དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 12 June 2013
࿐འདྲ་མཉམ་བདུན་གྱི་བཀའ་སློབ་བདུད་རྩི་མ།
ཕྱི་ལོ་༢༠༡༣ ༦ ༡༡ལ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་ཁམས་རྟའུ་ཉིན་མཚོ་དགོན་ལ་བྱོན་ནས་འཇང་དགུན་ཆོས་ཐོག་ལ་ཕེབས་པའི་ས་དགེ་བཀའ་རྙི...ང་ཇོ་བོན་བཅས་གྲུབ་མཐའ་ཆེན་པོ་དྲུག་གི་བླ་གྲྭ་མཁན་སྤྲུལ་༣༠༠ལྷག་ཙམ་དང་ཁྱིམ་པ་གྲངས་མང་ཞིག་ལ་དུས་ཚོད་༢པའི་ཐོག་ཏུ་གནང་བའི་བཀའ་སློབ།
འོ་ལགས་སོ།། ཐུགས་རྗེ་ཆེ། དེ་རིང་འདི་ན་དགེ་ལུགས་པ་གཙོ་བོ་བྱས་ཏེ་ས་དགེ་བཀའ་རྙིང་ཇོ་བོན་དང་བཅས་པའི་དགོན་པ་༧༤ ཙམ་འཛོམས་ཡོད་ས་རེད། འདི་ལྟ་བུའི་གྲུབ་མཐའ་ཐམས་ཅད་ཀྱི་དགེ་འདུན་པ་རྣམས་ལྷན་དུ་འཛོམས་ཏེ་ཕན་ཚུན་འབྲེལ་འདྲིས་མཛད་པ་ཧ་ཅང་ཡག་པོ་རེད། ངས་ཀྱང་དེ་རིང་དུས་རབས་༢༡པའི་ཆོས་པའི་ཁ་ཕྱོགས་ངེས་དགོས་རྒྱུ་དེའི་སྐོར་ནས་ཅུང་ཟད་བཤད་རྒྱུ་ཡིན། དེ་གང་རེད་ཅེ་ན་དེང་སང་དུས་རབས་ཀྱང་དུས་རབས་ཉེར་གཅིག་པ་ཡིན་པ་བཞིན་དུ་ང་ཚོ་རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་དུས་རབས་྄ཉེར་གཅིག་པའི་རྗེས་སུ་ཆོད་དགོས། དེས་ན་དུས་ཚོད་ཆེན་པོ་མི་འདུག་བས་ཁོ་བོས་ས་བཅད་ཙམ་དུ་བཞག་སྟེ་བཤད་པ་ཡིན་ན།
༡༽ ༼ལྟ་སྤྱོད་འདྲ་མཉམ་༽དགོས་པ་རེད། ང་ཚོ་ནང་པ་སངས་རྒྱས་པའི་ལྟ་བ་དེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་རེད། ལྟ་བའི་ཐོག་ནས་སྔོན་ཐོན་རེད་ཟེར་ན་ཆོག་གི ལྟ་བ་དེ་ལ་ནོར་འཁྲུལ་མེད་པ་ང་རང་ལ་ཡིད་ཆེས་ཡོད། ཡིན་ན་ཡང་བྱ་སྤྱོད་ཀྱི་ཐོག་ནས་ཅུང་ཟད་འགྲོ་སྟངས་ཡག་པོ་མ་ཆགས་པ་འདི་དག་བསྒྱུར་བཅོས་གཏུགས་ཏེ་བྱ་བ་སྤྱོད་པ་འདི་དག་གི་རྒྱུན་ཤེས་ལྡན་པ་ཞིག་ཆགས་དགོས་པ་རེད།
༢༽ ༼གྲུབ་མཐའ་འདྲ་མཉམ་༽ཡོད་དགོས་པ་རེད། གྲུབ་མཐའ་འདྲ་མཉམ་ཡོད་ན་སྔོན་གྱི་ལོ་རྒྱུས་ལྟ་བུ་ཉམས་རྒུད་དེ་འདྲ་བ་ཞིག་བྱུང་བ་མ་རེད། གྲུབ་མཐའ་ལ་ཆགས་སྡང་མེད་པ་ཙམ་མ་ཡིན་པར་གྲུབ་མཐའ་རྣམས་ངའི་ཕྱོགས་དང་ཁྱེད་ཀྱི་ཕྱོགས་ཞེས་ཉེ་རིང་མེད་པ་ཞིག་ཡོད་དགོས་པ་རེད། དེའང་གྲུབ་མཐའི་གསུང་རབ་རྣམས་ཕན་ཚུན་ཚང་མས་སྦྱོང་བརྩོན་བྱེད་པ་ལས་བྱུང་ཡོང་བ་རེད། ང་རང་ཡིན་ན་་རྒྱ་བོད་ཀྱི་ས་ཆ་རྣམས་སུ་ཆོས་ཀྱི་གོ་བ་སྤྲད་དུས་ཐེངས་རེར་དགེ་ལུགས་ཀྱི་ཡིག་ཆ་ལམ་གཙོ་རྣམ་གསུམ་སོགས་གྲུབ་མཐའ་ཕྱོགས་སུ་མ་ཕྱེ་བར་ས་དགེ་བཀའ་རྙིང་གི་ཡིག་ཆའི་ཐོག་ནས་ཆོས་འབྲེལ་བཤད་ཀྱི་ཡོད། གཞན་གྱི་མདུན་ནས་ཡིག་ཆའི་ལུང་ཡང་མང་པོ་ཞུ་གི་ཡོད།
༣༽ ༼ཕོ་མོ་འདྲ་མཉམ་༽གྱི་ཕྱོགས་ནས་བཤད་ན་ང་ཚོ་བོད་ལ་རྒྱལ་ཁབ་གཞན་དག་གིས་ཕོ་མོ་གཉིས་ལ་ཁྱད་པར་ཕྱེས་ཏེ་རྡུང་སྡིག་དང་བཙན་གནོན་བྱས་པ་བཞིན་ཡོད་མ་རེད། ཡིན་ཡང་ཕོ་མོ་རྣམས་རིག་གནས་སྦྱོང་ས་ལ་ཁྱད་པར་མེད་པ་ཡོད་དགོས་པ་དང་། ལྷག་པར་སྐབས་འདིའི་བཤད་བྱ་ཇོ་མོ་དང་གྲྭ་པ་རྣམས་ལ་ཁྱད་མ་ཕྱེ་བར་གྲྭ་པ་རྣམས་པ་སློབ་སྦྱོང་བྱེད་སའི་ཆ་ཚད་ཅི་ཙམ་ཡོད་ན་ཇོ་མོ་དེ་དག་ལ་དེ་ལྟར་ཁོར་ཡུག་གཅིག་བསྐྲུན་དགོས་རེད། དེ་ལྟར་མ་བྱེད་ན་དེང་སང་དགོན་སྡེ་རེ་རེ་ལ་ཇོ་མོ་མང་པོ་ཡོད་པ་དེ་དག་ལ་རིག་གནས་གང་ཡང་མེད་ན་བོད་ཀྱི་མི་མང་པོ་ཞིག་ལ་རིག་གནས་མེད་པ་ཞིག་ཏུ་ཆགས་འགྲོ་བ་རེད།
༤༽ ༼ཉམས་ལེན་དང་ཐོས་བསམ་འདྲ་མཉམ་༽དགོས་པ་རེད།
༼རྩོད་དམིགས་ཀྱི་སློབ་གསོ་༽ལྟ་བུའི་ང་ཚོ་རབ་ཏུ་བྱུང་བ་ཞིག་ཡིན་ན་རྩོད་གཅིག་པུ་ལས་གཞན་མང་ཚོགས་ཀྱི་བདེ་སྡུག་དང་ཆོས་ཉམས་ལེན་དང་འདོད་ཆུང་ཆོག་ཤེས་དེང་གི་རིག་གནས་དག་ལ་སློབ་སྦྱོང་བྱེད་རྒྱུ་ཆེས་ཤིན་ཏུ་གལ་ཆེ་བ་རེད། དུས་རབས་འདིའི་རྗེས་ཆོད་དགོས་ན་རྩོད་པ་རྐྱང་པ་ཡིས་གཏན་ནས་རྗེས་ཆོད་པ་མ་རེད། རྩོད་པ་འདི་གལ་ཆེན་པོ་རེད། ཨེ་དགོས་ཟེར་ན་དགོས་ཀྱང་འདི་ཁོ་ན་ལ་མགོ་འཁོར་བ་ཡིན་ན་རང་གཞན་གྱི་བྱ་བ་རྒྱ་ཆེན་པོ་འགྲུབ་ཀྱི་མ་རེད། དེས་ན་ང་ཚོ་རབ་བྱུང་པ་རྣམས་ཀྱིས་ཉམས་ལེན་དང་ཐོས་བསམ་འདྲ་མཉམ་བྱེད་དགོས་པ་རེད།
༥༽ ༼ཚེ་སྲོག་ལ་འདྲ་མཉམ་༽དགོས་པ་རེད། འགའ་རེས་མི་ཡི་ཚེ་སྲོག་སྐྱོབ་པ་ལས་གཞན་གྱི་ཚེ་སྲོག་སྐྱོབ་དགོས་པ་མ་རེད་ཟེར་བ་རེད། དེ་འདྲའི་ལྟ་བ་དེ་ནང་པ་སངས་རྒྱས་པའི་ལྟ་བ་སེམས་ཅན་རྣམས་ཉེ་རིང་ཆགས་སྡང་མེད་པའི་བྱམས་དང་སྙིང་རྗེའི་ལྟ་བ་འགལ་བ་རེད། དེས་ན་ཚེ་སྲོག་ལ་འདྲ་མཉམ་དགོས་པ་རེད།
༦༽ ༼རིག་གནས་སྦྱོང་བ་འདྲ་མཉམ་༽དགོས་པ་རེད། ང་ཚོ་རབ་བྱུང་པས་གཞུང་བཀའ་པོད་ལྔ་སྦྱོང་དགོས་པ་སྨོས་མེད་རེད། དེའི་སྟེང་དུ་སྤྱི་ཚོགས་ཀྱི་གནས་བབས་དང་ཚན་རིག་འདི་དག་སྦྱོང་དགོས་པ་རེད། རང་བྱུང་འཁོར་ཡུག་གི་ཚན་རིག་སོགས་ཉེ་བར་མཁོ་བའི་ཚན་རིག་འདི་དག་སྦྱོང་དགོས་པ་རེད།
༧༽ ༼སློབ་གསོ་འདྲ་མཉམ་༽དགོས་པ་རེད། མང་ཚོགས་དང་རབ་བྱུང་གཉིས་ཀ་ལ་སློབ་གསོ་བཏང་ནས་ཡང་དག་པའི་ལམ་དུ་འཇོག་དགོས་པ་རེད། དེང་སང་མིག་གིས་མཐོང་ས་ནས་ཕན་པ་ཞིག་མ་སྒྲུབ་ན་ངས་ཁྱེད་ཅག་ལ་བསྔོ་བ་འདོན་གྱི་ཡོད། སྨོན་ལམ་རྒྱག་གི་ཡོད་ཅེས་བཤད་པ་ཙམ་གྱིས་མང་ཚོགས་ལ་ཡིད་ཆེས་སྐྱེ་ཐུབ་ཀྱི་མ་རེད། དེས་ན་མིག་མཐོང་ལག་ཟིན་གྱི་མང་ཚོགས་ལ་ཕན་པ་སྒྲུབ་དགོས་པ་རེད།ཅེས་གསུངས་སོ།།
སློབ་མ་སྨྱུག་གིས་ཟིན་བྲིས་ཕབ།
ཕབ་ནོར་སོང་ན་དགོངས་དག་ཞུ།
བརྒྱུད་སྐུར་བྱེད་པར་ཐུགས་རྗེ་ཆེ།
ཐད་ཀར་འགོད་པས་ཡིག་ནོར་སྲིད།

0 comments:

ཟིན་བྲིས་འཚོལ་ཡུལ