པ་བཤགས་ཏེ་གློ་བ་ཕྱིར་བསྟན་པ།
 
ཞོར་དུ་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་བོད་པ་ཐམས་ཅད་ཀྱི་གྲུབ་མཐའ་དང་ཡུལ་ལུང་གི་ཕྱོགས་ཞེན་དང་འཐེན་འཁྱེར་མི་བྱེད་རྒྱུ་གལ་གནད་ཆེན་པོར་མཐོང་ཡོང་། འདི་ལ་སྐྱབས་རྗེ་ཕ་བོང་ཁ་བས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ནང་དུ་ས་སྐྱ། བཀའ་རྒྱུད། རྙིང་མའི་གྲུབ་མཐའ་ལ་སོགས་པར་ཡང་དག་སྣང་སྦྱོང་དགོས་ཤིང་། རྣམ་དག་གི་ཆ་ཐམས་ཅད་འགལ་མེད་དུ་རྟོགས་པ་ལ་འབད་དགོས་པར་གསུངས། མཁས་གྲུབ་རྗེའི་གསུང་ཐོར་བུའི་ནང་དུ་ཡང་རྙིང་མའི་ཆོས་ལ་སྐུར་བ་བཏབ་ན་ངན་འགྲོ་མི་བཟད་པའི་སྒོ་ཕྱེ་བ་ཡིན་གསུངས། ཡང་ཆོས་ཆོས་མིན་དང་ཆོས་མིན་ཆོས་སུ་བཟུང་ན་ཆོས་སྤོང་གི་ཉེས་པར་འགྱུར་བས་གཟབ་དགོས་གསུངས། ད་ནི་ནང་དམེ་གྲུབ་མཐའ་རྩོད་པའི་དུས་མིན་པ་ཤེས་དགོས་ལ་དམ་པའི་ཆོས་རྣལ་མ་ཞིག་བོད་མི་རེ་རེའི་རྒྱུད་ལ་འཇགས་རྒྱུ་གལ། ཇི་སྐད་དུ་དྲན་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས།། མི་རེའི་ཁོང་ན་མི་མཐུན་ཚད་མ་རེ།། དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ།། ཟེར་བ་བཞིན་ང་ཚོའི་གྲུབ་མཐའ་གང་ཡིན་ཡང་ལུང་རིགས་ཀྱི་རྒྱབ་བརྟན་རི་འདྲ་བ་རེ་ཡོད། གྲུབ་མཐའ་ཕན་ཚུན་བར་ལ་དག་མ་དག་དང་བདེན་མི་བདེན་དཔྱད་ནས་བསམ་བཞིན་གླེང་ཕྱོགས་བཟོ་མཁན་དག་ལ་རྒྱབ་སྐྱོར་བྱེད་དགོས་དོན་མེད། གྲུབ་མཐའ་གང་ཡིན་ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་རེ་ཡོད་པས་མི་སྒེར་རང་ངོས་ནས་བློ་ལ་གང་འཚམ་ཉམས་སུ་བླངས་ཏེ་རང་གཞན་ཀུན་ལ་ཕན་པ་སྒྲུབ་རྒྱུ་གལ་ཆེན་པོ་རེད། དེ་མིན་གཅིག་ཤོས་ལ་དད་པ་བྱེད་པ་དང་། གཅིག་ཤོས་ལ་སྡང་བར་བྱེད་པ་ནི་ང་ཚོས་ཆོས་མ་ཤེས་པའི་སྐྱོན་ཡིན། དེ་ལྟར་གང་དྲན་བྱེད་པ་ནི་སྙིང་ལ་བདུད་ཞུགས་པའམ། རང་རྒྱུད་ཀྱི་དམ་ཚིག་ཉམས་པའི་རྟགས་ཡིན་ཏེ། རྗེ་དགེ་འདུན་གྲུབ་པའི་ཞལ་ནས། ལར་ད་ལྟ་གངས་རིའི་ཁྲོད་འདི་ན།། རང་བསྟན་པ་འཛིན་པར་ཁས་ལེན་ཅིང་།། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།། ཞེས་གསུངས་ཡོད་པས་ང་ཚོས་རྗེས་རབས་པས་གྲུབ་མཐའ་རིས་སུ་གཅོད་པ་ནི་བོད་མི་རིགས་འཕེལ་རྒྱས་སུ་འགྲོ་བར་འགལ་རྐྱེན་དང་། ཆོས་ལུགས་གྲུབ་མཐའ་ཁག་བར་གྱི་མཐུན་སྒྲིལ་ལ་གནོད་པ་ཆེ་ཚུལ་སོགས་ལོ་རྒྱུས་ལ་ཕྱིར་དྲན་དང་ད་ལྟ་བསམ་གཞིགས་བྱས་པས་ཀྱང་ངེས་ཤེས་འདྲོངས་སླ། དེ་བས་ང་ཚོ་བོད་གངས་ཅན་པ་ཞིག་ཡིན་ཕྱིན་དུས་རབས་དང་མཐུན་པའི་ཤེས་རིག་གིས་རྟོགས་སད་པ་ཞིག་བྱེད་ཐུབ་རྒྱུ་དོན་གལ་ཆེན་པོ་རེད། མཐུན་སྒྲིལ་གྱི་ལག་རྡེང་སྦྲེལ་ལ་སྣ་མང་ཤེས་བྱ་ལ་བརྟེན་ཏེ་འཛམ་གླིང་གི་ཚན་རིག་དར་བའི་རྒྱལ་ཁབ་དག་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པ་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་དམ་པའི་ལྷ་ཆོས་དང་མཐུན་པར་མ་ཟད། འཇིག་རྟེན་མི་ཆོས་ལའང་ཆུ་ལ་ཆུ་བཞག་གི་ཚུལ་དུ་འགྲོ་བའི་ཕྱིར། མཆོག་དམན་བར་མ་ཀུན་གྱིས་ཉེ་རིང་ཆགས་སྡང་གི་ཕྱོགས་ལྷུང་སྤང་ཞིང་། མཐུན་པ་སྤུན་བཞིའི་རྣམ་ཐར་ངང་གིས་བསྐྱངས་ཏེ་ཅི་བསྒྲུབས་རྒྱལ་ཁབ་དང་གང་བསམ་སེམས་ཅན་གྱི་དོན་དུ་བསྔོ་རྒྱུའི་རེ་བ་འདི་ལ་བོད་ཀྱི་དགེ་བཤེས་རྣམ་པས་དཔེ་གཟིགས་ཀྱི་དུས་ཚོད་ཕུད་གུང་ཚིགས་དང་ངལ་གསོའི་དུས་ཚོད་སྐབས་སུ་ངེས་པར་དུ་ཐུགས་བསམ་བཞེས་དགོས་རྒྱུ་ཞིག་རེད་སྙམ་པའི་ཀུན་སློང་ཞིག་ཅོལ་ཆུང་ངའི་སེམས་སུ་དུས་རྒྱུན་ཤར་གྱིན་འདུག། དེ་བས་མང་ཚོགས་དང་ཐག་ཉེར་བཅར་བའི་གོམ་པ་དང་པོ་དེ་གང་ནས་ལེན་དགོས་པར་ཅི་ནས་ཐུགས་ལ་འཛིན་རྒྱུ་མཁྱེན་མཁྱེན་ཞུས་པ་ལགས། 
 
ཞེས་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་༧རྗེ་སྐུ་འབུམ་བྱམས་པ་གླིང་གི་གྲལ་མཐའ་བ་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པས་ལྷག་བསམ་དག་པས་སྦྱར་བ་དགེའོ།།ལོ་སྔོན་མའི་རྩོམ་ཞིག་གསར་དུ་བཀོད་པ་ཡིན་པས་དགོངས་དག

0 comments:

ཟིན་བྲིས་འཚོལ་ཡུལ