དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 24 June 2013
ང་ལའང་ཆུང་དུས་ཀྱི་མཚར་སྡུག་ཡོད།(པར་རྩོམ)
 
                       
      མི་རེ་རེའི་མི་ཚེ་དེ་དུམ་བུ་གསུམ་དུ་བགོས་ན།   ཐོག་མ་ནི་དཀར་བོའི་ཆ་དང་།  བར་མ་དཀར་ནག་འདྲེས་མའི་ཆ།  མཐའ་མ་ནི་ནག་པོའི་ཆ་ཞིག་ཨེ་ཡིན་ནམ།    ཡང་ན་མི་ཞིག་གི་མི་ཚེ་ཧྲིལ་བོ་མཚན་ཞག་གཅིག་གི་རྨི་ལམ་ཡིན་ན།  ནམ་སྟོད་ལ་འཇའ་ཚོན་དང་།  ནམ་གུང་ལ་དྲག་ཆར།  ནམ་སྨད་ལ་བྱེ་ཐང་རྨི་མི་འགྲོའམ་བསམ་བྱུང་།
དེ་ལྟ་ན།   མི་རྣམས་རང་རང་གི་མི་ཚེ་སྟོད་ཀྱི་ཆར་དགའ་བ་བླ་མེད་འཕེལ་ཏེ།   དམིགས་ཡུལ་དང་ཡ་ཡོ་མེད་ཅིང་།    འཛད་སྟོང་དང་རེ་བཞག་ཟབ་མོ་མི་མངའ་བའི་དུས་སྐབས་དེ་ནི།   དཔྱིད་ཀ་ལྟ་བུའི་ཚེ་སྟོད་ཀྱི་འཚོ་བ་ཡིན་པས།   ཁོ་ཡང་རང་གི་དཔྱིད་ཀའི་གཙང་བོ་དང་འཇའ་ཚོན།  མེ་ཏོག་གི་མཛེས་པ་དང་དྲི་བསུང་ལ་ཞེ་དྲག་དགའ་ལ།    དྲན་པའི་ལོ་རྒྱུས་སུ་བྲིས་པའི་བྱིས་དུས་ཀྱི་སྣུམ་ཚོན་རི་མོ་གང་ཉིད།  ཁོའི་མི་ཚེའི་ཐང་གའི་ཁྲོད་ཀྱི་གཟི་མདངས་ཆེ་ཤོས་སུ་བརྩིས།
                
རྟ་མཆོག་ཅང་ཤེས་འཕུར་གཤོག་གི་སྟེང་དུ།  མདའ་མདུང་གྲི་མཚོན་གང་ཡང་ཐོགས་མེད་པའི་གསར་བུ་ཆུང་ཆུང་སྙིང་རྗེ་བོ་ཞིག་གིས།  ལག་ཆུང་གཡས་པས་རྟ་ཁ་འཐེན་བཞིན་ལག་ཆུང་གཡོན་པས་སྲབ་མཐུར་དམ་པོར་བཟུང་ནས་གཡས་སུ་ཕྱོགས་བཞིན་པ་འདི་ཉིད།    གླིང་གི་སྒུ་རུ་བདའ་བའི་ཇོ་རུའི་གྲབས་གཤོམ་མ་ཡིན་ལ།   དམག་མིའི་མདའ་ཁ་དཀྱོག་པའི་ནྰ་ཕོ་ལོན་གྱི་འགྱིང་བག་ཀྱང་ག་ལ་ཡིན།
འདི་ནི་ལོ་ངོ་དགུ་ལ་སོན་མ་ཐག་པའི་ཁོ་རང་ཐོག་དང་བོར་ཕ་ཡུལ་གྱི་རི་རྩེར་བསང་མཆོད་དུ་སོང་བའི་སྣང་ཚུལ་ཏེ།    ཁོས་རྟ་ཕོ་འདིས་རང་ཉིད་སར་འཕེན་མི་གཞག་གམ་སྙམ་པའི་དངངས་འཚབ་དང་གཅིག   རྒྱབ་ལོག་ཏུ་རྒྱུག་འོང་བའི་ཡུལ་མི་ཚོས་རྗེས་ཟིན་འགྲོ་བའི་བྲེལ་འཚུབ་དང་གཉིས།    རི་རྩེའི་བསང་ཁྲིའི་ཉེ་གམ་དུ་མགྱོག་པར་འཐོན་དགོས་པའི་སེམས་ཁུར་དང་གསུམ་བཅས་ཀྱིས།  སྐར་ཆ་འགའ་ལ་རང་ཉིད་ནམ་མཁའ་དང་ས་གཞིའི་བར་དུ་ཡོད་པ་ཡང་བརྗེད་མྱོང་།   ཡིན་ཡང་།   དེ་ནི་ཁོའི་སྐད་ཅིག་གི་སེམས་འགྱུ་ཙམ་ལས།  དེ་དུས་ཀྱི་འཚོ་བ་ནི་དངངས་འཚབ་ཆེ་བ་ཞིག་གཏན་ནས་མིན་ཟེར།
               
གཟའ་འཁོར་འགའི་ཡར་སྔོན་དུ་ང་རང“ནུབ་བྲོའི”(街舞)འཛིན་གྲྭ་ཞིག་ཏུ་ཞུགས་པ་ཡིན།   རྒྱ་མིའི་དགེ་རྒན་དེས“ནུབ་བྲོ་ནི་ཤེས་རབ་ཀྱི་ཕྱི་རོལ་ནས་འོང་བ་སྟེ།  ཕྱིའི་ཡུལ་ལ་བལྟས་ཏེ་སོ་སོའི་ལུས་གཤོག་གང་འདོད་དུ་སྐྱོད་པ་རང་ཡིན”ཟེར།
དེ་དུས་ཕོ་གསར་ཆུང་ཆུང་འདིས།  ཕྱིའི་ཡུལ་ལ་བལྟས་ཏེ་རང་གི་རྣམ་ཤེས་ཀྱི་འགུལ་སྐྱོད་དང་ལུས་པོའི་འགུལ་སྐྱོད་མཉམ་དུ་བསྡེབས་ཐུབ་ཡོད་མེད་ཅི་ཆ་མོད།  སྐབས་དེའི་བྱིས་པ་སུམ་ཅུ་ལྷག་གི་ཁྲོད་དུ་ཁོ་རང་བོད་བྲོ་འཁྲབ་མཁན་ཨང་དང་བོར་བཞག་ཡོད་དེ།  རྩེད་རིགས་ཀྱི་འགོ་བས་རྩེད་གྲོགས་ཚོའི་ཞབས་བྲོའི་འཁྲབ་ཁྲིད་པར་བསྐོས་པས།
ཁོས་རང་གི་ཤེས་རབ་ཆུང་ངུ་བཀོལ་ནས། ན་ཟླ་ཚོར་བྲོ་སྣ་བདུན་ཙམ་གསར་ཁྲིད་བྱས་ཤིང་།   བྲོ་ཚིག་རེ་རེ་སྐབས་དེའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཞས་དབྱངས་རྣམས་ཡིན་པས།    ཁོའི་རྩེད་གྲོགས་རྣམས་ཀྱི་ཨ་ཕྱི་དང་ཨ་མྱེས་ཚོས་མགོ་ལ་བྱིལ་བྱིལ་བྱས་པ་གྲངས་ཀྱིས་མི་ཆོད།
      རེད་དེ།    མཐར་ཁོའི་ཆེད་ལས་བྲོ་ཡི་ལམ་དུ་ཕྱིན་མ་སོང་།  དེ་ནི་ཁོ་ལ་དཀོན་མཆོག་གིས་གོ་སྐབས་མ་སྤྲད་པ་ཡིན་ཡང་ཐང་།  ཡང་ན་ཁོས་ཆེད་དུ་གོ་སྐབས་དམ་འཛིན་མ་བྱས་པ་ཡིན།   གང་ལྟར།  ད་ལྟ་ཁོའི་ལུས་ཐོག་གི་གཞས་བྲོ་བ་ཞིག་གི་ཉམས་ཅི་ཡང་མི་འདུག
                
ལོ་དེར་ནང་བསྟན་སློབ་གླིང་དང་སྤྱི་ལེ་བདུན་ཙམ་གྱིས་ཆོད་པའི“ས་བཟང་བོ་སྨོན་ལམ་ལ་ཁར”[1]དབྱར་ཁའི་དུས་སྟོན་ཆེན་མོ་དངོས་སུ་རོལ་གྱི་ཡོད་ཅིང་།  ཁོ་དང་ཁོའི་མ་ལགས།  ད་དུང་ཕུ་བོ་དང་སྲི་མོ་སོགས་ཀྱིས་ཀྱང་། རས་གུར་ཕུབ་ཅིང་འོ་ཇ་བསྐོལ་ནས་དབྱར་ཁའི་དུས་སྟོན་ཉམས་སུ་མྱོང་བཞིན་ཡོད།
སྐབས་དེར་ཁོའི་རྩེད་གྲོགས་ཤིག་ལ་པར་ཆས་རྙིང་བ་ཞིག་ཡོད་པས།  ཁོས་ཡུད་ཙམ་ལ་རྩེད་མཚམས་བཞག་ནས་རང་གི་ཚ་བོ་དང་ལྷན་ཏུ་པར་ཞིག་བསྒྲོན་ཐུབ་སོང་།   དེ་ནི་རང་གི་རྩེ་སྟངས་གཞན་ཞིག་ཏུ་འདོད་ཀྱི་ཡོད་ལ།  སློབ་ཆུང་ལོ་རིམ་དང་བོ་ཙམ་ལ་འགྲོ་བཞིན་པའི་ཚ་བོས་ཀྱང་དེ་ལྟར་སྙམ་ཡོད་སྲིད།
འོན་ཀྱང་།   ད་ལྟ“སྨོན་ལམ་ལ་ཁར”དུས་སྟོན་གང་ཡང་མི་འདུག་ལ། མེ་ཏོག་ཙམ་ཡང་སྐྱེས་ཡོད་མེད་མ་ཤེས།  དེ་བཞིན་སློབ་འབྲིང་མཐར་ཕྱིན་ལ་ཉེ་བའི་ཁོའི་ཚ་བོ་ཡང་ཁོ་ལས་གཟུགས་པོ་ཆེ་རུ་སོང་འདུག    དེ་བས།   ད་ནི་དེ་དག་ཐམས་ཅད་ཁ་སང་ཡིན་པ་གསལ་བོར་རྟོགས།
                
བན་ཆུང“བྲ་ཚག”འདིར་ཁོ་དང་འདྲ་བའི“བྲ་ཚག”གཞན་འགའ་ཡོད་ལ།   ཁོ་ཚོས་མཉམ་དུ་ཁྱིམ་མིས་བྱིན་པའི་ཤོག་སྒོར་གཅིག་གཉིས་ཙམ་ཡོད་པ་མཉམ་དུ་བསྡུས་ནས།   ཟུར་ལྔ་ཅན་གྱི་སྟབས་ཐུག་བཟའ་སྲིད་ལ།   ཡང“བྲ་ཚག”ཚོགས་པས་གཡུལ་བཤམས་ནས“བྲ་ཚག”གཞན་རྣམས་དབང་དུ་བསྡུ་ཡང་སྲིད།
ཉིན་དེར་སློབ་གླིང་གི་འདོན་ཚོགས་ཆེན་པོ་ཞིག་ཏུ་ཁེལ་ཡོད་པས།    ཁོ་རང་ཟུར་ལྔ་ཅན་གྱི་སྟབས་ཐུག་ཉོ་རུ་འོང་བའི་ལམ་བར་དུ་ཕ་ཡུལ་རྨ་ཆུ་ནས་ཡིན་པའི་ངོ་ཤེས་གྲྭ་བ་འདི་དང་འཕྲད་པས།    ལས་ལམ་དུ་འགྲོ་བ་ཞིག་ལ་གྲྭ་བ་དེས་ཁོ་རང་ཚུར་བཟུང་ནས་མཐའ་གཅིག་ཏུ་པར་ཞིག་ལེན་དགོས་ཟེར། དེ་ལྟ་མོད།  ཨ་མས་བཟོས་པའི་ཁོའི་ལྟག་རྒྱབ་ཀྱི་ཞྭ་མོ་སེར་རིལ་མ་མཐོང་ན།   པར་འདི་བསྒྲོན་པར་གྲྭ་སྒྲིག་མང་ཙམ་བྱས་པ་ཤེས་ཐུབ།
    
ཡུལ་མི་རྣམས་ཀྱིས་སྟོད་གོས་སེར་བོ་བསྣབས་མཁན་ཚོ་སྤྲུལ་སྐུ་ཞེས་པ་ཡིན་ནི་རེད་ཟེར།   ཁོས་རང་ཉིད་ནམ་མཁར་འཕུར་མི་ནུས་ལ་ས་འོག་ཏུ་འཛུལ་ཡང་མི་ཐུབ་ཁར།   ཁྱིམ་མཚེས་ཚང་གི་སྤྲུལ་སྐུ་དེ་དང་འདྲ་བར“ལུང་བསྟན”ཡག་མོ་ཡང་སྨྲ་མི་ཤེས་པས།   རང་ཉིད་སྤྲུལ་སྐུ་ཡིན་མི་སྲིད་འདོད་ཀྱང་།  སྟོད་གོས་སེར་བོ་འདིས་ཁོ་རང་ཐེངས་མང་བོར་ནམ་མཁར་འཕུར་དེ་ལྷ་དང་མཉམ་དུ་གུང་ཇ་འཐུང་ཞིང་།  ཡང་། ས་འོག་ཏུ་འཛུལ་ནས་ལྷ་མ་ཡིན་རྣམས་དང་འཐབ་རྩོད་ཀྱི་ལས་སུ་ཞུགས།   འོན་ཀྱང་།  ཞོགས་པ་རེ་རེར་གཉིད་ལས་སད་པ་ན། འདི་དག་ཐམས་ཅད་རྨི་ལམ་རང་ཡིན་པས།   སྟོད་གོས་འདི་ཉིད་ཁོའི་རྨི་ལམ་ལ་རོགས་རམ་གནང་བའི་དངོས་པོ་ཙམ་མོ།  །
        དོན་ངོ་མར་ཁོ་རང་དེ་དུས་ནས་སྤྲུལ་སྐུ་ཞེས་པའི་སེམས་ཅན་ཁྱད་པར་ཅན་དེར་སྤྲོ་སྣང་ཆེན་པོ་མེད་པས།    རང་གི་རྩེད་རོགས་གྲས་ཀྱི་སྤྲུལ་ཆུང་ཚོ་ནི་ཁོའི་གདོང་གཏོད་སའི་ན་ཆུང་བའི“གྱོད་ཟླ”ཡིན།     དེ་བས།   སྟོད་གོས་སེར་བོ་འདིས་ཁོའི་ནང་སེམས་ཀྱི་ཆེ་ཚུགས་མཚོན་མི་ཐུབ་ཅིང་།   ནང་སེམས་ཀྱི་རེ་བ་ཡང་དེ་བས་མཚོན་མི་ཐུབ་སྟེ།  ཁོ་ནི་ནམ་ཡང་མི་སེར་ཕལ་བའི་བྱིས་པ་དང་མཉམ་དུ་འཚོ་བས།  ཁྱད་པར་ཅན་གྱི་སེམས་ཅན་དེའི་རིགས་དང་ག་ལ་འདྲ།
                
ལྔ་གསུམ་བཅོ་ལྔའི་སྒོ་ཐེམ་ལ་ཐོག་མར་འཇུས་པའི་ཁོས། “སྙན་གཞུང”ཞེས་པའི་ཆ་མེད་ཀྱི་དངོས་པོ་དེར་གསར་དུ་རེག་རེག་བྱེད་ཅིང་།   མཚམས་དང་མཚམས་སུ་གཞན་གྱི་བརྩམས་ཆོས་རྣམས་ལ་ཟློས་ཏེ“སྙན་ཚིག”ཟེར་བ་འགའ་རེ་ཡང་འབྲི་འགོ་བརྩམས།     དེ་བས།  ཁོ་རང“རྩོམ་རིག”ཅེས་པའི་ཕུག་པ་རིང་བོ་འདིར་ཉིན་རེ་བས“དད་པ”ཇེ་ཆེར་སྐྱེས་ནས།   ཉིན་ཞིག་སྒྲུབ་ཕུག་འདིའི་ནང་དུ་དུར་འཇུག་བྱ་རྒྱུར་ཡང་ཐུགས་ཐག་བཅད་པའི་ཁུལ་བཟོས།
        འདི་ནི་སློབ་གླིང་གི་གོང་རིའི་ཟུར་ཞིག་སྟེ།  ཁོས་གཟའ་སྤེན་པའི་ཕྱི་དྲོ་རེ་རེར་ཤོག་གུ་དང་སྙུ་གུ་ཁྱེར་ནས་སློབ་བསང་ལ་འགྲོ་སའི་དགའ་ཚལ་གཅིག་པུ་དེ་ཡིན།
                
ཉི་འོད་ཀྱི་འདབས་སུ་བྱ་གླག་སྣ་ཚོགས་ཀྱིས་འཚང་ཁ་རྒོད་པའི་དེ་རིང་།  ཁོས་ཁ་སང་ཞོགས་པའི་སྐྱ་རེངས་དང་མཁའ་དབུགས་དྲན་ཞིང་།   ཡང་སྙིང་རང་གི་ཚེ་ཐོག་འདིར་ཉི་འོད་ལ་རྒོལ་འཛིང་བྱ་ཐུབ་བམ་སྙམ་པའི་དོགས་སྣང་ཤུགས་ཆེན་ལངས་པ་མ་ཟད།    ཆོམ་སྒྲ་ཁྱེར་བའི་ཉི་འོད་ལ་ན་ཟུག་ཀྱང་སྔར་བས་སྐྱེས་པས།    མི་ཚེའི་བྱེ་ཐང་དང་འཚོ་བའི་སྔོ་ལྗང་གི་ཏིང་ངེ་འཛིན་གྱི་ལྷུམས་སུ་ཞུགས་ནས།   ད་ནི་དཔྱད་ཀའི་ལོ་མ་བྲིས་པའི་པར་དེབ་དེར་ཡོངས་སུ་ལྟ་མཚམས་བཞག  


[1] “སྨོན་ལམ་ལ་ཁ”ནི་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭའི་དབྱར་ཁའི་ལྗོངས་རྒྱུ་བྱ་ས་སྟེ།  འཇིགས་མེད་ཕུན་ཚོགས་འབྱུང་གནས་བཞུགས་པའི་ཡུན་ལ།  དབྱར་ཁར་ཉིན་བཅུ་གཉིས་ཙམ་ལ་མི་ཁྲི་ལྷག་མཉམ་དུ་འདུས་ནས་རྩེད་རིགས་སྣ་ཚོགས་རྩེ་བཞིན་ཡོད།

0 comments:

ཟིན་བྲིས་འཚོལ་ཡུལ