དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 6 July 2013

༧རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།     

ཨེ་མ་ཧོ།
ཨེ་ཝྃ་རིག་པའི་རྟེན་འབྱུང་རྒྱལ་བའི་ལམ།།
ཇི་བཞིན་མངོན་གཟིགས་འགྲོ་ལ་སྟོན་མཁས་པ།།
འཛམ་གླིང་ཞི་བདེའི་འདྲེན་པ་རྒྱལ་བའི་སྲས།།
བསྟན་འཛིན་རྒྱ་མཚོའི་བཞེད་དོན་ལྷུན་གྲུབ་ཤོག །
གང་གི་ཐུགས་བསྐྱེད་སྨོན་ལམ་རྣམ་དག་གིས།།
གངས་ཅན་འགྲོ་ཁམས་གཟིགས་པར་ཞལ་བཞེས་བཞིན།།
དག་དང་མ་དག་འཁྱམས་པའི་འགྲོ་འདི་དག །
རྣམ་མཁྱེན་བྱང་ཆུབ་ལམ་ལ་འགོད་པར་མཛོད།།
མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་དང་།།
རྒྱལ་དང་སྲས་བཅས་བདེན་པའི་བྱིན་རླབས་ཀྱིས།།
རྟེན་འབྲེལ་བདེན་པའི་རང་གཟུགས་བསྟན་སྲིད་ཀྱི།།
ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་གྱུར་ཅིག །
ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི།།
བསྟན་དང་བསྟན་འཛིན་བླ་མའི་ཐུགས་རྗེ་ཡིས།།
བཀའ་གཏེར་མན་ངག་གདམས་པའི་སྨིན་གྲོལ་ལམ།།
ཇི་བཞིན་འཛིན་སྐྱོང་སྤེལ་བའི་དེད་དཔོན་རྒྱལ།།
སྐུ་ཚེ་མི་འགྱུར་བསྐལ་བརྒྱར་རྟག་བརྟན་བཞུགས།།
གསུང་དབྱངས་མི་འགགས་དམ་ཆོས་འཁོར་ལོ་བསྐོར།།
ཐུགས་རྗེ་མཚུངས་མེད་ཡིད་བཞིན་ནོར་བུ་ཉིད།།
གསང་གསུམ་བསྟན་པའི་ཕྲིན་ལས་རྒྱས་གྱུར་ཅིག །
ཅེས་པ་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཚེས་བཟང་ལ་༧གོང་ས་རྒྱལ་བ་རིན་པོ་ ཆེའི་འཁྲུངས་སྐར་དུ་ཤྲྰི་སྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་ ཚོགས་ཁང་གི་རང་ཤག་གླེགས་བམ་བརྩེགས་པའི་དཀྱིལ་འཁོར་ནས་བྲིས་པ་དགེའོ།།
   

༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ།

མི་ཉག་དུང་བརྡ།
ས་ཆེན་གྱི་གྲུ་ཟུར་ཞིག་ན།
མཐོ་སྒང་གི་རྩིབ་རུས་ཤིག་་ན།
རང་དབང་གི་པད་འདབ་ཅིག་ལ་བརྫུན་ཏེ་འཁྲུངས་པའི།
ཐེའུ་གསར་ཞིག་གམ།
ཡང་ན། ཁྱེའུ་ཞིག་གི་འཁྲུངས་སྐར་བསུ་རུ་འགྲོ །
ཞོགས་ཆར་ཁྲོད་ཀྱི་དེ་རིང་གི་སའི་གོ་ལ།
སྐྱེས་ཆེན་དམ་པའི་ཞབས་པད་སྤྱི་བོར་བཏེགས་ཏེ།
ཁ་གཅིག་དང་སེམས་གཅིག་གིས།
དཔུང་གཤིབ་མཉམ་སྒྲིལ་གྱིས།
ཁྱེའུ་༸གང་གི་འཁྲུངས་སྐར་བསུ་རུ་འགྲོ །
སེམས་པ་གཙང་མ་ཞིག་གིས།
སྨོན་ལམ་སླད་མེད་ཅིག་གིས།
ཚོར་བ་སྐྱེན་པོ་ཞིག་གིས།
༸གང་གི་འཁྲུངས་སྐར་བསུ་རུ་འགྲོ །
 

གངས་རིའི་མིག་གཅིག

སོག་མདའ།
ངོ་མཚར་རྟགས་དང་བཅས་དེ་སྐུ་བལྟམས་པས།།
ཤར་ཕྱོགས་མདོ་སྨད་སྟག་འཚེར་ཁྱིམ་གཞིས་ནས།
འཛམ་གླིང་ཞི་བདེའི་དེད་དཔོན་བླ་མེད་མཆོག །
བསམ་བཞིན་ཡུལ་འདིར་འཁྲུངས་པས་སྐལ་བ་བཟང་།།
ངོ་མཚར་འཁྲུལ་བྲལ་ཁྱེའུ་མཚན་དཔེའི་སྐུ།།
ཡབ་ཡུམ་བྱམས་བརྩེས་ཕྱུག་པའི་རིགས་སྲས་ཤིག །
༸རྒྱལ་མཆོག་མི་ཡི་ཉི་མའི་ཡང་སྲིད་ལ།།
ལྷ་ལྡན་གསེར་གྱི་ཁྲི་ལ་རབ་ཏུ་འགྱིངས།།
ངོ་མཚར་གང་སྐུའི་ལང་ཚོ་ཆེས་ཕྲ་ཡང་།།
བསིལ་ལྡན་ཁ་བ་རི་བའི་བདེ་སྡུག་ཆེད།།
ཆོས་སྲིད་ཟུང་གི་ཐུགས་འགན་ཡོངས་བཞེས་ཏེ།།
ལམ་བཟང་གསེར་གྱི་འཁོར་ལོས་ཁ་ལོ་བསྒྱུར།།
ངོ་མཚར་བྱིན་རླབས་བརྩེ་བའི་འོད་སྣང་གིས།།
དགྲ་གྲོགས་ཀུན་ལ་ཕན་པའི་ཞི་བདེའི་དཔལ།།
གཉིས་ཕན་དབུ་མའི་ལམ་བཟང་རིན་ཆེན་མཆོག །
འཛམ་གླིང་ཞི་བདེ་ཡོང་བར་གླིང་འདིར་བསྐྲུན།།
ངོ་མཚར་རྣམ་དཔྱོད་རིག་པའི་ཡོ་ལང་གིས།།
ཚན་རྩལ་རིག་པའི་དཔལ་དང་ནང་པའི་ཆོས།།
སྙན་གྲགས་འཛིན་མའི་ཁྱོན་གྱི་མཁས་དབང་ལྷན།།
དོན་གྱི་བརྡར་ཤ་གཅོད་མཁན་གང་སྐུ་འཕགས།།
ངོ་མཚར་འཛམ་གླིང་ཤར་ནུབ་མ་ལུས་ཀུན།།
གང་སྐུའི་གསེར་གྱི་ཉི་མའི་འོད་སྣང་གིས།།
བླང་དོར་གནས་ལུགས་རྨོངས་པའི་སྐྱེ་འགྲོ་ཀུན།།
གསུང་གི་བདུད་རྩིས་ཚིམ་མཛད་གངས་རིའི་མིག །
ངོ་མཚར་སྤྱན་རས་གཟིགས་དབང་མི་ཡི་མགོན།།
གངས་ཅན་ཆོས་ལྡན་བོད་ཀྱི་ཞིང་ཁམས་སུ།།
གྲུ་འཛིན་ཕོ་བྲང་གསེར་གྱི་ཁྲི་འཕང་ལ།།
མི་རིང་མྱུར་ཏུ་ཕེབས་པའི་འོད་སྣང་སྩོལ།།
༢༠༡༣་༧་༥་ཉིན་རང་ཤག་ནས་བྲིས།

མཛད་བརྒྱད་ཡིད་ཀྱི་མེ་ཏོག

འབའ་པ་ཡེ་ཤེས།
༡ སྐུ་བལྟམས་པའི་མཛད་པ།
ཀ་ཁ་ག་ངའི་རིག་གཞུང་དར་ཡུལ་གངས་རིའི་བསྐོར་བའི་ཡུལ་ལྗོངས་སུ།།
ཁ་བ་རི་པའི་སྐྱེ་རྒུ་རྨོངས་ཅན་འདོད་པའི་བྲན་གཡོག་འགྲོ་བ་དང།།
ག་ན་པ་ཌའི་བསྟན་པ་ཕྱིར་ཏུ་ལྟག་མཚེར་ཡུལ་དུ་སྐུ་འཁྲུངས་པ།།
ང་ཡི་བླ་མ་འདི་ཕྱིའི་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོར་སྙིང་ནས་བཏུད།།

༢ ངུར་སྨྲིག་འཆང་བའི་མཛད་པ།
ཅ་ལག་འབྱོར་པའི་ཕུན་ཚོགས་དང་ནི་གཉེན་ཚན་སྐུ་འཁོར་རྒྱང་བསྐྱུར་ནས།།
ཆ་རྫོགས་༸སྐུ་འཕྲེང་གོང་མའི་རྣམ་ཐར་སྐྱོང་ཕྱིར་ངུར་སྨྲིག་མཚན་དཔེ་འཆང།།
ཇ་ཧོང་དམར་སེར་ཁ་དོག་མཛེས་པའི་ཕོ་བྲང་དམར་པོའི་གསེར་ཁྲིའི་སྟེང།།
ཉ་རྒྱས་ཟླ་བཞིན་མངོན་པར་མཚར་བའི་རྒྱལ་བསྟན་ཁུར་བོ་ཕྲག་ཏུ་བཞེས།།
༣ ལུགས་གཉིས་ཀྱི་མངའ་དབང་བཞེས་པའི་མཛད་པ།
ཏ་ལེར་བཞེད་པའི་བཙན་པོ་གོང་མའི་ལུགས་གཉིས་གསེར་གྱི་གཉའ་ཤིང་དེ།།
ཐ་ཕྱོགས་དགུང་ལོ་བཅུ་དྲུག་ཙམ་ལས་མ་སོན་བདག་གིར་བཞེས་པའི་དུས།།
ད་ལྟ་ནང་བཞིན་མཚན་སྙན་མེད་ཀྱང་བོད་ཁམས་བདེ་བའི་ཐབས་ཀྱིས་བསྐྱངས།།
ན་སོ་ཆུང་ཡང་ཐུགས་ཀྱི་དཀྱེལ་ཆེ་ཟབ་ཡངས་འགྲན་མེད་ཀུན་ལས་རྒྱལ།།
༤ ལྷ་རམས་པའི་མཚན་གནས་བཞེས་པའི་མཛད་པ།
པ་ལོ་བྲེགས་པའི་ཚོགས་ཀྱི་ཆེན་པོ་འབྲས་དཀར་སྤུངས་པའི་ཆོས་སྡེ་ན།།
ཕ་མཐའ་བྲལ་བའི་གཞུང་ལུགས་ཆེ་མོར་རིགས་པས་སྲང་གིས་འབྱེད་མཛད་ནས།།
བ་སོ་ཕྲེང་བ་གྲལ་ལྟར་སྒྲིག་པའི་མཁས་གྲུབ་ཚོགས་པའི་ལྷ་ལྡན་དུ།།
མ་ཕམ་གཡུ་མཚོའི་སྙན་གྲགས་བཞིན་དུ་ལྷ་རམས་དམ་སྐོར་ལེགས་བཞེས་མཛད།།
༥ ཡུལ་གྱར་དུ་ཕེབས་པའི་མཛད་པ།
ཙ་ར་ངན་པའི་ང་དགུའི་ལོ་ལ་ནག་ཕྱོགས་བདུད་ཀྱིས་མཆེ་བཙིར་ནས།།
ཚ་གྲང་དམྱལ་ཁམས་བོད་ལ་དྲངས་ཏེ་ཟུངས་ཁྲག་དམར་པོས་ས་གཞིར་བརླན།།
ཛ་དྲག་དུས་ངན་མེ་ལྕེའི་འོག་ཏུ་བདེན་པའི་རང་དབང་སླར་གསོའི་ཆེད།།
ཝ་མོ་འཁྱམས་པའི་གངས་སུལ་བརྒྱུད་ནས་འཕགས་པའི་ཡུལ་དུ་ཞབས་རིས་བཀོད།།
༦ དྲག་པོ་ལ་ཞི་བའི་གཉེན་པོ་བསྟན་པའི་མཛད་པ།
ཞ་སྒྲེའི་ལོག་ཚོགས་པེ་ཅིན་དམག་ལ་འཇིགས་པའི་སྐྲག་པ་མ་མཆིས་ཤིང།།
ཟ་ཧམ་ཆེ་བའི་གུན་ཁྲན་ཇག་ཚོགས་སྤྲུལ་དམག་གཅིག་གིས་བཅོམ་ནུས་ཀྱང།།
འ་ཆད་འུ་ཐུག་འཚེ་བ་དོར་སྟེ་ཀུན་ཕན་བྱམས་བརྩེའི་འོད་དཀར་གྱིས།།
ཡ་མཚན་ཆེ་བའི་ཞི་བའི་ལམ་བཟང་སྔོན་མེད་དཔེ་ཞིག་སྲིད་འདིར་འཇོག །
༧ ཞི་བདེའི་གཟེངས་རྟགས་བཞེས་པའི་མཛད་པ།
ར་བ་གངས་རིའི་གཅེས་སྲོག་ཕྲ་མོ་དུས་ཀྱི་མཐའ་ལ་གཏུགས་ན་ཡང།།
ལ་ལུང་ཆོད་པའི་ཕྱི་གླིང་ཡུལ་ནས་ཞི་བའི་དོན་ཚན་དབྱར་རྔ་བསྒྲགས།།
ཤ་རུས་མི་གཅིག་འཛམ་གླིང་ཁྱོན་ནས་སྙན་པའི་གྲགས་པ་འབར་བ་ན།།
ས་སྟེང་འདི་ཡི་གཙུག་ན་མཛེས་པའི་ཞི་བདེའི་གཟེངས་རྟགས་མགུལ་བར་བརྒྱན།།
༨ འཇིག་རྟེན་ཀུན་ཁྱབ་ཀྱི་མཛད་པ།
ཧ་ཅང་མཁོ་བའི་ཀུན་ཕན་བྱམས་བརྩེ་འཛམ་གླིང་ཡོངས་ལ་དར་ཁྱབ་མཛད།།
ཧ་ཅང་བཟང་བའི་གྲོས་མོལ་ལམ་ནས་འཇིག་རྟེན་བདེ་བའི་ཐབས་མཛད་པ།།
ཨ་ལགས་ཆེན་པོ་༸སྐྱབས་མགོན་མེད་ན་འཛམ་གླིང་ཞི་བདེ་སུ་ཡིས་སྐྱོབས།།
ཨ་འཐས་ཆེ་བའི་༸སྐྱབས་མགོན་མེད་ན་ཆོལ་གསུམ་བོད་མི་སུ་ལ་རེ།།
༢༠༡༣། ༧། ༦ ཉིན།

སྟོན་པ་རྙེད་པའི་བསྒྲགས་གཏམ།

འབའ་པ་སྐལ་བཟང་འཕྲིན་ལས།
___བདག་གི་བླ་མ་བདག་ཉིད་ཆེན་པོ་༧གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་འཁྲུངས་སྐར་བསུ་བ།
ཚན་པ་དང་པོ། ཞི་བདེའི་སྟོན་པ།
ཁྲག་སྦྱོར་འཕྲལ་ཕུགས་བརྒྱུད་ལམ་སྤྱད་ནས་གནད་དོན་མཐའ་གཅོད་བྱས་པ་ཡི།།
ཉེར་གཅིག་དུས་ཀྱི་ངེས་མེད་འཕར་མཆོང་མིག་མདས་དེད་ནས་མཐར་གཏུགས་དུས།།
སྣོད་བཅུད་གཉིས་ཀ་ཀླད་ཀོར་གྱུར་བའི་མིག་དཔེ་སྟོང་གི་མཇུག་ཐོགས་སུ།།
ཞི་བདེའི་ལས་ཀྱིས་གོ་ལ་བསྐོར་བའི་ཐབས་ཚུལ་ཞིག་གིས་དཔེ་བརྗོད་བཞག།

གང་དུ་སྲོག་ལྡན་གཟིགས་པར་གྱུར་ན་དེའི་ཚེ་མ་རུ་འདུ་ཤེས་ནས།།
ཡོད་ཚད་རང་གི་བྲང་ཁར་གཏད་པའི་གཞུང་ལུགས་ཟབ་མོའི་མཇུག་བྱང་དུ།།
ཁྱེད་དང་ང་ཞེས་རིས་བཅད་ཞི་བའི་རྗོད་ཚིག་འབུར་མ་བཀོད་པ་ཡིས།།
གོ་ལའི་ཐོག་ཏུ་ཞི་བདེའི་རིགས་པར་ལག་ལེན་བྱེད་པའི་སྲོལ་ཀ་ཚུགས།།
འཁོར་འབངས་ལག་འོག་ཚུད་པའི་སླད་དུ་འགྲན་རྩོད་དམར་པོའི་འུར་ཟིང་བསླངས།།
རྐང་སྟེགས་ཁོར་ཡུག་རྒྱ་རུ་བསྐྱེད་སླད་གྲལ་རིམ་འབྱེད་པའི་འཁྲུག་ཆེན་བསླངས།།
བསླངས་བ་གཉིས་ཀྱི་རྐྱེན་རྩ་དེད་དུས་རང་ལ་གཅེས་པ་ཤས་ཆེ་བའི།།
གནས་ལུགས་ཤིག་གི་ངོ་གདོང་མཐོང་ནས་གཞན་གཅེས་ཁྲིམས་ཀྱི་བསྒྲགས་གཏམ་སྤེལ།།
རང་འདྲ་གཞན་ལ་བདེ་བ་དགོས་པའི་གཏན་ཚིགས་ཟབ་མོའི་སྒུལ་ཤུགས་ཀྱིས།།
མི་དང་མི་མིན་ཚེ་སྲོག་ཚང་མ་འདྲ་མཉམ་ཡིན་པའི་བློ་རེ་འཁྲུངས།།
ཉམས་བཞེས་འདི་ཉིད་རྒྱབ་ཏུ་བསྣམས་ནས་ཤར་ནུབ་ཡུལ་དུ་བཙན་འཛུལ་བྱས།།
བཙན་འཛུལ་ཐེབས་སའི་ཡུལ་གྲུ་ཀུན་ཏུ་རང་གཞན་རིས་བཅད་སྣང་བ་ནུབ།།
ཆོས་ལུགས་ཕན་ཚུན་མཆོག་དམན་བརྩད་དེ་སྣོད་བཅུད་ཕུང་ལ་དེད་པའི་དུས།།
ཆོས་ལུགས་ཡོངས་ཀྱི་མཐའ་མའི་བབ་ས་བདེ་བ་སྒྲུབ་པ་ཉིད་ཡིན་པའི།།
གནས་ལུགས་ལྡན་པའི་གླེང་ཕྱོགས་དེ་ཉིད་གོ་ལའི་ངོས་སུ་བཏབ་པས་ན།།
དོན་མེད་རྩོད་པའི་མེ་ཕུང་ཞི་ནས་འཛའ་བརྩེའི་ལག་མདངས་དམ་དུ་སྒྲིལ།།
ཕ་བསད་མར་རྡུང་ཤ་སྐྱིན་ཡོད་པའི་དགྲ་བོ་ཚོགས་ཀྱི་བྲང་གཞུང་དུ།།
མདའ་དང་མདེའུ་ཆར་པ་ཕབ་ཀྱང་འདས་པ་གསོན་པའི་སྐལ་མེད་པས།།
དགྲར་སྡང་སྦྱོར་བས་རང་ཉིད་ཕུང་པའི་གནས་ལུགས་དམར་རྗེན་མཐོང་བ་ཡིས།།
དཔའ་བའི་ནུས་སྟོབས་ཞི་བར་བཀོད་པའི་དཔེ་བརྗོད་སྨུག་པོ་གོ་ལར་བསྒྲགས།།
ཁེ་དབང་རྩོད་པའི་མཐའ་མའི་བབ་ས་ཁེ་དབང་ཐོབ་པ་ཉིད་ཡིན་པས།།
ཁེ་དབང་ལག་ཏུ་སོན་པར་འགྱུར་ན་ཅི་ཡང་རུང་བའི་ཐབས་ཚུལ་གྱིས།།
ལོ་རྒྱུས་རིང་པོས་བདག་དབང་སྦྱིན་པའི་ཁེ་དབང་ཡོད་ཚད་བློས་བཏང་ནས།།
ངོས་ཆེན་གཉིས་ཀར་ངོ་ཐོག་ཕན་པའི་དབུ་མའི་ལམ་བཟང་སྲོལ་དུ་བཏོན།
ཁྱུ་གཅིག་གོ་འཕང་གནམ་ལ་བཏེགས་ཏེ་ཁྱུ་གཞན་གཉའ་བ་གདན་བསྟིམས་པའི།།
འཁྱོག་པོའི་གཞུང་ལུགས་རྒྱབ་ཤ་གཏོར་ནས་ནང་མཚང་རྫོབ་ཏོ་ཕྱི་རུ་བཏོན།།
ཚེ་སྲོག་ཐམས་ཅད་འདྲ་མཉམ་ཡིན་པའི་སེམས་ཀྱི་ལྟ་ཕྱོགས་ལག་ལེན་ཏེ།
གནམ་འོག་ཚེ་སྲོག་འདྲ་མཉམ་སླད་དུ་གསེར་མདོག་ཞབས་རྗེན་སྤོ་བཞིན་བསྐྱོད།།
ཆེན་པོས་ཆུང་ངུ་བརྫི་བར་བརྩམས་ན་འདྲ་མཉམ་རྨང་ནས་གཏོར་བ་དང་།།
སྡིགས་ར་ཁོ་ནས་མགོ་བོར་གནོན་ནས་དོན་གྱི་འཆམ་མཐུན་གཏོར་བས་ན།།
མགོ་བོ་གནམ་བསྟན་སྲོག་ལྡན་ཅོག་ལ་དོ་མཉམ་གོ་འཕང་རྩལ་འགྱུར་ན།།
དོན་གྱི་འཆམ་མཐུན་དཔེ་བརྗོད་འོས་པའི་རེ་འདུན་མང་པོ་གནམ་སར་བསྒྲགས།།
ཚན་པ་གཉིས་པ། རྟེན་འབྲེལ་གྱི་སྟོན་པ།།
པཎ་ཆེན་ཀླུ་སྒྲུབ་རིགས་པས་དྲངས་པའི་ཤཱཀྱའི་རྒྱལ་པོའི་སྙིང་ནོར་མཆོག།
སྟོང་དང་རྟེན་འབྲེལ་རིགས་པའི་ཚུལ་དེས་དེང་རབས་རིག་པའི་ཁོག་དྲུད་ནས།།
ཕྲ་རགས་གནས་ལུགས་ར་སྤྲོད་གཏོང་བའི་སྔོན་མེད་རྣམ་གཞག་བཏོད་པས་ན།།
ངུར་སྨྲིག་ཅན་གྱི་ཚན་རིག་པ་ཡི་དཔེ་བརྗོད་དང་པོ་ཁྱེད་ཉིད་གྱུར།།
རྡུལ་ཕྲན་འདབ་སྦྱར་བརྟག་ཐབས་ལམ་ནས་རྣམ་གཞག་གཏན་འབེབས་བྱེད་པ་ཡིས།།
དོགས་དང་རྣམ་རྟོག་ཆེས་ཆེར་གྱུར་ནས་གནས་ལུགས་ལ་རྒྱབ་ལུས་པ་ན།།
རྒྱང་ཤེལ་འཕྲུལ་ཆར་ནུས་ཤུགས་མེད་པའི་རང་མཚང་སྐྱུར་མོར་མྱོང་མཁན་ཚོས།།
ཁྱེད་ཀྱི་ཞབས་འོག་མགོ་བོ་བཞག་ནས་སྟོང་དང་རྟེན་འབྲེལ་བྱིན་རླབས་ཞུས།།
ཤེལ་དང་རྩིས་ཀྱི་རིག་པ་སྲབ་མོས་ཤེས་བྱའི་མཐའ་གཅོད་བྱས་པའི་མཐར།།
གྲུབ་པའི་མཐའ་ལས་གཏན་དུ་བརྒལ་བའི་གནས་ལུགས་དུ་མ་ཐོན་པ་ན།།
མངོན་པའི་ང་རྒྱལ་ཆུ་ལ་སྐྱུར་བའི་མགོ་སེར་རྡུལ་སྦྱོར་མཁན་པོ་ཚོས།།
ཁྱེད་ཀྱིས་བསྟན་པའི་རིགས་འཕྲུལ་སྤྱད་པས་ད་གཟོད་གནས་ལུགས་བློ་ལ་བབས།།
རྩིས་དང་རྡུལ་གྱི་གྲངས་ཀ་གཤེར་ནས་གནས་ལུགས་འཚོལ་བའི་འུར་སྒྲོག་ཀྱང་།།
མཐའ་དང་ཐོག་མའི་རྟེན་གཞི་གཟུང་ས་གང་ཞིག་བརྟེན་ནས་ཡིན་པས་ན།།
གནས་ལུགས་འབེབས་པའི་རིགས་པ་དེ་དག་ཕུ་དེད་བྱས་པའི་ལས་བརྩམས་ན།།
རྟེན་ཅིང་འབྲེལ་བའི་རིགས་པ་ཡིན་པར་ཁྱེད་ཀྱིས་དཔེ་བརྗོད་མང་པོ་འཇོག།
འབར་གད་གཅིག་གིས་གོ་ལ་གཏོར་བའི་རྫས་སྦྱོར་མཁན་པོའི་བསམ་བློ་རུ།།
རང་རྐང་རྟེན་སའི་གོ་ལ་གད་ན་རང་ཉིད་གད་པར་འགྱུར་བ་ཡི།།
རྟེན་ཅིང་འབྲེལ་བའི་དཔང་རྟགས་མང་པོས་གནས་ལུགས་དུ་མ་ར་སྤྲོད་པས།།
རང་གཞན་རྟེན་ཅིང་འབྲེལ་ཚུལ་ཤེས་པས་ད་གཟོད་གད་གཏོར་བསམ་བློ་ཞར།།
རང་གི་བདེ་དགའི་སྤྲོ་བ་མ་ལུས་གཞན་ལ་རྟེན་ནས་བྱུང་བ་ཡི།།
དཔེ་བརྗོད་སྟོང་ཕྲག་རིགས་པའི་ལམ་ནས་ཡང་ནས་ཡང་དུ་བསྟན་པ་ཡིས།།
ལུས་སྟོབས་སེམས་ལ་སྤོ་པར་ནུས་པའི་རྗེས་འཛིན་གྲངས་མེད་སྐྱེས་བསྲིངས་ཏེ།།
རྟེན་འབྲེལ་ལམ་ནས་འཚེ་བ་མེད་པའི་ཀུན་སྤྱོད་རྣམ་གཞག་ཁྱབ་སྤེལ་བཏང་།
རིགས་གསར་དར་ཆེན་ལག་ཏུ་འཕྱར་བཞིན་སྲོལ་ལུགས་རྐང་པས་བརྗིས་པ་ཡི།།
གསར་བྱུང་མཁན་པོས་འདབ་སྦྱར་རྡུལ་རིགས་ཁོག་དང་ཁ་ནས་དྲུད་ཀྱང་རུང་།།
གྲུབ་པའི་མཐའ་ཡི་ཕྱི་རུ་གྱར་བའི་སྔ་ཕྱིའི་སྐྱེ་བའི་རྣམ་གཞག་སོགས།།
རྟེན་འབྲེལ་རིགས་པར་བསྟེན་པ་མེད་ན་གཏན་འབེབ་བྱས་པའི་གོ་སྐབས་དབེན།།
སྔོ་ལྗང་ཅན་གྱི་ཁོར་ཡུག་བཀོད་པ་བྱེ་མའི་ཐང་གི་གཡང་སར་གྱུར།།
གནམ་གཤིས་འགྱུར་བའི་ཚད་གཞི་མྱུར་མོས་སྣོད་བཅུད་ཉིས་ཀ་ཚ་བར་སྦྱོར།
རབ་བྱུང་འཇིག་པའི་རྐྱེན་རྩ་དེད་ན་རང་སེམས་འདོད་རྔམ་ཐུག་པ་ཡི།།
གནས་ལུགས་དེའི་སྐེད་རྩ་གཅོད་ཆེད་རྟེན་འབྲེལ་རིགས་པས་བརྡ་ཞིག་གནང་།།
དབུལ་ཕྱུག་ཧེ་བག་ཁྱད་པར་གྱུར་ནས་སྡུག་བསྔལ་ཐོག་ཏུ་བབས་པ་དང་།།
ཆེས་ཆུང་མགོ་བོར་གནོན་པའི་འཐབ་འཁྲུག་འཇིག་རྟེན་ཟང་ཟིང་བཟོ་པ་སོགས།།
མི་འདོད་སྡུག་བསྔལ་ཐོག་ཏུ་བབ་པའི་ངལ་བ་དྲག་པོའི་ཁ་གཏད་དུ།།
རྟེན་ཅིང་འབྲེལ་བའི་རིགས་པ་དེ་ཡིས་ཕྱོགས་ཁག་གཉིས་ཀར་བཟོད་ཚུལ་བསྟན།།
སྔོན་བྱོན་མཁས་པས་གནམ་ངོ་ཁེགས་ཀྱང་ཆོས་སྒྲ་དགོན་པ་ཁོ་ནར་གནང་།།
དེང་གི་ཁྱེད་ཀྱིས་དམ་ཆོས་སྙིང་པོ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དྲངས།།
སྟོང་དང་རྟེན་འབྱུང་རིགས་ཚུལ་རྣོན་པོས་འཕྲལ་ཡུན་སྡུག་བསྔལ་གཏོར་བ་ཡི།།
སྲོལ་ལུགས་དེ་ཡི་མགོ་ཁུངས་དེད་ན་ཤིང་རྟའི་སྲོལ་དེ་ཁྱེད་ལ་ཐུག།
ཕྱག་སྐོར་དད་པའི་རྣམ་འགྱུར་ཙམ་གྱིས་ཆོས་ཀྱི་གོ་ས་འཛིན་སྙམ་པའི།།
ལོག་རྟོག་ངན་པའི་སྐྱུར་ཁ་གཏོར་ནས་དོན་དམ་ཆོས་ཀྱི་ཐ་སྙད་དེ།།
ཤེས་ཡོན་རང་ཞིན་གནས་ལུགས་ལྡན་པའི་དཔང་དང་རྟགས་ཀྱིས་སྒྲུབ་ཟིན་ཏེ།།
ཤེས་ཡོན་ཉམས་པར་མ་གྱུར་བར་དུ་ནང་བསྟན་གནས་པའི་རྨང་གཞི་བསྟིངས།།
སྔོན་བྱོན་མཁས་པས་རྟེན་འབྲེལ་སྤྱད་དེ་ཕྱི་ལུགས་རྒོལ་བ་ཚར་བཅད་ཀྱང་།།
དེང་གི་ཁྱེད་ཀྱིས་རྟེན་འབྲེལ་རིགས་པས་རིག་གསར་མཁན་པོ་ཚུར་ལ་འདུས།།
འདྲིས་ཤིང་འགྲོགས་པའི་ཉེ་གཉེན་ལམ་ནས་རིགས་པས་ཡང་ཡང་འཐག་པ་ཡིས།།
ཚུར་འདུས་བྱས་པའི་གྲུབ་འབྲས་འདི་ཡིས་ཚར་གཅོད་ལས་དེ་ཨང་མཐར་བཀོད།
ཤཀྱཱ་ཐུབ་པའི་རྟེན་འབྲེལ་མཚོ་རུ་པཎ་ཆེན་ཀླུ་ཡིས་པད་མ་འཛུགས།།
ཟླ་བ་གྲགས་པས་གེ་སར་བསྐྱངས་ནས་བློ་བཟང་གྲགས་པས་སྦྲང་རྩི་བསྒྲུབས།།
བསྟན་འཛིན་རྒྱ་མཚོས་སྦྲང་རྩི་ཁྱེར་ནས་ཤར་ནུབ་ཡུལ་དུ་བཙན་འཛུལ་བྱས།།
སྦྲང་རྩི་མྱངས་པའི་སྐྱེ་བོ་མཐའ་དག་ཞི་བའི་སྤྱོད་པས་སྒོ་གསུམ་བསྡམས།།
སྔོན་བྱོན་མཁས་པས་ཚར་གཅོད་གཙིགས་ནས་རྒོལ་བ་སྟོང་ཕྲག་ཕ་མཐར་བསྐྲད།།
ཡོད་ཚད་མཐའ་རུ་བསྐྲད་པ་དེ་ཡིས་རྟེན་འབྲེལ་སྲུང་བའི་བུ་རྒྱུད་དཀོན།།
ཁྱེད་ཀྱིས་ཚུར་འདུས་གཙིགས་སུ་བཟུང་ནས་འདྲིས་འགྲོགས་ཉེ་བའི་བརྒྱུད་ལམ་ནས།།
རྟེན་འབྲེལ་རིགས་པས་ཡོད་ཚད་འདུས་ནས་སྲུང་དམག་སྟོང་གི་སྟོབས་ཤུགས་རྙེད།།
རྟེན་ཅིང་འབྲེལ་བས་སྟོན་པ་གླེང་བའི་གླེགས་བམ་རྔམ་ཁ་ཆེས་མཐུག་ཀྱང་།།
བྱང་སེམས་སྤྱོད་པས་སྟོན་པ་གླེང་བའི་དོན་དམ་ངག་རིག་ད་ཕན་མེད།།
དེའི་ཕྱིར་ཐབས་ཤེས་ཟུང་འབྲེལ་ལམ་ནས་སྟོན་པ་བླ་མ་གླེང་ཚུལ་དེ།།
ཕྱིན་ཆད་བླ་མ་འཚོལ་སྟངས་ཤིག་གི་འགོ་ཁུངས་སྟོན་པའི་དུང་བརྡ་ཡིན།།
ཐབས་ཤེས་ཡ་བྲལ་བརྒྱུད་ལམ་སྤྱད་ནས་བླ་མ་རྙེད་མཁན་ཡོད་སྲིད་ཀྱང་།།
ཐབས་ཤེས་ཟུང་གི་བརྟག་ཐབས་ལམ་ནས་བླ་མ་བཞེངས་མཁན་སྨྱུ་གུ་མེད།།
དེའི་ཕྱིར་ཐབས་ཤེས་ཕྲུགས་ཀྱི་ལམ་ནས་བླ་མ་ཉམས་སུ་མྱོང་བྱས་ཏེ།།
གོ་ལའི་ཐོག་ཏུ་བསྒྲགས་གཏམ་སྤེལ་དེས་སྤྱན་ཅན་ཚོ་ལ་ལེགས་སྐྱེས་འབུལ།

སྟོང་བའི་རྐང་མར། ( ཞར་བཀོད་གཅིག )


བོན་རྒྱ་བསྟན་འཛིན་རབ་རྒྱས།
གཉེན་གྲོགས་སྐྱོབ་ལ་ལྷག་པར་མ་ཆགས་བརྩེ་བ་ཆེན་པོའི་སྟོང་བ་ཉིད། །
ཡིད་འོང་འཛུམ་གྱི་དར་ཆ་མ་འཕྱར་ཡིད་འོང་བྱམས་པའི་ཕྱག་རྒྱ་ཆེ། །
སྣང་ཞིང་སྟོང་བའི་དེ་ཉིད་གཟིགས་པ་རྫོགས་པ་ཆེན་པོའི་རྐང་གི་མར། །
གནས་ལུགས་རྗེན་མའི་ཟླ་བ་དཀར་པོར་བསིལ་བའི་གྲུ་ཆར་ཇི་ཡང་འཇོ། །

འཕུར་མ་ལངས་ཀྱི་དུག་སྦྲང་ལས་ཀྱང་བརྩེ་ཆེན་མ་ལོའི་བཞིན་མཇལ་བ། །
སྐྱི་པགས་ཟད་པའི་ཁྱི་སྡོམ་ཚོགས་ལ་དྲིན་གཟོའི་དཀའ་ཆེན་ཁུར་བཟོད་པ། །
སྤྲང་ཞིང་མུག་པའི་མ་སྨད་ངོས་རུ་ཡིད་འོང་མཛེས་པའི་རོ་མྱོང་བ། །
འགྲོ་ལ་ཆགས་པས་ར་རོར་གྱུར་ཁྱེད་བསམ་བཞིན་འཁོར་བའི་བཙན་རྫོང་ཉུལ། །

སྡུག་ཀུན་བདེན་པའི་གདུང་བ་མཐའ་དག་རྩ་ནས་ཆད་པ་འོད་ཀྱི་སྐུ། །
ཕྱི་རོལ་གཟུང་བ་ལྷུན་པོའི་སྤོ་ཡང་འཛིན་པའི་སྣང་བ་ཀུན་ཞིག་པ། །
ཤེས་ཉོན་རྩ་བ་དྲུངས་ནས་འབྱིན་པ་རྣམ་འབྱེད་རིག་པའི་མི་བོ་ཆེ། །
ཐེག་གསུམ་རིག་པའི་རྩལ་གྱིས་དཔའ་བ་ཤེས་རབ་ཆེན་པོའི་བཞིན་དཔལ་རྒྱས། །

སྐྱེ་དང་རྒ་དང་ན་བ་དང་བཅས་འདི་སྣང་ཆོས་ཀྱི་རོལ་རྩེད་ཀུན། །
ཕར་བཏགས་རྟོག་པའི་སྣང་ཆ་ཙམ་ལས་རྡུལ་ཕྲན་ཙམ་ཡང་ཡོད་མིན་པ། །
རྗེན་པར་གཟིགས་ཤིང་མཐོན་པོར་སྒྲོགས་པ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་བཞིན། །
ཐུབ་པའི་ལུགས་བཟང་སྲིད་མཐར་སྤེལ་ལ་ཚོར་མེད་ཤིང་དང་ཟམ་པར་སྤྲུལ། །

ཚུར་རོལ་མཐོང་བའི་གནས་མལ་དུ་ཡང་སྟོང་བའི་དགའ་མར་འཐམ་ཞིང་འཁྱུད། །
སྡང་བའི་དགྲ་ཡང་རང་ཤ་སྟེར་བར་དགའ་བའི་ཅ་ཅོ་ངང་གིས་འཆོར། །
བརྩེ་ཆེན་དབང་གྱུར་ལུས་སྲོག་བསྔོ་ལ་རབ་ཏུ་དགའ་བའི་སར་གཤེགས་པ། །
དགོས་འདོད་ཀུན་གྱི་ནོར་བུ་ཐོབ་ཡང་འཆང་བའི་སྤར་རྩ་ཀུནས་ནས་ལྷོད། །

སྐྱ་ལོ་སེང་ལྕམ་གཅེར་བུར་ཕེབས་ཀྱང་སྒྱུ་མའི་འཇུག་པ་བྲལ་བ་སྟེ།།
དགའ་སྐྱོའི་རླབས་ཀྱི་མཚོ་ཆེན་གཤགས་ལ་གསེར་མིག་ཉ་མོའི་རྩལ་རྒྱས་པ། །
སྟོན་ལྗོངས་མཁའ་ན་འོད་ཀྱིས་རྒྱུ་བའི་ཆ་རྫོགས་ཉ་གང་ཟླ་བ་བཞིན། །
ཚུལ་མིན་དྲི་མ་ཡོངས་སུ་དག་པ་ཤེས་རབ་ཤེལ་གྱི་འོད་དུ་གྱུར། །

ཡན་ལག་ཉིང་ལག་རབ་ཏུ་བཅད་དེ་སྲིན་པོའི་སྲང་ལ་གཞལ་གྱུར་ཀྱང་། །
བརྩེ་བའི་འདུན་པ་འཁྲུག་པར་མི་འགྱུར་དཔལ་གྱི་རི་རྒྱལ་ལྷུན་པོ་བཞིན། །
ཤེས་བྱའི་བུད་ཤིང་ཀུན་ནས་བསྲེགས་པ་ལྷན་སྐྱེས་རྟོགས་པའི་མེ་ཆེན་སྟེ། །
རང་སེམས་སྒྲིབ་མེད་འོད་དུ་བྱས་ཤིང་གཞན་གཏོགས་མུན་པའི་གདོང་ལ་འབར། །

ཚོགས་གཉིས་དཔལ་གྱི་ལང་ཚོ་འབར་བ་ཟབ་ཡངས་མཐའ་བྲལ་ཆུ་བོ་སྟེ། །
དགེ་བའི་ལོ་ཏོག་རྒྱས་བར་གྲོལ་ལ་འབབ་རྒྱུན་རིང་ཡང་ངལ་དུབ་བྲལ། །
བརྩོན་པའི་མེ་ལྕེ་གྱེན་དུ་མཆེད་པ་བསྐལ་བ་སྣུབ་པའི་མེ་དཔུང་བཞིན། །
བདེ་གཤེགས་ལམ་ཆེན་འོད་དུ་བྱེད་ལ་ཁྱེད་ཀྱི་ཚ་ཟེར་ཅི་ཡང་འགྱེད། །

བདག་ཉིད་ཆེ་བའི་གྲགས་པ་འབར་བ་བདུད་རྣམས་ཀྱིས་ཀྱང་གཞོམ་བྲལ་བ། །
ཞི་ལྷག་གཤོག་ཟུང་ཤེད་ཀྱིས་བརྡར་ཏེ་སྦྱངས་དཀའི་ས་ལ་མངོན་པར་གཤེགས། །
གཉུག་མའི་གཤིས་ལ་ལྷག་པར་མཁས་པའི་བློ་གྲོས་རྩལ་གྱི་མཐར་ཕྱིན་ཏེ། །
བསམ་བྱུང་སྒོམ་པ་རྒྱུད་དུ་སྨིན་ཞིང་འོད་གསལ་དབྱིངས་ལ་ནུབ་པར་གྱུར། །

ཡེ་ཤེས་ཆེན་འོད་ཀྱི་མེ་ཆེན་འབར་ལ་མངོན་དུ་ཕྱོགས་ཤིང་དབང་ཐོབ་པ། །
མ་དག་དྲི་མ་ཀུན་ནས་འཁྲུ་ལ་སྦྱོར་བའི་གཉེན་པོ་ཀུན་བསྟེན་པ། །
ཤེས་རབ་དཔལ་གྱི་ལང་ཚོ་དར་ལ་ཚོགས་ཀྱི་ཕ་རོལ་ཕྱིན་པ་སྟེ། །
རྒྱ་ཆེན་སྤྱོད་པའི་ལམ་གྱི་གྲུ་བོ་ཟབ་མོའི་ཤེས་རབ་འོད་དཀར་ཅན།

ཤེས་རབ་རྩལ་གྱི་དཔལ་ལ་དབང་བ་སྐད་ཅིག་འགོག་པ་བརྒྱར་འཇུག་ཅིང་། །
སྦྱིན་སོགས་སྤྱོད་པའི་ཉམས་ལེན་རེ་ལ་ཕྱིན་དྲུག་བསྡུ་བའི་ཐབས་ཆེན་པོ། །
མ་དག་ས་བདུན་རྡོག་པས་བཅད་པ་ས་ཆེན་གཤེགས་པའི་རིགས་ཀྱི་བུ། །
མངལ་སྦུབ་དྲི་མས་གོས་པར་མི་འགྱུར་འཕགས་ཆེན་ས་ལས་རིང་དུ་སོང་། །

སྡུག་ཀུན་རོ་ཡི་ཕུང་བོ་མ་ལྷག་ཞི་བའི་དབྱིངས་ན་བཟི་བ་སྟེ། །
བསྐལ་བའི་བར་དུ་ར་རོར་གྱུར་བའི་ཉན་རང་ཚོགས་ལས་རྒྱལ་བ་སྟེ། །
རྫོགས་དང་སྨིན་དང་སྦྱངས་པའི་སྨོན་ལམ་ཡོངས་སུ་གྲུབ་ཅིང་འགྲུབ་པ་ཡིས། །
སྔར་ལྷག་དགེ་བའི་འདོད་པ་འཇོ་ལ་གཡོ་མེད་ས་གསུམ་བླ་མ་གྱུར། །

སྔོན་དང་ད་ལྟའི་ཆོས་ཀུན་མཁྱེན་པ་བརྗེད་མེད་གཟུངས་ཀི་དངོས་གྲུབ་བརྙེས། །
ཡེ་དག་རིག་པ་ཡོངས་སུ་སྦྱངས་ཤིང་ཉེས་ཀུན་ཀུན་ནས་སྤྱོད་པ་མེད། །
ཡིད་ལ་རེ་བ་ཡོངས་སུ་རྫོགས་ཤིང་ཆོས་ཀུན་རྣམ་པར་དབྱེ་ལ་མཁས། །
བསམ་སྦྱོར་དགེ་བའི་སྟོབས་ཆེན་རྒྱས་པ་གཡོ་མེད་ཏིང་འཛིན་ཟས་ལ་རོལ། །

ཕྱོགས་བཅུར་འོད་ཟེར་སྟོང་དུ་འགྱེད་དེ་རྫོགས་སངས་རྒྱས་པའི་དབང་བསྐུར་ཞིང་། །
ཟད་མེད་དགེ་བའི་ལོ་ཏོག་སྤེལ་ལ་ཆར་སྤྲིན་མཐུག་པོའི་རྗེས་འགྲོ་སྟེ། །
གྲངས་མེད་གནས་ཀྱི་འགྲོ་བ་འདུལ་ལ་ལུས་བརྒྱ་སྟོང་དུ་སྤྲུལ་འགྱུར་ཞིང་། །
ལྷུན་གྲུབ་ཆོས་ཀྱི་སྦྲང་ཆར་འཇོ་ལ་ཟབ་རྒྱས་དབང་གི་ཆུ་ཁུར་འཛིན། །

དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ཆོས་ཚུལ་ཀུན་གྱི་བཅུད་བསྡུས་པ། །
དཔལ་ལྡན་ཟླ་བའི་འོད་དཀར་ཟེགས་མས་བརླན་པར་བྱས་པ་ཟབ་མོའི་གནས།
སྟོང་བ་ཆེན་པོའི་རྐང་མར་འདི་ཀོ་ལན་ཙམ་དྲན་དང་བརྗོད་པས་ཀྱང་། །
བསྐལ་བར་བསགས་པའི་སྡིགས་ཆེན་འདག་ལ་བདག་ནི་དཔའ་དང་སྤོབས་པས་ཁེངས། །

རྒྱུ་འབྲས་མན་ངག་བདུན་དང་ཐེག་གསུམ་ལྟ་བའི་ དམིགས་སྒོམ་གྱི་རིམ་པ། དཔལ་ལྡན་ཟླ་བའི་བཞེད་ཚུལ་དང་མཐུན་པར་ས་བཅུའི་ཉམས་ལེན་གྱི་ཤེར་རྟོགས་ཀྱི་ རིམ་པ་རྣམས་དཔལ་ལྡན་བླ་མ་རིན་པོ་ཆེའི་རྣམ་པར་ཐར་བ་དང་སྦྱར་ཏེ་བྱས་པའི་འབེལ་ རྩོམ་འདི་ནི་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ལ།
_______________________________________________
འབེལ་རྩོམ་དུག་གི་མདུད་པ།
 སྡུག་ལྕེ་ཐུར་དུ་བསྣར་བ་ཁྲི་འབུམ་གྱིས། །
གུད་དང་གཡས་ནས་སྐྱོར་དང་བསྐོར་བཞིན་དུ། །
ཞེ་སའི་འབོལ་གདན་སྟོང་གི་ཡང་སྟེང་ནས། །
ཁྱེད་ཀྱིས་དགུང་གྲངས་དོན་བརྒྱད་ལྟག་ལ་བཞག །

མི་དང་གཡག་དང་གློ་དང་མཆིན་པ་བཅས། །
ཕྱག་གིས་ཕྱིལ་ཞིང་བྱམས་ཀྱིས་བསྐྱངས་ན་ཡང་། །
དུག་མཆེ་རྣོན་པོ་ལན་དུ་གཟོ་བ་ལ། །
འཇིགས་པ་མེད་པ་འདི་དག་ཀྱེ་མ་ཧུད། །

གཡོག་མོའི་བུ་ལ་སྡེ་དོན་མི་མཛའ་བའི། །
གནའ་མིའི་ལེགས་བཤད་གསེར་གྱི་ཐམ་ག་ཅན། །
མངོན་ཞིང་མཐོང་ཞིང་ལྷང་དུ་བུད་པ་ལ། །
ཡེ་དག་རིག་པའི་ཀློང་དུ་ཐུགས་དམ་བསྐང། །

ཉི་མའི་འོད་ཀྱི་གཟི་དཔལ་རྒྱས་པ་ལ། །
སྤར་ཡོལ་བྱེད་པ་འདི་ཀུན་སྙིང་རེ་རྗེ། །
ལྕེ་བརྒྱ་སྟོང་གིས་སྒྲུབ་ཀྱང་མི་འགྲུབ་པའི། །
ཁྱེད་ཀྱི་མཛད་རྗེས་སྐར་ཚོགས་ལས་ཀྱང་ལྷག །

ཤ་ཁྲག་ཚ་བོའི་སྒྱུ་ལས་གཡར་བོ་འདི། །
འཁྱག་པར་མ་གྱུར་དུབ་པར་མ་གྱུར་སྔོན། །
ཨེ་མ་ཁྱེད་དང་མཇལ་བ་སྐལ་བ་བཟང། །
བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་གྱུར་ཅིག །
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ ཉིན་དགའ་བའི་ཉིན་མོ་སྤྱི་ཚེས་༦ ལ་དམིགས་ནས་བྲིས།

གསོལ་འདེབས་རྟ་ཐོག་མ།


དགེ་འདུན་རྒྱ་མཚོ།
སོར་བཅུའི་འདབ་མ་སྙིང་ཀར་བསྣོལ་ཏེ་གང་ལ་དམིགས་པའི་ལྷའི་དཀྱིལ་འཁོར།།
ཁྱབ་བདག་དང་པོའི་མགོན་པོ་མཆོག་ཉིད་མི་ཡི་གར་དུ་བསྒྱུར་བའི་སྲོལ།།
སེམས་འཛིན་སྲོག་གི་ཐིག་ལེ་ལ་ཞུགས་གདེངས་ཀའི་སྦུབས་རྒྱ་ཀུན་བྲལ་ཏེ།།
ལོག་ལྟའི་མགོ་བོ་ས་ལ་བསྙིལ་དེས་མི་ཕྱེད་དད་པས་ལན་བརྒྱར་འདུད།།

ཆོས་དང་སྲིད་ཀྱི་དྲོད་ཁ་དེ་ནས་ཁྱེད་ལ་དད་པའི་སྤུ་ལོང་གཡོས།།
སངས་རྒྱས་དངོས་ཀྱི་འདུ་ཤེས་དེ་ཡིས་ཁྱེད་ནི་རྩ་བའི་བླ་མར་གྱུར།།
ཆགས་སྡང་རྨོངས་པའི་འཁོར་ལོ་ལ་གནས་བདག་གི་མི་ཚེ་རྫོགས་ལ་ཉེ།།
འདི་ཕྱི་བར་དོ་གང་དུ་གནས་ཀྱང་ཁྱོད་ལས་སྐྱབས་གཞན་བདག་ལ་མེད།།
ཐུབ་པའི་བསྟན་པ་རླུང་གིས་བདས་དུས་ཁྱེད་ནི་སྟོན་པ་གཉིས་པ་ཞིག །
མི་ཡི་ཚེ་སྲོག་གྲི་ཁར་འཕྱོ་དུས་ཁྱེད་ནི་ཞི་བདེ་དེད་དཔོན་མཆོག །
མི་རིགས་རིག་གཞུང་རྨང་ནས་གསོ་བའི་སྔོན་མེད་ཤིང་རྟ་ཆེན་པོ་སྟེ།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་སྙིང་ཁུང་རུས་པའི་གཏིང་ནས་ཕུལ།།

རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་མདོར་བསྡུས།


ཆབ་མདོ་ངག་དབང་ཕུན་ཚོགས།
—–སྐུའི་འཁྲུངས་སྐཪ་དུས་ཆེན་ལ་ཕུལ།
སྔོན་གླེང༌།
ཕྱི་ལོ་༡༩༥༩ བོད་ས་ཡོངས་རྫོཌ་དགྲ་ལག་ཏུ་ཤོར་ཏེ་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་བྱུང་ མྱོང་མེད་པའི་ཁྲག་དང་མིག་ཆུའི་འཚོ་བ་རོལ་དགོས་པའི་གནས་སྟངས་སུ་གྱུར་ནའང་། ྋརྒྱལ་བ་རིན་པོ་ཆེས་གཙོས་པའི་སྐུ་འཁོར་ཧྲག་བསྡུས་ཤིག་ངལ་བ་བརྒྱ་ཕྲག་དང་དུ་ བཞེས་ཏེ་བོད་མི་རིཌ་དང་སངས་རྒྱས་བསྟན་པའི་དོན་དུ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ འཕཌ་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང༌། མི་ཡུལ་ལུང་པར་ས་ཆ་ལག་མཐིལ་ཙམ་ཞིག་མེད་ནའང་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་ བཀའ་དྲིན་ལ་བརྟེན་ནས་འཆར་གཞི་གོ་རིམ་ལྡན་པའི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ མ་ལག་དང་བཅས་པ་གསར་འཛུཌ་གནང་ཞིང༌། བོད་ཕྲུག་ན་གཞོན་ཕོ་མོ་རྣམས་ལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ སོགས་མི་ཉམས་གོང་སྤེལ་ཆེད་དུ་སློབ་གྲྭ་ཟུར་འཛུཌ་གནང་བ་དང༌། དེ་བཞིན་དུ་གནའ་དེང་ཡ་མ་བྲལ་བའི་འདབ་གཤོག་གཉིས་ལྡན་གྱིས་མི་རབས་གསར་པའི་ན་ གཞོན་ཕོ་མོ་རྣམས་ལ་སློབ་སྦྱོང་སྤྲད་པའི་ཁོངས་ནས་དེང་སྐབས་བཙན་བྱོལ་བོད་ གཞུང་གི་སྲི་ཞུ་ལས་བྱེད་ཁོངས་ཀྱི་བརྒྱ་ཆ་དགུ་བཅུ་ལྷག་ཙམ་སློབ་གྲྭ་དེ་དག་ནས་ སློབ་ཐོན་པ་ཤག་སྟག་ཡིན། དེ་བཞིན་རང་བཙན་ཡོད་པའི་རྒྱལ་ཁབ་ལས་ལྷག་ཙམ་ཞིག་བཙན་བྱོལ་བོད་གཞུང་གི་ན་ གཞོན་རྣམས་ལ་ཤེས་ཡོན་གྱི་མཐུན་རྐྱེན་མང་བ་སྦྱར་ཐུབ་པ་བྱུང་ཡོད་པས། དེ་ནི་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་ཁོ་ན་ལས་བྱུང་བ་ཞིག་ཀྱང་ཡིན།
ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རྣམས་མཐུན་ལམ་དམ་ཚིག་རྡོག་རྩ་ཆིལ་སྒྲིལ་ དང༌། དེ་དག་མི་ཉམས་གོང་འཕེལ། ཆོས་བརྒྱུད་སོ་སོའི་བཞེད་རྒྱུན་རྣམས་རྒྱ་བལ་འབྲུག་གསུམ་དུ་རིས་མེད་དགོན་ སྡེ་བརྒྱ་ལྷག་ཙམ་ཞིག་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་གནང་ཞིང༌། དེ་དག་ནང་དུ་དགེ་འདུན་པའི་བསླབ་པ་སློབ་གཉེར་གྱིས་བཤད་སྒྲུབ་གཉིས་ཀྱི་བསྟན་ པ་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་བྱུང་ཡོད། བོད་མི་རྣམས་རྒྱ་གར་གྱི་མི་འབོར་དཀྱིལ་ལ་འདྲེས་ལྷད་མི་འབྱུང་བའི་ཆེད་དུ་ བོད་མིའི་གཞིས་ཆགས་ཁག་གཙང་ཟུར་འཛུཌ་གནང་སྟེ་བོད་མི་རིགས་ཀྱི་ཆོས་དང་རིག་ གཞུང་དང༌། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་ཐུབ་པར་ཕན་ཐོགས་རླབས་པོ་ཆེ་ བྱུང་ཡོད་ལ། དེ་བཞིན་དུ་བོད་གཞུང་གི་ཆབ་སྲིད་སྐྱོང་སྟངས་ལམ་ལུཌ་སྔ་སྲོལ་ལྟར་མ་ཡིན་པར་ དེང་དུས་ཡང་དག་པའི་དམངས་གཙོའི་ལམ་བཟང་ཐོག་ཏུ་བསྐྱོད་ནས་ལས་དོན་བྱེད་བཞིན་ ཡོད། “ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད།” ཅེས་པའི་གཏམ་དཔེ་ལྟར་དེང་དུས་ཀྱི་ཆབ་སྲིད་ཀྱི་འགྲོ་ལུཌ་ལྟར་ལས་དོན་བྱེད་ བཞིན་ཡོད་པས་ཕྱི་ནང་གི་མི་རིཌ་མང་པོས་བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ ཕྱོཌ་ཐད་ལ་ཡིད་སྨོན་སྐྱེ་བཞིན་ཡོད།
དེ་བཞིན་དུ་ྋརྒྱལ་བ་རིན་པོ་ཆེ་འཛམ་གླིང་གི་ས་ཕྱོཌ་གང་སར་ཞབས་ཀྱིས་བཅགས་སྟེ་ ནང་ཆོས་ལ་དད་མོས་ཡོད་མཁན་ཀུན་གྱི་བློ་ཡིད་ཚིམ་པའི་ཆོས་ཀྱི་བདུད་རྩི་སྦྱིན་ མཛད་ཀྱིས་སྐྱེ་བོ་འབུམ་ཕྲག་མང་པོའི་སེམས་ལ་ཞི་བདེའི་སྣང་བ་གསར་པ་རེ་སྦྱིན་ ཏེ་ཕན་ཐོགས་རླབས་ཆེན་འབྱུང་བཞིན་ཡོད་པ་དང༌། མ་ཟད་འཛམ་གླིང་གི་གལ་ཆེའི་མི་སྣ་མཇལ་འཕྲད་སྐབས་སུ་བོད་དོན་གཅིག་པུ་མ་ཡིན་ པའི་འཛམ་གླིང་གི་སྐྱེ་འགྲོ་ཀུན་གྱི་བདེ་དོན་ཆེད་དུ་ཐུཌ་འཁུར་བླ་ན་མེད་པ་ བཞེས་ཀྱི་ཡོད་པའི་དབང་གིས་འཛམ་གླིང་གི་གནོད་ཡོད་མི་སྣ་ཁག་གིས་ྋརྒྱལ་བ་རིན་ པོ་ཆེའི་ཐུགས་དགོངས་ཟབ་མོ་བླ་ན་མེད་པ་དེ་དག་ལ་དབང་མེད་དུ་ཡིད་དབང་འཕྲོག་ སྟེ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་ཡོད་པ་དང༌། ལྷག་པར་འཛམ་གླིང་ཁོར་ཡུག་གིས་མཚོན་པའི་ཞི་བདེའི་གནས་ཐབས་ལ་དོ་འཁུར་བྱེད་ དགོས་ལུགས་ཀྱི་ལམ་སྟོན་བཀའ་སློབ་དེ་དག་དོན་དངོས་ཅན་གྱི་གནས་སྟངས་ཞིག་ཡིན་པ་ གནད་ཡོད་མི་སྣ་ཚོར་སེམས་ཚོར་ཟབ་མོ་སྐྱེ་བའི་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། ལྷག་པར་ཆོས་ལུཌ་ཕན་ཚུན་མཐུན་འབྲེལ་གྱིས་འཛམ་གླིང་ཞི་བདེ་ཞིག་ཏུ་བསྐྲུན་ཐུབ་ པས་ཆོས་ལུགས་ཀྱི་བླ་ཆེན་རྣམ་པས་དེར་ཐུཌ་འཁུར་བཞེས་དགོས་པའི་བཀའ་སློབ་དེ་དག་ ལ་མི་མང་ཀུན་གྱིས་དགའ་མོས་ཀྱིས་བསྔགས་བརྗོད་མེ་ཏོག་འཐོར་ཏེ་འཛམ་གླིང་གི་ཞི་ བདེའི་དེད་དཔོན་ཆེན་པོ་ཞིག་ཏུ་གྱུར་པ་རེད། ྋརྒྱལ་བའི་མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱས་ནས་འཛམ་གླིང་ནང་ཆེས་སྐད་གྲགས་ཆེ་ བའི་ནོ་བྷེལ་ཞི་བདེའི་གཟེངས་རྟཌ་མཚོན་པའི་གྲགས་ཅན་གཟེངས་རྟཌ་བརྒྱ་ཕྲག་ལྷག་ ཙམ་ཞིག་འབུལ་བཞེས་མཛད་ཡོད།
ཕྱི་ལོ་༡༩༥༤ ལོ་ནས་ད་བར་དུས་འཁོར་དབང་ཆེན་གནང་ཐེངས་སུམ་ཅུ་སོ་གྲངས་ལྷག་ཙམ་ཞིག་གནང་ཡོད་ པ་དང༌། མདོར་བསྡུས་ནས་ཞུས་ན། དེང་སྐབས་བོད་མི་རིཌ་ཞེས་པ་འཛམ་གླིང་གི་སྟེང་དུ་གནས་ཐུབ་པ་དང༌། མཚན་སྙན་གྱི་གྲགས་པ་ཕྱོགས་ཀུན་ཁྱབ་པ་བྱུང་བ་འདི་ནི་ྋརྒྱལ་བ་རིན་པོ་ཆེའི་ ཐུགས་རྗེའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ལས་བོད་མི་གཞན་སུ་ཞིག་ལས་བྱུང་བ་ ཞིག་མིན་པར་བརྟེན་ནས་བོད་རིགས་རྒན་དར་གཞོན་གསུམ་ཀུན་གྱིས་ྋརྒྱལ་བ་རིན་པོ་ ཆེའི་རིན་ཐང་བྲལ་བའི་བླང་དོར་བཀའ་སློབ་དེ་དག་སྙིང་དབུས་སུ་བཅངས་ཏེ་ལས་དོན་ བྱེད་དགོས། དེར་བརྟེན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་ མཆོག་དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་ཅན་ འདིར་གུས་པའི་མི་ཕྱེད་པའི་གུས་ཕྱག་དང་བཅས། ད་རེས་ལས་ཞོར་ལ་ྋརྒྱལ་བ་རིན་པོ་ཆེའི་བོད་མི་རིགས་དོན་དུ་སྐུ་ངལ་ཇི་ཙམ་ སྐྱོན་གནང་མཛད་པ་རྣམས་དང༌། དེ་བཞིན་ཞི་བདེའི་གཟེངས་རྟགས་དང་འབྲེལ་བའི་འཛམ་གླིང་གི་གནད་ཡོད་མི་སྣ་ཁག་ ཅིག་གི་གསུང་བཤད་དང་ལོ་རྒྱུས་ཁག་ལ་གཞི་རྩར་བཟུང་སྟེ་བྲིས་པ་ཤིག་ཀྱང་ཡིན་ན། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགོངས་འཇཌ་འཚལ།
ཤིས་བརྗོད།
ྋརྒྱལ་ཀུན་སྙིང་རྗེ་རང་གཟུགས་སྤྱན་རས་གཟིགས།།
འགྲོ་ཀུན་ཞི་བདེའི་ཆེད་དུ་ཉིན་མཚན་བརྩོན།།
ཁྱེད་ནི་འགྲོ་བ་ཀུན་གྱིས་སྐྱབས་གཅིག་པུ།།
ྋརྒྱལ་བསྟན་བདག་པོ་ཁྱེད་ལ་གུས་ཕྱག་འཚལ།།
གངས་ལྗོངས་བོད་འབངས་ཡོངས་ཀྱི་སྲོག་ཤིང་དང༌།།
འགྲོ་ཀུན་ཞི་བདེའི་དེད་དཔོན་ཆེན་པོ་ཉིད།།
ཐུགས་རྗེའི་མཛད་འཕྲིན་འགྲོ་ཀུན་མུན་པ་སེལ།།
སྐྱབས་མགོན་བླ་མ་ཁྱེད་ལ་བདག་གིས་བསྟོད།།
ྋརྒྱལ་བ་མཆོག་ལ་མཚན་སྨད་ཇི་བྱས་ཀྱང༌།།
འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་དུ་མ་ཡིས།།
ཞི་བདེའི་དེད་དཔོན་ཞེས་བྱའི་ཆེ་བསྟོད་སོགས།།
མཛད་པ་འཕྲིན་ལས་ཡར་ངོ་ཟླ་བཞིན་རྒྱས།།
ཞེས་རྟེན་འབྲེལ་གྱི་སྨོན་ཚིག་གིས་སྔུན་བསུས་ཏེ་མགོན་པོ་མཆོག་གི་བོད་མི་ རིགས་ལ་བཀའ་དྲིན་རྗེས་དྲན་རྒྱ་མཚོའི་ནང་ནས་ཆུ་ཐིགས་ཙམ་ཞིག་འབྲི་བར་སྤྲོ་བ་ བརྟས། བོད་ཁ་བ་ཅན་གྱི་རྒྱལ་ཁབ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་ྋརྒྱལ་བ་ སྲས་དང་བཅས་པས་ལན་གཅིག་མ་ཡིན་པར་བསྔགས་པར་མཛད་པ་ལྟར། གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འགྲོ་བ་འདྲེན་པའི་བླ་མ། སངས་རྒྱས་བསྟན་པའི་སྲོག་ཤིང༌། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ མཚན་ལྟས་བཟང་པོ་དུ་མ་དང་བཅས་ཏེ་མདོ་སྨད་རྟའི་ཆོལ་ཁ་སྟག་འཚེར་ཞེས་པའི་ཡུལ་ གྲུ་ནང་དུ་ཡབ་ཆེན་ཆོས་སྐྱོང་ཚེ་རིང་དང༌། ཡུམ་ཆེན་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༣༧ ཟླ་༧ ཚེས་༦ ཉིན་སྐུ་བལྟམས། མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། ལྷ་བླ་ཁག་གི་མོ་ལུང་རྩེ་མཐུན་བྱུང་དོན་ལྟར་དབུས་ཕྱོགས་ཆོས་ཀྱི་ཞིང་ཁམས་སུ་ ཕྱི་ལོ་ ༡༩༣༩ ལོའི་ཟླ་ ༧ ཚེས་ཉིན་ཙོང་ཁའི་ཡུལ་དང་ཁ་བྲལ་ཏེ་བོད་དབུས་ཕྱོགས་སུ་གདན་འདྲེན་ཞུས།
ཕྱི་ལོ་༡༩༣༩ ལོར་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཀྱཱ་མུ་ནེའི་སྐུ་མདུན་དུ་བོད་ ཀྱི་རྒྱལ་ཚབ་རྭ་སྒྲེང་ཆེན་པོ་ཆེ་ལས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་ སྒྱུར་མཚུངས་པ་མེད་པའི་སྡེ་ཞེས་མཚན་སྙན་བཟང་པོ་གསོལ། དེ་ནས་ཕྱི་ལོ་༡༩༣༩ ལོར་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་སློང་གི་བསླབ་སྡོམ་ བཞེས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་དུ་མའི་དྲུང་ནས་བོད་ཀྱི་ཐུན་མོང་དང་ཐུན་ མོང་མ་ཡིན་པའི་རིག་གནས་ཆེ་ཆུང་ཁག་ལ་གསན་སྦྱོང་མཛད་དེ་མཁས་པ་ཆེན་པོར་གྱུར།
ཕྱི་ལོ་༡༩༤༠ ལོར་བོད་ཟླ་༡ ཚེས་༡༤ ཉིན་བོད་ཀྱི་གནའ་མི་ཚོས་བཞེངས་སྐྲུན་གནང་ཞིང་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱད་ ནོར་ཕུན་སུམ་ཚོགས་པའི་ཕོ་བྲང་པོ་ཏཱ་ལའི་མི་འཇིགས་གདོང་ལྔ་འབར་བའི་གསེར་ཁྲི་ ཆེན་པའི་སྟེང་དུ་མངལ་གསོལ་མཛད། ཕྱི་ལོ་༡༩༥༤ ལོར་བོད་མི་རིགས་དང༌། སྒོས་སུ་སངས་རྒྱས་བསྟན་པའི་དོན་དུ་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ཏེ་ལེ་བར་ཁྲི་ ཕྲག་བརྒལ་ཏེ་རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་པ་དེ་ནི་ྋརྒྱལ་བ་རིན་པོ་ཆེ་ཕྱི་ རྒྱལ་ལ་ཕེབས་ཐེངས་དང་པོ་དེ་ཡིན་པར་གྲགས།
དེ་ནས་ཕྱི་ལོ་༡༩༥༦ ལོར་རྒྱ་གར་བྱང་ཆུབ་ཆོས་ཚོགས་ཀྱི་ཚོགས་མགོན་དུ་འབྲས་ལྗོངས་རྒྱལ་སྲས་བླ་མ་ མགོན་པོ་དོན་གྲུབ་ཀྱིས་གདན་ཞུ་དམིགས་བསལ་ལྷ་སར་ཕེབས་དོན་ལྟར་ྋརྒྱལ་བ་རིན་ པོ་ཆེ་མཆོག་སྟོན་པ་སྐུ་མྱ་ངན་འདས་ནས་ལོ་ ༢༥༠༠ འཁོར་བའི་རྗེས་དྲན་གྱི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བཀའ་ དྲིན་བསྐྱངས་གནང་མཛད། དེ་ཡང་ཕྱི་ལོ་༡༩༤༩ ལོའི་ཟླ་༡༠ ཚེས་༡༥ ཉིན་ཀྲུང་ཧ་མི་དམངས་སྤྱི་འཐུས་རྒྱལ་ཁབ་གསར་དུ་བཙུགས་པ་དང་འབྲེལ་བོད་ལ་དྲག་ པོའི་བཙན་འཛུལ་བྱེད་རྒྱུའི་འཆར་གཞི་ལྟར་དངོས་སུ་ཕྱི་ལོ་༡༩༤༩ ལོར་བོད་ཀྱི་ས་མཚམས་ཁག་ནས་དྲག་པོའི་བཙན་འཛུལ་སྐབས་སུ་བོད་ཀྱི་དང་དམག་ཁག་ གཅིག་གིས་བཀའ་འགོག་བྱེད་ཐབས་ཞུམ་མེད་བྱས་ཀྱང་མང་སྣེ་ཉུང་གིས་མ་བསྟེན་པས་ མཐར་བོད་ས་ཡོངས་རྫོགས་དྲག་པོའི་བཙན་བཟུང་བྱས། སྐབས་དེར་ྋརྒྱལ་བ་རིན་པོ་ཆེ་ལོ་དགུང་ལོ་བཅུ་དྲུག་ལས་ཕེབས་མེད་པ་དང༌། རང་རྣམ་ལས། “ཕྲན་ལོ་ན་ཆུང་སྐབས་ང་ཚོའི་གཞུང་ནང་མི་མཐུན་པའི་གནས་ཚུལ་བྱུང་ཞིང༌། ཆབ་སྲིད་ཀྱི་གནས་སྟངས་ཀྱང་ཉམས་རྒུད་གྱུར་ཏེ་མི་ཕལ་ཆེ་བས་འགན་དབང་ནས་གཡོལ་ ཐབས་བྱེད་པའི་དུས་ཤིག་ཏུ་སླེབས་ཡོད་”ཅེས་དང༌།
ཡང༌། “ཕྲན་ལོ་ན་ཆུང་ངུ་ཡིན་ཀྱང་ཆུང་ངུའི་དུས་སྐབས་དེར་རྒྱབ་བསྐྱུར་ཐོག །རང་ངོས་ནས་གང་ཐུབ་ཀྱིས་རང་གིས་ལུང་པའི་མགོ་ཁྲིད་ཐོག །ནུས་ཤུགས་ཅན་གྱི་རྒྱ་དམར་ལ་ཁ་ཡ་བྱེད་པའི་འགན་འཁུར་བློ་གཡེངས་དང་བཅས་ལེན་ དགོས་བྱུང་”གསུངས་པ་དེ་ལས་ཀྱང་སྐབས་དེ་བོད་ཀྱི་གནས་སྟངས་ཕྱི་ནང་གཉིས་ནས་གང་ འདྲ་ཞིག་གི་འོག་ནས་འགན་དབང་བཞེས་དགོས་བྱུང་བ་གོང་གི་བརྗོད་ཚིག་དེ་དག་ལས་ རོབ་ཙམ་ཞིག་ཤེས་ཐུབ། སྤྱིར་བཏང་ལོ་བཅུ་དྲུག་གི་དུས་སྐབས་ནི་སློབ་སྦྱོང་བྱེད་པའི་དུས་སྐབས་ཤིག་ ལས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་བའི་དུས་ཚོད་ཅིག་ལ་གཏན་ནས་སླེབས་མེད་ཀྱང་། བོད་ཀྱི་ཆབ་སྲིད་མི་རབས་མང་པོ་ཞིག་གི་རིང་ལ་འཐུས་ཤོར་ཕྱིན་ནས་གཙབས་ཧྲུལ་དུ་ འགྱུར་ལ་ཉེ་བའི་ཆབ་སྲིད་ཀྱི་འགན་དབང་དེ་དག་དགུང་ལོ་བཅུ་དྲུག་ལ་ཕེབས་པའི་ གཞོན་ནུ་ཞིག་གི་ལག་ཏུ་རྩིས་སྤྲད་པ་རེད། དགུང་ལོ་བཅུ་དྲུག་ལས་ཕེབས་མེད་ཀྱང་བོད་ཀྱི་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་དེ་ འདྲ་གནས་སྟངས་ཤིག་གི་འོག་ནས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་དགོས་བྱུང་ནའང་ ཐུགས་ཞུམ་པ་ཆ་ཕྲ་མོ་ཙམ་ཞིག་མེད་པའི་ཐོག་ནས་ཐུགས་འགན་བཞེས་གནང་བ་དེ་ནི་བོད་ ཙམ་མ་ཟད་སའི་གོ་ལ་འདིའི་སྟེང་དུ་ཆེས་གཟི་བརྗིད་ལྡན་པའི་ལེའུ་གསར་པ་ཞིག་མ་ རེད་དམ།
ྋརྒྱལ་བ་རིན་པོ་ཆེའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་དང་ འབྲེལ་བྱམས་བརྩེ་ཆེན་པོའི་ཐོག་ནས་ཁྲིམས་ཆད་ཕོག་པའི་བཙོན་པ་ཡོངས་རྫོགས་ལྷོད་ གྲོལ་བཏང་ཞིང༌། བོད་ཀྱི་ལོ་རབས་མང་པོ་ཞིག་གི་རིང་དུ་རྫོང་མགོ་ཁག་གི་མི་སེར་ལག་ནས་ཁྲལ་རིགས་ གསོལ་ཕོག་ཆེད་དུ་བསྡུ་བཞེས་དབང་གིས་མི་མང་ལ་བརྡབ་གསིག་གིས་ས་གནས་ཁ་ཤས་ལ་ སྐྱུག་བྲོ་བའི་གཏམ་རྒྱུད་མང་པོ་ཞིག་བཤད་རྒྱུ་ཡོད་པས། དེར་བརྟེན་དེ་དག་དང་འབྲེལ་པའི་ལས་དོན་མང་པོར་བཅོས་བསྒྱུར་ཆེད་དུ་བསྒྱུར་ བཅོས་ལས་ཁུངས་གསར་དུ་བཙུགས་གནང་མཛད། བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ ཀྱང་དེང་དུས་ཀྱི་ཤེས་ཡོན་དང་བོད་ཀྱི་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་ལུགས་འདི་ མུས་བཞིན་དུ་ཕྱིན་ཚེ་བོད་རྒྱལ་ཁབ་བདག་སྐྱོང་མི་ཐུབ་པའི་ཐུགས་དགོངས་བླ་མེད་ དུ་བཞེས་ཏེ་དབྱིན་ཇི་སློབ་གྲྭ་གསར་བཙུགས་གནང་བ་སོགས་ཀྱིས་མཚོན་པའི་དུས་རབས་ ཀྱི་ཆབ་སྲིད་འཕོ་འགྱུར་དང་ཡོངས་སུ་མཐུན་པར་རིམ་གྱིས་བོད་ཀྱི་ཆབ་སྲིད་ བསྒྱུར་བཅོས་གཏོང་རྒྱུ་དགོངས་པ་བླ་མེད་དུ་བཞེས་ཀྱང་བོད་འབངས་བསོད་ནམས་དམན་ པ་དང༌། སྒོས་སུ་དཔོན་རིགས་རྒྱུད་འཛིན་ལམ་ལུགས་ཀྱི་ཀླད་རྙིང་མཁྲེགས་བཟུང་པ་ཚོས་ འདོད་བབ་མེད་པའི་དབང་གིས་མཇུག་སྐྱོང་གནང་མ་ཐུབ་པ་རེད། ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་དགོངས་བླ་ན་མེད་པ་དེ་དག་ལམ་ལྷོང་ཕྱིན་ ཡོད་ཚེ་བོད་གཞིས་བྱེས་གཉིས་སུ་འགྱེལ་ནས་ཁྲག་དང་མིག་ཆུའི་དཀའ་སྡུག་འོག་ཏུ་ འཚོ་བ་རོལ་དགོས་པའི་གནས་སྟངས་འདི་ཡོང་གི་མེད་པ་ཚང་མ་མཁྱེན་གསལ་རེད། གཞུང་འཛིན་པ་འགའ་ཤས་ནི་ཆབ་སྲིད་ཀྱི་ཕུགས་ཐག་ཐུང་བའི་ཉེར་ལེན་ལ་བརྟེན་ནས་ད་ ལྟ་གནས་ཚུལ་ཐབས་སྡུག་འདི་བྱུང་བ་ཞིག་ཀྱང་རེད་སྙམ། ད་ནི་འདས་ཟིན་པའི་གནས་ཚུལ་དེ་དག་གི་བསླབ་བྱ་བླངས་ནས་མ་འོངས་བོད་རང་དབང་ རྩོད་ལེན་དང༌། བོད་ས་འཛུགས་སྐྲུན་ཆེད་དུ་ྋརྒྱལ་བ་རིན་པོ་ཆེ་མཆོག་གི་རིན་ཐང་བྲལ་བའི་བཀའ་ སློབ་དེ་དག་སྙིང་དབུས་སུ་བཅངས་ཏེ་བོད་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་བཏང་ གི་ལས་དོན་བྱེད་དགོས་སོ།།
ཕྱི་ལོ་༡༩༥༡ ལོར་ཟླ་༥ ཚེས་༢༣ ཉིན་བོད་མི་རིགས་ལ་བཙན་ཤེད་དང་གཉའ་གནོན་གཏོང་ཆེད་དུ་བོད་རྒྱ་ཞི་བའི་གྲོས་ མཐུན་བཅུ་བདུན་ཟེར་བའི་ཡིག་ཆ་དེར་མིང་རྟགས་འགོད་པར་བོད་གཞུང་གི་སྐུ་ཚབ་ རྣམས་ལ་རྒྱ་གཞུང་གིས་འཇིགས་སྐུལ་སྣ་ཚོགས་ཤིག་གི་ཐོག་ནས་མཐའ་མཇུག་ཐབས་ཟད་འུ་ ཐུག་གིས་མིང་རྟགས་བཀོད་དགོས་གྱུར། གསུམ་བཅུ་དུས་དྲན་ཐེངས་དང་པོའི་བཀའ་སློབ་ལས། “ ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུངགི་ཡིན་ཚུལ་དུ་ཕབ་བཅུག” ཅེས་གསུང་པ་ལས་ཀྱང་གྲོས་མཐུན་ཟེར་བའི་ཡིག་ཆ་དེ་དག་གནས་སྟངས་གང་འདྲ་ཞིག་གི་ འོག་ཏུ་བཞག་དགོས་བྱུང་བ་རྟོགས་ཐུབ་པ་ཞིག་ཀྱང་རེད། ཡིན་ནའང་ཕྱི་ལོ་༡༩༥༩ བར་ལོ་ངོ་དགུ་ཙམ་གྱི་རིང་དུ་ྋརྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རྒྱ་ཞི་གནས་ཡོང་ ཐབས་སུ་ཕུགས་རྒྱང་རིང་པོའི་ཐུགས་དགོངས་བླ་མེད་དུ་བཞེས་ཏེ་ཞི་བའི་ཐབས་ཤེས་ རིམ་བསྟུན་གྱིས་འབད་བརྩོན་གནང་ཡང་རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་བོད་གཞུང་ དམངས་གཉིས་ལ་ཁྲམ་ཤེད་དང་བཙན་ཤེད། བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་སོགས་མེད་པ་བཟོ་རྒྱུའི་ དམིགས་ཡུལ་ལས་ཞི་འགྲིག་དང་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་མཐུན་འབྲེལ་བྱེད་ བསམ་པ་སྐབས་དེ་དུས་ནས་མེད། དེ་ཡང་རང་རྣམ་ལས། “ང་ཚོར་མཛའ་གྲོགས་མེད་སྟབས་བློ་ཕམ་ཇི་བྱུང་སྡུག་གོམ་བྱས་ནས་ཁོང་ཚོའི་རེ་ འདོད་མ་བསྒྲུབ་མཐུ་མེད་པས། བྱ་ཐབས་གང་ཡང་མེད་ཅིང་ཁོང་ཚོས་བཀོད་པའི་གྲོས་མཐུན་གྱི་འཇམ་མཁས་ཚོར་སོར་གནས་ ཡོང་བའི་རེ་བ་བྱེད་རྒྱུ་ཙམ་ཞིག་ཡིན།” ཞེས་དང༌། ཕྱི་ལོ་༡༩༥༤ ལོར་ཆོལ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ནས་ར་མོ་ ཆེའི་གཙུག་ལག་ཁང་དུ་ཡོངས་འཛིན་སྐུ་བགྲེས་གླིང་རིན་པོ་ཆེའི་སྐུ་མདུན་ནས་དགེ་ ཚུལ་སློང་གི་བསླབ་སྡོམ་བཞེས་གནང་མཛད། ལོ་དེ་ག་རང་དུ་ཟླ་༣ ཚེས་༡༥ ཉིན་མོར་ལྟ་ན་སྡུག་པའི་ལྷ་ས་ནོར་གླིང་ཕོ་བྲང་སྐལ་བཟང་དུ་དཔལ་དུས་ཀྱི་འཁོར་ ལོའི་དབང་ཆེན་ཐེངས་དང་པོ་དེ་སྩལ་གནང་མཛད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས།
ཁྱེད་ནི་འགྲོ་བའི་དོན་དུ་སླད།། ཅུང་ཟད་ཙམ་ཡང་མི་ངལ་ཞིང༌།།
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི།། ཡོན་ཏན་བརྗོད་ལ་ངལ་མ་གྱུར།།
ཞེས་བརྗོད་པ་ལྟར། ཕྱི་ལོ་༡༩༥༩ ལོ་དགུང་གྲངས་ ༢༥ ཐོག་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ནི་དེ་འདྲ་ཛ་དྲག་དང་རྙོག་འཛིང་ཅན་གྱི་ འོག་ནས་མི་ཕལ་པ་ཞིག་ཡིན་ཚེ་སྙིང་ཁམས་གས་གཞི་ཞིག་ཏུ་གྱུར་ཡོད་ཀྱང་། ས་གསུམ་གྱི་བླ་མ་ཁོང་གིས་ལྷ་ལྡན་སྨོན་ལམ་ཆེན་མོར་སེར་འབྲས་དགའ་གསུམ་གྱི་ མཁས་དབང་སྟོང་ཕྲག་འཛོམས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་ མཛད་ནས་ཐུགས་སྟོབས་ཞུམ་པ་སྤུ་ཙམ་མེད་པར་་ལུང་རིགས་དགག་བཞག་སྤོང་གསུམ་མཛད་ པས་མཁས་དབང་རྣམ་པ་ཡིད་སེམས་རང་དབང་མེད་དུ་འཕྲོག་ཅིང༌། ྋརྒྱལ་བ་རིན་པོ་ཆེའི་སྐྱེས་སྦྱངས་གཉིས་ཀྱི་ཤེས་རིག་གི་བློ་གྲོས་མཚན་སྙན་ས་ གསུམ་ཀུན་ཏུ་གྲགས་པ་ཁྱབ།
ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་རྒྱ་དམར་གྱི་དམག་སྒར་དུ་གཟིགས་མོར་ཕེབས་རྒྱུར་ཐུགས་གཏན་འཁེལ་བ་མི་མང་ གིས་ཤེས་ཏེ་ལྷ་ཁུལ་གྱི་ཆོལ་གསུམ་མི་མང་མ་གྲོས་བསམ་པ་གཅིག་མཐུན་གྱིས་ྋརྒྱལ་ བ་རིན་པོ་ཆེ་དམག་སྒར་དུ་གདན་འདྲེན་གྱིས་གློ་བུར་བཙན་ཤེད་ཀྱིས་རྒྱ་ནག་ཏུ་ གདན་འདྲེན་ཞུ་རྒྱུའི་ཉེན་འགན་དེ་དག་མ་བཟོད་པར་བཀའ་ཤག་བརྒྱུད་ནས་ཆིབས་ བསྒྱུར་ཕྱི་བཤོལ་ཡོང་བའི་གསོལ་འདེབས་དང་ཆབས་ཅིག་ཏུ་སྐུ་ཕྱྭར་བསྡོ་བའི་བྱ་ ངན་ལ་གདོང་ལེན་བྱེད་ཆེད་དུ་མི་མང་སེར་སྐྱ་སྟོང་ཕྲག་མང་པོ་ནོར་གླིང་ཕོ་བྲང་ ཉེན་སྲུང་གི་དང་བླངས་དམག་དང་རང་དབང་སྒེར་ལངས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་ ལས་འགུལ་ཐེངས་དང་པོ་དེ་སྤེལ་ཡོད། དེ་ཡང་སྐབས་དེར་བོད་ཀྱི་ཆབ་སྲིད་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ། དེ་ཡང༌། རང་རྣམ་ལས། “ཕུའུ་ནས་ཁྱོད་ཚོས་རྣམ་ཀུན་བྱེད་པའི་མཛད་སྒོ་དེ་ཚོ་ཡོང་གི་མ་རེད། རྣམ་ཀུན་གྲ་སྒྲིག་ལྷན་ཚོགས་སུ་ཕེབས་སྐབས་ཁོང་དང་མཉམ་དུ་ཁྱོད་རང་གིས་དམག་ མིའི་གོ་མཚོན་འཁྱེར་ཡོང་སྲོལ་དེ་ལྟར་ཡོང་མ་དགོས། རྡོ་ཟམ་བརྒལ་ནས་བོད་དམག་སུ་ཡང་ཡོང་མི་ཆོག” ཅེས་པའི་བཙན་ཤེད་དེ་དག་ལས་ྋརྒྱལ་བ་རིན་པ་ཆེའི་སྐུ་སྲོག་ལ་བྱ་ངན་གང་འདྲ་ཞིག་ བརྩམས་མིན་རྟོགས་ཐུབ་པ་ཞིག་ཀྱང་རེད། ཡང་རང་རྣམ་ལས། “གལ་སྲིད་ངས་བསྡད་པ་ཡིན་ན་མི་མང་དང་ཉེ་བའི་མཛའ་གྲོགས་ཚོའི་བློ་གཡེང་ཇེ་ སྡུག་ཏུ་འགྲོ་འགྱུར་བརྟེན། དོན་དམ་གྱི་འཇིགས་པ་ཞི་ཐབས་གཞན་གང་ཡང་མེད་པས་མི་བསླུ་བའི་དཀོན་མཆོག་རིན་ ཆེན་རྣམ་གསུམ་འདི་གཅིག་པུ་ལས་མེད་པ་ལྟར་བདེན་པ་ལས་འབྲས་ལ་བདར་ནས་དཀོན་མཆོག་ ལ་གསོལ་བ་བཏབ་སྟེ་འགྲོ་རྒྱུ་ཐག་གཅོད་བྱས་པ་ཡིན།” ཞེས་གསུངས་པ་དེ་ལས་སྐབས་དེར་བོད་མི་རིགས་ཀྱི་ལས་དབང་གི་གནས་སྟངས་དོན་དུ་ ལུས་སེམས་ལ་སྐུ་ངལ་ཇི་ཙམ་ཞིག་ཕྲད་ཀྱང་བོད་མི་རིགས་དང་སངས་རྒྱས་བསྟན་པའི་ དོན་དུ་ཡོད་ཚད་གཏོང་འདོད་ཀྱི་བྱང་ཆུབ་སེམས་དཔའི་བློ་སྟོབས་ཇི་ཙམ་ཞིག་ཡོད་པ་ རྟོགས་ཐུབ་པ་ཞིག་ཀྱང་རེད་སྙམ། དུས་སྐབས་དེར་མི་མང་རྣམས་ནི་མ་བསྐུལ་དང་བླངས་ཀྱི་ཐོག་ནས་ྋརྒྱལ་བ་རིན་ཆེ་ སྐུའི་སྲུང་བྱ་ཆེད་དུ་ཡོད་ཚད་བློས་བཏང་གིས་ལས་འགུལ་བྱས་ཡོད། དགེ་སྡིག་ལས་ཀྱི་མྱོང་བ་ལས། “ལྷ་ཁུལ་དུ་ཡོད་པའི་ཆོལ་གསུམ་གྱི་མི་སེར་ཕོ་མོ་མཆོག་དམན་ཡོངས་ནས་ྋགོང་ས་ ཆེན་པོའི་སྐུ་ཕྱར་འགན་སྲུང་ཞུ་བ་ལས་ལྷག་པའི་བསྟན་དོན་གལ་ཆེ་བ་མེད་པ་གསལ་ པོར་རྟོགས་ཏེ་ནོར་གླིང་ཕོ་བྲང་བསྲུང་རྒྱུར་གཞན་བསྐུལ་མེད་པར་རང་རྟོགས་ཀྱིས་ རྒྱགས་རང་འཁུར། གོ་ལག་རང་འགྲིགས། མཐའ་ན་གྲི་དང་དབྱུག་པ་ཚུན་ཁྱེར་ཏེ་ཚོ་དང་ཚོ་བྱས་ཏེ་འགྲོ་བ་མཐོང་ཐོས་བྱུང༌།” ཞེས་དང༌།
དེ་ནས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༧ ཉིན་གྱི་དགོང་མོ་ཆུ་ཚོད་བཅུ་མ་ཟིན་ཙམ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནང་བའི་ ན་བཟའ་དེ་ཉིད་ཕུད་དེ་དམག་མིའི་སྒྲིག་ཆས་དང༌། དབུ་ཞྭ་བཅས་གསོལ་ཏེ་བོད་མི་རིགས་ཀྱི་རང་དབང་དང༌། སྒོས་སུ་སངས་རྒྱས་བསྟན་པའི་དོན་དུ་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ཏེ་སྐུ་འཁོར་ ཧྲག་བསྡུས་དང་བཅས་རང་གི་སྐྱོང་ཡུལ་བོད་ཆོས་ལྡན་གྱི་ཞིང་ཁམས་ལྷ་སྡེ་མི་སྡེ་ དང་བཅས་པ་ཁ་བྲལ་འདོད་མེད་བཞིན་དུ་ཐུགས་ཕམ་དང་ཡིད་སྐྱོའི་ངང་ནས་གནས་སྐབས་ ཀྱི་རིང་རྒྱང་རིང་དུ་ཆིབས་ཞལ་མ་བསྒྱུར་ཐབས་མེད་དུ་གྱུར་ནས་རྐང་ལམ་དོག་པོ་ མང་པོ་ཞིག་བརྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བཀྲིན་ཆིབས་བསྒྱུར་གནང་དགོས་ བྱུང༌།
ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༠ ཉིན་རྒྱ་དམར་གྱིས་ནོར་བུ་གླིང་ཁར་མེ་སྒྱོགས་སོགས་བརྒྱབ་སྟེ་བོད་མི་ཉམ་ཆུང་ བརྒྱ་ཕྲག་མང་པོ་བསད་རྨས་བཏང་བ་དང་འཛམ་གླིང་གི་ས་ཕྱོགས་གང་སར་བོད་གཞུང་མེད་ པ་བཟོས་ཚུལ་གྱི་འུད་སྒྲོག་བྱེད་ཀྱི་ཡོད། དེར་བརྟེན་ནས་ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༢༦ ཉིན་ྋརྒྱལ་བ་རིན་པོ་ཆེས་ཐུགས་དགོངས་བླ་མེད་དུ་བཞེས་ནས་བོད་ཀྱི་ས་ཕྱོགས་རང་ ཐོག་ནས་སྲིད་གཞུང་གསར་འཛུགས་དགོས་པ་གལ་ཆེན་པོ་ཞིག་ཏུ་ཡེ་ཤེས་དབྱིངས་དཔྱད་ ཀྱིས་གཟིགས་ཏེ་བོད་ཀྱི་ས་ཐོག་ལྷུན་རྩེ་རྫོང་དུ་ཕེབས་གྲུབ་པ་དང་འབྲེལ་བོད་ གཞུང་གསར་འཛུགས་ཀྱིས་རྟེན་འབྲེལ་གྱི་མཛད་སྒོ་སོགས་གནང་བ་དང་ཆབས་ཅིག་ཏུ་ཁྱབ་ བསྒྲགས་མཛད། རང་རྣམ་ལས། “མཛད་སྒོ་དེ་དག་བྱེད་ཡུན་ལ་ཆུ་ཚོད་གསུམ་ཙམ་འགོར་ཞིང༌། དེའི་རིང་ང་ཚོའི་རྙོག་ཁྲ་དང༌། དཀའ་ངལ་ཚོ་ཡང་བརྗེད་པ་ལྟ་བུར་གྱུར་ཏེ་མ་འོངས་པའི་བོད་ཀྱི་དོན་དུ་ང་ཚོས་ལས་ འགན་ཞིག་སྒྲུབ་པར་སེམས་པའི་དམ་བཅའི་རི་མོ་སྙིང་ལ་ཤར་བྱུང༌།” ཞེས་བཀའ་སློབ་ལས་ཀྱང་ྋརྒྱལ་བ་རིན་ཆེ་མཆོག་གི་སྐབས་དེ་དུས་དཀའ་སྡུག་དང་དངངས་ སྐྲག་དེ་འདྲ་ཞིག་གི་འོག་ནས་མ་འོངས་བོད་མི་རིགས་ཀྱི་ལས་དོན་གནང་ཕྱོགས་བང་ རིམ་ཇི་ལྟར་སྒྲིག་གནང་བ་ནི་བླ་ན་མེད་པའི་གཟི་བརྗིད་ལྡན་པའི་ལས་དོན་ཞིག་ཀྱང་ རེད། དེ་ནས་དཀའ་རྩེག་ཆེན་པོའི་ངང་ནས་རི་བོ་མང་པོ་ཞིག་བརྒལ་ཏེ་རྒྱ་གར་ས་མཚམས་ ཕེབས་འབྱོར་ཐུབ་པ་དང༌། རྒྱ་གར་སྲིད་བློན་ནེ་རུ་མཆོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་འབྱོར།
ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༠ ཉིན་རྒྱ་གར་སྲིད་བློན་ནེ་རུ་མཆོག་ནས་མཛའ་བརྩེའི་རླུང་འཕྲིན་ནང༌། རང་རྣམ་ལས། “ང་དང་ངའི་ལས་རོགས་ཚོས་ཁྱེད་ལ་དགའ་བསུ་ཡོད་ཞུ་རྒྱུ་དང༌། རྒྱ་གར་དུ་བདེ་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་དང་ཁྱེད་ཀྱི་སྐུ་འཁོར་ཚོ་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་ ང་ཚོས་དགའ་སྒྲུབ་ཞུ་རྒྱུ་ཡིན། རྒྱ་གར་མི་དམངས་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུར་ཐེ་ཚོམ་མེད་”ཅེས་ གསུངས་པ་དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་དཀའ་སྡུག་དེ་འདྲ་ཞིག་གི་འོག་ ནས་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་དགའ་སྒྲུབ་གནང་རྒྱུ་ཁས་ལེན་ གནང་བ་དེ་ནི་བཟང་ཕྱོགས་ཀྱི་རྒྱ་གར་དབུས་གཞུང་བཀའ་དྲིན་ཆེན་པོ་ཞིག་ཀྱང་རེད་ སྙམ།
རྒྱ་གར་སྲིད་བློན་ནེ་རོ་མཆོག་གིས་ནོར་འཁྲུལ་ཅིག་བྱུང་བ་ནི་བོད་དེ་རྒྱ་ནག་ཆ་ ཤས་ཤིག་རེད་ཅེས་པ་དེ་རེད། དེ་ཡང་རྒྱ་གར་གྱི་མཁས་དབང་བློ་གཟུར་བོ་པ་དེ་ཚོས་རྒྱ་གར་སྲིད་བློན་གྱི་དེ་ ནི་ནོར་འཁྲུལ་བྱས་པ་ཞིག་ལ་ངོས་འཛིན་གྱིས་དུས་ད་ལྟའང་ནང་ཁུལ་ལ་སྐྱོན་བརྗོད་ ཤུགས་ཆེ་ཞིག་ཡོང་བཞིན་ཡོད། བོད་དོན་ཚོགས་མི་ཟུར་པ་མཁས་དབང་ཊི་ཋན་ཐས་གསུང་ལས། “བློན་ཆེན་ནེ་རོ་ལགས་ནས་སྡིག་པ་ཆེན་པོ་ཞིག་བསགས་ཡོད། དེ་ནི་བོད་དེ་རྒྱ་ནག་གི་ཁ་ནང་དུ་བཅུགས་པ་ལྟ་བུ་རེད། དེའི་སྡིག་པ་བསགས་པའི་རྐྱེན་ལ་བརྟེན་ནས་ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ལ་དྲག་རྒོལ་བྱས་པ་རེད། རྒྱ་ནག་དང་རྒྱ་གར་ལ་ས་མཚམས་ཀྱང་མེད། ས་མཚམས་ཡོད་ཚེ་བོད་དང་རྒྱ་གར་མ་གཏོགས་མེད། བོད་ལ་རྒྱ་མི་སླེབས་རྗེས་རྒྱ་གར་གྱི་ཁང་ཐོག་ལ་རྒྱ་མི་བསླེབས་པ་རེད། ཁོང་ཚོ་ཁང་ཐོག་ལ་བསྡད་ནས་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་རེད། དེ་ནི་ཁོང་གིས་བསགས་པའི་སྡིག་པའི་འབྲས་བུར་འདོད་དགོས། ཁོང་གིས་སྡིག་པ་དེ་བསགས་རྗེས་འགྱོད་བཤགས་ཀྱང་བྱས་པ་རེད།
ྋརྒྱལ་བ་རིན་པོ་ཆེ་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་དང༌། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བོད་ཀྱི་མཐོ་རིམ་སློབ་གྲྭ་གཙོས་སློབ་གྲྭ་ མང་པོ་བཙུགས་པ་རེད། རྒྱ་གར་ལྷོ་ཕྱོགས་གཙོས་ཡུལ་གྲུ་མང་པོར་སྐྱབས་བཅོལ་བའི་སྡོད་གནས་གསར་བསྐྲུན་ བྱས་པ་རེད།” ཅེས་དང༌། ཕྱི་ལོ་ ༡༩༥༩ ལོར་མ་སུ་རིའི་ཕེབས་གྲུབ་པ་དང་བསྟུན་ནས་བོད་མི་རིགས་དང༌། སྐད་ཡིག གོམས་གཤིས་སོགས་མི་གཅིག་པའི་མི་རིགས་ཤིག་གི་དཀྱིལ་ལ་ངོ་ཤེས་སུ་ཞིག་མེད་པ་ དང༌། བོད་རིགས་རྒན་དར་གཞོན་གསུམ་ཉིན་རེ་བཞིན་དུ་འབྱོར་མུས་བཅས་ལ་བརྟེན་ནས་དེ་དག་ འདི་མུས་བཞིན་དུ་ལྷག་ཚེ། ནམ་ཞིག་རྒྱ་གར་གྱི་མི་མང་ནང་དུ་འདྲེས་ནས་བོད་མི་རིགས་ཆུ་ནང་དུ་བྱེ་མ་ཐིམ་པ་ ཇི་བཞིན་དུ་འགྱུར་བར་གཟིགས་ནས་ྋརྒྱལ་བ་རིན་པོ་ཆེ་མཆོག་གིས་ཆེས་ཐུགས་དགོངས་ བླ་མེད་བཞེས་ཏེ་བོད་ཕྲུག་རྣམས་ལ་བོད་མིའི་ཆོས་དང༌། རིག་གཞུང༌། སྐད་ཡིག་གོམས་གཤིས་སོགས་རྒྱུན་གནས་ཡོང་ཐབས་སུ་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༣ ཚེས་ ༣ ཉིན་མ་སུ་རི་དང་སིམ་ལ་སློབ་གྲྭ་སོགས་རིམ་པའི་གསར་འཛུགས་གནང་ཞིང་སློབ་གྲྭ་ དེ་དག་གི་འགྲོ་གྲོན་ཡོངས་རྫོགས་བོད་གཞུང་རང་གིས་བཏང་ཡོད། མ་སུ་རིའི་སློབ་གྲྭ་དེ་ནི་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ཐོག་མ་དེ་ཡིན་ སྟབས་ྋརྒྱལ་བ་རིན་པོ་ཆེ་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གནང་སྟེ་ཐུགས་སྨོན་ ཡུན་རིང་གནང་བ་དང་འབྲེལ་བཀའ་སློབ་ལས། “ང་ཚོར་གནས་ཚུལ་ཐབས་སྡུག་འདི་འདྲ་བ་ཡོང་བ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང༌། རྒྱུ་རྐྱེན་གཙོ་བོ་གཅིག་ནི། བོད་རྒྱ་ཆེའི་མི་དམངས་སྨོས་ཅི། བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་མཁན་ཚོ་ལ་ཡང་དུས་བསྟུན་གྱིས་ཤེས་ཡོན་འདང་བ་ མེད་པ་དེ་ལ་ཐུག་ཡོད།
འཛམ་གླིང་ནང་ཆབ་སྲིད་དང༌། དཔལ་འབྱོར་ཤེས་རིག་སོགས་གང་འདྲ་ཞིག་འགྲོ་བཞིན་ཡོད་ང་ཚོས་ཤེས་མ་ཐུབ་པ་དང༌། འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་ང་ཚོས་གོམ་པ་སྤོ་མ་ཐུབ་པར་བསྡད་པའི་ དབང་གིས་ང་ཚོར་དཀའ་ངལ་འདི་བྱུང་བ་རེད།” ཅེས་དང༌། དེ་ནས་རྒྱ་གར་དབུས་གཞུང་ལ་རིམ་པར་བོད་མི་ཁེར་གཙང་སློབ་གྲྭ་དང་གཞིས་ཆགས་ སོགས་ཟུར་འཛུགས་ཞུས་དོན་རིམ་པ་ལྟར། སྲིད་བློན་ནེ་ཧེ་རུ་མཆོག་ནས་ཀྱང་ཤེས་རིག་བློན་ཆེན་ལ་ཕྱག་བྲིས་གནང་དོན་དུ་ རྒྱ་གར་ནང་དུ་སློབ་གྲྭ་མང་པོ་ཡོད་ཅིང༌། བོད་ཕྲུག་རེ་སློབ་གྲྭ་རེའི་ནང་ཆ་བགོས་བྱས་ཏེ་བཏང་བའི་དབང་དུ་བཏང་ན་སློབ་ གྲྭ་མང་བས་བོད་ཕྲུག་གིས་ལྡང་གི་མ་རེད། འོན་ཀྱང་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག གཤིས་སྤྱོད་བཅས་པ་མི་ཉམས་གོང་འཕེལ་སླད་བོད་ཕྲུག་ཁེར་གཙང་གི་སློབ་གྲྭ་ཟུར་ འཛུགས་ཀྱིས་ཏཱ་ལའི་བླ་མའི་དགོངས་གཞི་ལྟར་ཚོགས་པ་ཟུར་འཛུགས་དགོས་ཞེས་དམིགས་ བསལ་དགོངས་བཞེས་གནང་དོན་ལྟར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ཟུར་འཛུགས་ གནང༌། བོད་མི་སྐྱབས་བཅོལ་བའི་གཞིས་སྒར་ཁག་ཏུ་སློབ་གྲྭ་གསར་འཛུགས་དང་སློབ་གྲྭ་དེ་ དག་གི་འགྲོ་གྲོན་རྒྱ་གར་དབུས་གཞུང་གིས་ནར་གཏོང་གནང་རྒྱུའི་ཞལ་བཞེས་ཐོབ་པ་ ཞིག་རེད། མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་ལས། “དང་ཐོག་ཕྲུ་གུ་ ༥༠ ཡོད་པའི་མ་སུ་རིའི་སློབ་གྲྭ་དེ་ྋསྐྱབས་མགོན་རིན་པོ་ཆེས་སྒོ་འབྱེད་གནང་སྐབས་ ལ་ང་རང་མེད་མོད་གོ་ཐོས་ལྟར། བར་ཁྱམས་སུ་སྒོ་ཆུང་ཆུང་འབྱེད་རྒྱུ་ཅན་ཞིག་བཟོས་ཡོད་པ་དེའི་སྒོ་ལུང་ྋསྐྱབས་ མགོན་རིན་པོ་ཆེས་ཕྱག་གཉིས་ཀས་ཟིན་ཏེ་ཡུན་ཙམ་རིང་ཐུགས་བསམ་བཞེས་རྗེས་ཧ་ལམ་ སྐུ་བརྡབ་སྲིལ་མི་ཡོང་ངམ་བསམ་བསམ་གྱི་ཤུགས་ཆེན་པོ་དེ་ཙམ་བཀོལ་ཏེ་སྒོ་ཕྱེས་ གནང་སོང་ཞེས་གོ་ཐོས་བྱུང༌།” ཞེས་གསུངས་པ་དེ་དག་ལས་བོད་མི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཐོག་ཏུ་ལུས་ངག་ ཡིད་གསུམ་གྱིས་ཐུགས་སྨོན་བཀའ་དྲིན་གནང་བས་དྲིན་གྱིས་དེང་སྐབས་བཙན་བྱོལ་ནང་ སློབ་གྲྭ་ཆེ་ཆུང་གྲངས་བསྡོམས་ ༨༠ ལྷག་ཙམ་དང༌། སློབ་ཕྲུག་ཕོ་མོ་བསྡོམས་ ༢༧༥༠༠ ལྷག་ཙམ་ཞིག་དང་སློབ་གྲྭ་དེ་དག་ནས་ཐོན་པ་ད་བར་དུ་ཕོ་མོ་ཁྱོན་བསྡོམས་ ༡༥༠༠ དང་མཐོ་སློབ་དང་ལས་རིགས་འདྲ་མིན་གྱི་ཐོག་ཏུ་སློབ་སྦྱོང་ཐོན་པ་གང་མང་བྱུང་ ཡོད།
དེ་ཡང་ཤེས་བྱ་གསར་ཤོག་ནང་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོའི་ཐོག་ཏུ་བཀའ་ཁྲི་ མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ལས། “འཛམ་བུའི་གླིང་གི་རང་དབང་ཡོད་པ་དང༌། རང་དབང་མེད་པའི་སྤྱི་ཚོགས་དང༌། མི་རིགས་གང་འདྲ་ཞིག་ལ་བལྟས་པ་ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གཞོན་ སྐྱེས་ཚོ་ལ་ཤེས་ཡོན་ཕུལ་བྱུང་གི་གོ་སྐབས་བཟང་བ་ཐོབ་པ་དང༌། སྒྲིག་འཛུགས་གནས་ཐུབ་པ། དེ་ལ་བརྟེན་ནས་མ་འོངས་པའི་སོན་རྩའི་ངོ་བོར་གྱུར་པའི་གཞོན་སྐྱེས་མང་པོ་ཞེ་ བོ་ཞིག་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་སློབ་སྦྱོང་ཚད་དང་ལྡན་པ་སྤྲད་ཐུབ་ པ་བྱུང་བ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་འཕྲིན་ལས་ཉག་གཅིག་ ལས་བྱུང་བ་ཡིན་པ་ད་ལོ་བཀའ་དྲིན་རྗེས་དྲན་གྱི་ལོ་འདིའི་ཐོག་ལ་ང་ཚོ་ཚང་མས་ འདས་པའི་བྱུང་རབས་ལ་སྡོམ་གཅིག་བརྒྱབ་ནས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དྲིན་སྔོན་ གནས་རྗེས་དྲན་ཞུ་རྒྱུ་ལ་ཤེས་ཡོན་སློབ་སྦྱོང་གི་ལས་རིམ་འདི་འབུར་དུ་ཐོན་པའི་ གནས་ཚུལ་ཆེ་བ་ཞིག་ཡིན།” ཞེས་གསུངས་པ་དང༌། བོད་མི་མང་སྤྱི་འཐུས་ལས་ལྷན་ཚོགས་ཀྱི་གསུང་བཤད་ལས། “ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྨད་བྱུང་མཛད་འཕྲིན་ཁོ་ནར་བརྟེན་ནས་བོད་མིའི་ རྩ་དོན་བསྒྲུབ་ཐབས་རང་ཡུལ་རང་དབང་འཐབ་རྩོད་ཀྱི་ལས་དོན་སྤྱི་དང༌། ལྷག་པར་བོད་མིའི་ཆོས་དང༌། རིག་གཞུང༌། སྐད་ཡིག །ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང༌། ཉམས་པ་སླར་གསོ་སླད་བོད་ཕྲུག་བློ་གསར་གཞོན་ནུ་རྣམས་ལ་ཤེས་ཡོན་སློབ་སྤེལ་ལས་ གཞིའི་ཐོག་གྲུབ་འབྲས་འབུར་ཐོན་ཀུན་གྱིས་བསྔགས་ཡུལ་ཞིག་བྱུང་ཡོད།” ཅེས་དང༌། བོད་ཁྱིམ་དབུ་འཛིན་རྗེ་བཙུན་པདྨ་མཆོག་གི་ལས་སྡོམ་གསུང་བཤད་ལས། “བོད་ཕྲུག་ཁྱིམ་སྡེ་ཐོག་མ་དབུ་འཛུགས་པའི་སྐབས་ལ་ྋརྒྱལ་བ་རིན་པོ་ཆེས་དགོངས་ བཞེས་ཀྱིས་བོད་པའི་ལམ་བཟོ་ཁག་ནས་བུ་ཕྲུག ༥༡ བསྡུ་རུབ་ཀྱིས་ཕྱི་ལོ་ ༡༩༦༠ ཐམ་པ་ལོར་དབུ་འཛུགས་གནང་བ་ཞིག་རེད། དེང་སྐབས་ཡར་རྒྱས་སུ་ཕྱིན་ཏེ་བོད་ཕྲུག་ཁྱིམ་སྡེ་ ༥ དང༌། གཏན་འཇགས་སློབ་གྲྭ་ ༧ ཉིན་སློབ་སློབ་གྲྭ་ ༦ སྔོན་འགྲོའི་སློབ་གྲྭ་ ༩ གཞོན་སྐྱེས་ཚོ་ལ་ལག་ཤེས་སློབ་སྦྱོང་སྤྲོད་ས་ཁག ༥ དང༌། དེ་བཞིན་གཞོན་སྐྱེས་ཚོ་ལ་སྡོད་ཁང་ཁག ༥ དང༌། ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༢༠ བར་ལ་སློབ་ཕྲུག་བསྡོམས་ ༡༦༠༣༥ ལ་བོད་ཕྲུག་ཁྱིམ་སྡེ་ནས་ལྟ་སྐྱོང་དང་རོགས་རམ་གནང་བཞིན་པ་”ཞེས་གསུངས་པ་ལྟར། བོད་མི་རིགས་ཀྱི་མགོན་སྐྱབས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་མཛད་འཕྲིན་ཉག་ གཅིག་ལ་བརྟེན་ནས་མི་ཡུལ་ལུང་པར་ས་ཆ་ལག་མཐིལ་ཙམ་ཞིག་མེད་ནའང་བཙན་བྱོལ་སྤྱི་ ཚོགས་ཀྱི་ན་གཞོན་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་ ཐུབ་པ་བྱུང་ཡོད། དེ་སྔོན་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རབས་ནང་དུ་སུ་ཞིག་གིས་བོད་ཀྱི་ན་གཞོན་ རྣམས་ལ་སློབ་སྦྱོང་སྤྲོད་མ་ཐུབ་པ་ཁག་ྋརྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་ བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་གྱི་གནས་སྟངས་འོག་ནས་སློབ་སྦྱོང་ སྤྲད་ཐུབ་པ་བྱུང་བ་དེ་ནི་ཆེས་གཟི་བརྗིད་ལྡན་པའི་གྲུབ་འབྲས་ཤིག་ཀྱང་རེད།
ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༢༩ ཉིན་མ་སུ་རི་ནས་དྷ་རམ་ས་ལར་ཞབས་སོར་འཁོད་པ་དང་འབྲེལ་བཙན་བྱོལ་བོད་གཞུང་གི་ ལས་ཁུངས། ཆོས་རིག །ནང་སྲིད། དྲིལ་བསྒྲགས། དཔལ་འབྱོར། འཕྲོད་བསྟེན། ཤེས་རིག །བདེ་སྲུང༌། ཉམས་ཞིབ། འཆར་འགོད། ལས་བྱེད་འདེམས་བསྐོ་ལྷན་ཁང༌། རྩིས་ཞིབ་ལ་སོགས་པའི་ལས་ཁུངས་ཁག་རྒྱ་བསྐྱེད་གནང་ཞིང༌། དེ་དག་རིམ་པའི་ཡར་རྒྱས་དང་ཚགས་ཚུད་གོང་འཕེལ་དུ་ཕྱིན་པ་དེ་ནི་ྋརྒྱལ་བ་རིན་ པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན་པས། བོད་རིགས་རྒན་དར་གཞོན་གསུམ་རྣམས་ཀྱིས་ྋརྒྱལ་བའི་བཀའ་དྲིན་དུས་ནམ་ཡང་མ་ བརྗེད་པའི་ཐོག་ནས་ཁོང་གི་བཀའ་སློབ་ལམ་སྟོན་དེ་དག་ཉམས་ལེན་ཚུལ་བཞིན་དུ་གཅེས་ སྲུང་བྱེད་དགོས། ལྷག་པར་བོད་མི་མང་པོ་ཞིག་དང་ཐོག་རྒྱ་གར་གྱི་ས་ཐོག་ཏུ་འབྱོར་བ་དང་ཡུལ་གོམས་ གཤིས་ལུགས་མ་འདྲེས་པ་དང༌། སྐད་བརྡ་མ་འཕྲོད་པ། མཐུན་རྐྱེན་ཞན་པ་སོགས་གང་ལྟར་ཕྱི་ནང་གཉིས་ཀའི་དཀའ་སྡུག་འོག་ཏུ་བོད་མི་ཁ་ཤས་ དྲན་པ་ཐོར་ནས་འགྱེལ་འགྲོ་བའི་གནས་སྟངས་ཀྱང་བྱུང༌།
དེར་བརྟེན་ནས་ྋརྒྱལ་བ་རིན་པོ་ཆེས་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྟོག་ཞིབ་ཀྱི་ ཆེད་དུ་འཚམས་གཟིགས་ཆིབས་བསྒྱུར་གནང་བའི་བཀའ་སློབ་ལས། “ཆོས་ནས་བཤད་ན་འདུས་བྱས་མི་རྟག་མི་བརྟན་འགྱུར་བའི་ཆོས་ཅན་དུ་གསུངས་པའི་ བདེན་དོན་ཡིན་པ་དང༌། བོད་མི་རིགས་སྤྱི་མཐུན་གྱི་ལས་དང་རྗེས་སུ་འབྲེལ་བ་ཞིག་ཡིན་ཅིང༌། སྲིད་ཕྱོགས་ནས་དེང་དུས་འཛམ་གླིང་གི་སྲིད་དོན་འཐབ་རྩོད་དང་འབྲེལ་ཡོད་ཅིག་ ཡིན་པ་མ་ཟད། ཆེན་པོས་ཉུང་ངུ་གནན་པ་ལ་ཧ་ལས་རྒྱུ་དང༌། ངོ་མཚར་ཆེ་རྒྱུ་མེད་པར་འོས་ཞིང་སྲིད་པའི་བྱ་བ་ཞིག་ཡིན་པར་བརྟེན་ནས་ང་ཚོའི་ དེ་ལ་བློ་ཕམ་དང༌། ཡིད་ཞུམ་མི་བྱ་བར་ཐབས་དང༌། མཐུན་རྐྱེན་སྣ་ཚོགས་ནས་བསྒྲུབས་ཏེ་རང་རེའི་སྤུན་ཟླར་གྱུར་པའི་རྒྱ་ཆེའི་བོད་ མི་རིགས་རྣམས་སྡུག་བསྔལ་དེ་ལྟ་བུ་ལས་མྱུར་དུ་གྲོལ་བ་དང༌། བདེན་འབྲེལ་ཐོབ་ཐང་ཡོད་ངེས་ཀྱི་བོད་མི་རིགས་ཀྱི་རང་དབང་བསྐྱར་དུ་ལེན་ཐབས་ ཚུལ་ལ་ཚང་མས་འབད་བརྩོན་མུ་མཐུད་བྱ་དགོས་”ཞེས་གསུངས་པ་དང༌། ཡང་ཕྱི་ལོ་ ༡༩༦༤ ལོའི་ཉིན་མེ་སོར་གཞིས་ཆགས་མི་མང་རྣམས་ལ་བཀའ་སློབ་ལས། “བསམ་བློ་ཕུགས་ཐག་རིང་པོ་ཞིག་བརྒྱུད་དེ་བརྗོད་ན། ང་ཚོས་མའེ་སོར་གཞིས་ཆགས་འཛུགས་སྐྲུན་བྱེད་པ་འདི་སངས་རྒྱས་ཀྱི་བསྟན་པའི་དོན་ དང༌། འཛམ་གླིང་འདིའི་སྟེང་ཆོས་ལྡན་གྱི་མི་རིགས་གཅིག་གི་དོན་འཛུགས་སྐྲུན་བྱས་པ་ ཡིན། ཁ་སང་གླེང་མོལ་བྱུང་དོན་ལྟར། བདེ་བ་རྣམས་ནི་དམ་པའི་ཆོས་ཉམས་སུ་བླངས་པ་ལས་བྱུང་བ་ཡིན་པས། མདོར་ན། ང་ཚོས་མའེ་སོར་གཞིས་ཆགས་འདི་ལ་དཀའ་ལས་བརྒྱབ་པ་རྣམས་བརྒྱུད་ནས་སེམས་ཅན་ཐམས་ ཅད་ཀྱི་དོན་དུ་ཡིན་པས། དཀའ་ལས་བརྒྱབ་པ་འདི་གཟི་བརྗིད་ཆེན་པོ་ཡིན། དོན་འབྲས་རླབས་ཆེན་ཡོད་པ་དང༌། འདི་ཕྱི་གཉིས་ཡོད་ཡིན། དེར་བརྟེན་ད་བར་དཀའ་ལས་བརྒྱབ་པ་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་འོས་པ་ ཡིན་ལ”། ཞེས་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་པས་མི་དམངས་རྣམས་ལ་དམ་པའི་ཆོས་དང་འབྲེལ་ བའི་བླང་དོར་བཀའ་སློབ་སྐལ་བཟང་ཐོབ་པའི་དབང་གིས་བོད་མི་རྣམས་སྔར་ལྷག་སེམས་ ཤུགས་འཕར་ནས་སྙིང་ལ་རུས་པ་བཅུགས་ཏེ་འགྱེལ་ས་ནས་ལངས་ཐོབ་ཐབས་བྱེད་རྒྱུ་དམ་ བཅའ་བརྟན་པོ་བཞག་སྟེ་ལས་དོན་བྱས་པའི་གྲུབ་འབྲས་ནི་ད་ལྟ་བོད་མི་གཞིས་ཆགས་ཁག་ སྲས་བརྟན་དུ་གནས་ཐུབ་པར་འགྱུར་བ་དེ་ནི་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་ དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཀྱང་ཡིན་པས་བོད་རིགས་རྒན་དར་གཞོན་གསུམ་གྱི་ ྋརྒྱལ་བ་རིན་པོ་ཆེའི་རིན་ཐང་བྲལ་བའི་བཀའ་སློབ་དེ་དག་ལ་སློབ་སྦྱོང་དང་དོ་ སྣང་བྱེད་ནས་བོད་མི་རིགས་ཀྱི་ལས་དོན་ཐོག་ཏུ་སྔར་ལྷག་སེམས་ཤུགས་ཞུམ་པ་མེད་པ་ བྱེད་དགོས་པའི་དུས་ཚོད་ཅིག་ལ་ཐུག་ཡོད། དེ་ནས་རིམ་པས་སྔར་གྱི་གཞུང་འཛིན་ལམ་ལུགས་ལ་བཅོས་བསྒྱུར་གྱིས་དེང་སྐབས་སྤྱི་ འགྲོས་ལྟར་མང་གཙོའི་ལམ་དུ་བསྐྱོད་པའི་ཐུགས་བཞེད་ལྟར། ཕྱི་ལོ་ ༡༩༥༩ ཟླ་ ༩ ཚེས་ ༡༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་བོད་མིའི་ལུང་ཚན་སོ་སོའི་གནད་ཡོད་མི་ སྣ་ཁག་ཅིག་འདུས་འཛོམས་ཀྱིས་མནའ་གན་མཐུ་བོ་ཆེ་འཇོག་སྐབས་ྋརྒྱལ་བ་རིན་པོ་ཆེ་ མཆོག་ནས་ཆོལ་གསུམ་མི་མང་རྣམས་ལ་བླང་དོར་བཀའ་སློབ་ལས། “བོད་འདི་སྔར་ལྟར་མ་ཡིན་པར་ཆོས་སྲིད་གཉིས་ཀྱི་དམངས་གཙོའི་གཞུང་ཞིག་དགོས་པ་ གལ་ཆེར་བརྟེན་རྒྱ་ཆེའི་མི་དམངས་ཀྱི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་ མི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཁྲོས་ཆོས་ལུགས་ཆེན་པོ་བཞི་ནས་མི་འཐུས་མི་རེ་ དང༌། ཆོལ་ཁ་གསུམ་ནས་མི་འཐུས་གསུམ་རེ་བཅས་ཁུངས་སོ་སོར་མི་དམངས་ཁྲོད་དུ་ཤེས་ཡོན་ འབྱོན་ཐང༌། རྒྱལ་གཅེས། ལྷག་བསམ་ལྡན་པ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེབས་ ཀྱི་མིང་ཐོ་འོས་གྲངས་འཕྲལ་དུ་འབུལ་དགོས་”ཞེས་བླང་དོར་བཀའ་སློབ་སྤྱི་སྨིན་ སྩལ་གནང་མཛད་པས་མི་དམངས་ཀྱིས་ཁུངས་སོ་སོའི་འོས་འདེབས་མིང་ཐོ་འབུལ་ཞུས་དོན་ ལྟར། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་བཞག་ ཕྱག་རྟགས་སྩལ་གནང་མཛད། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ྋརྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་མཇལ་གྱི་དམ་འབུལ་དང་འབྲེལ་བོད་མི་རིགས་ ཀྱི་ཆོས་སྲིད་གཉིས་ཀྱི་དམངས་གཙོའི་གཞུང་དབུ་བརྙེས་པའི་མཛད་སྒོ་རྟེན་འབྲེལ་ བསྐྱངས། བཙན་བྱོལ་བོད་གཞུང་གི་གྲུབ་འབྲས་སྤྱི་དང་བྱེ་བྲག་ནང་དུ། ཟམ་གདོང་རིན་པོ་ཆེའི་གསུང་ལས། “ྋསྐྱབས་མགོན་རིན་པོ་ཆེས་དེ་དུས་ནས་དེ་ཙམ་གྱི་རླབས་ཆེ་བའི་དགོངས་པ་དེ་འཁོར་ ནས་ང་ཚོའི་སྤྱི་འཐུས་ལྷན་ཁང་དང་པོ་བཙུགས་དུས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་ པའི་སྤྱི་འཐུས་བཙུགས་པ་དེ་རླབས་ཆེན་གྱི་གཟི་བརྗིད་ཅིག་རེད་བསམ་གྱི་ཡོད།” ཅེས་དང༌།
ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༣ ཚེས་ ༡༠ བོད་མི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ྋརྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་མ་ འོངས་རྩ་ཁྲིམས་ཀྱིས་ཟིན་བྲིས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་སྐབས་བཀའ་སློབ་ལས། “ང་ཚོས་དེ་ལྟའི་གནས་ཚུལ་དྲན་པའི་སྒོ་ནས་སྙིང་ལ་རུས་པ་བཅུག་སྟེ་དེ་རིང་གིས་ འཐབ་རྩོད་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་སང་ཉིན་གྱི་གྲ་སྒྲིག་ཀྱང་བྱེད་དགོས། ལྷག་པར་སང་ཉིན་གྱི་གྲ་སྒྲིག་ཆེད་དུ་བསམ་བློ་གཏོང་དགོས་ལ་སྦྱོར་བ་རྩོམ་དགོས། དགོས་པ་དེའི་ཆེད་དུ་ལོ་གཉིས་ཀྱི་གོང་བོད་ཀྱི་རྩ་ཁྲིམས་སྙིང་དོན་མདོར་བསྡུས་ ཤིག་བཏོན་ཡོད། ད་རིང་རྩ་ཁྲིམས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། འདི་དག་འདྲ་ཆགས་ཆགས་དང༌། མགོ་སྐོར་གྱི་དོན་དུ་མིན་པར་མ་འོངས་པར་དངོས་སུ་ལག་ལེན་བྱེད་པའི་དོན་དུ་ཡིན་ སྟབས་འདི་ལ་རྒྱ་ཆེའི་མི་མང་ཚོས་བལྟ་རྟོགས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ ཡིན་”ཞེས་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཞིག་གནང་བ་དང༌། དེ་ནས་སྐབས་གཉིས་པ་ནས་ཆོལ་ཁ་རེ་ནས་བུད་མེད་རེ་སྤྱི་འཐུས་འཕར་སྣོན་གནང་བ་དང་ འབྲེལ་ནས་ཆོས་ལུགས་སྤྱི་མཚུངས་ལྟར་གཡུ་དྲུང་བོན་གྱི་ཆོས་ལུགས་སྤྱི་འཐུས་ གསར་བསྐོ་གནང༌། རིམ་པ་དམངས་གཙོའི་སྒྲིག་འཛུགས་སྲ་བརྟན་དུ་གྱུར་ནས་ལས་དོན་མཐའ་དག་གང་ཟག་གི་ དབང་བསྒྱུར་མ་ཡིན་པས་དམངས་གཙོའི་ཁྲིམས་ལུགས་མཐུན་པའི་ཐོག་ནས་ཁྲིམས་དང་ སྒྲིག་གཞི་ཐོག་ཏུ་བསྐྱོད་ཀྱི་ཡོད་པས་དེང་སྐབས་ཡར་རྒྱས་དང་ཆགས་ཚུད་ཀྱིས་ཕྱི་ ནང་གི་མི་རིགས་ཀུན་གྱི་བཙན་བྱོལ་བོད་གཞུང་གི་ཡར་རྒྱས་ལ་མིག་དཔེ་བལྟ་ས་ཞིག་ དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡུལ་ཅན་ཞིག་ཆགས་ཡོད། འདི་ནི་བོད་གངས་ལྗོངས་ཀྱི་དབུ་ཁྲིད་བླ་ན་མེད། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། འགྲོ་བ་འདྲེན་པའི་བླ་མ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེ་པོ་མཆོག་གི་ཐུགས་རྗེ་དང༌། མཛད་འཕྲིན་ཁོ་ན་ལས་བྱུང་བ་ཞིག་ཀྱང་ཡིན།
ལྷག་པར་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ནང་འགྱུར་བ་ཆེ་ཤོས་ནི་ཕྱི་ལོ་ ༢༠༠༡ ལོར་བོད་མི་མང་ཐད་ཀར་འོས་འདེབས་བཀའ་བློན་ཁྲི་པ་ཐོག་མ་མཁས་དབང་ཟམ་གདོང་རིན་ པ་མཆོག་མི་མང་འོས་འདེབས་གནང་བ་དང་། དེ་ནས་རིམ་གྱིས་༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ཆེ་བཞེས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་སྐབས་གསུམ་པའི་བཀའ་བློན་ཁྲི་པར་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་ཀྱི་ འགན་དབང་ཆ་ཚང་མི་མང་གི་འོས་འདེབས་གནང་བའི་འགོ་ཁྲིད་ལ་གནང་བ་མཛད་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་དམ་འབུལ་ཉིན་མོར་༸རྒྱལ་བ་རིན་པོ་མཆོག་བཀའ་སློབ་ལས། “ངོས་རང་སྒེར་ལ་ཆ་བཞག་ན་དེརིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང་”ཞེས་ཐུགས་དགྱེས་ ཚོར་ཆེན་པོའི་ཐོག་ནས་བཀའ་སློབ་ཟབ་མོ་ཕེབས་ཡོད། ༸རྒྱལ་བ་རིན་པོ་ཆེས་བོད་མི་མང་གི་འོས་གནང་བའི་འགོ་ཁྲིད་ཆབ་སྲིད་ཀྱི་འགན་ དབང་ཆ་ཚང་གནང་བ་དེས་རྟག་ཏུ་རྒྱ་དམར་གྱིས་སྤྱི་ཚོགས་རིང་ལུགས་རྙིང་པ་རོ་ལངས་ རྒྱབ་རྒྱུ་དམིགས་ཡུལ་ཡོད་པ་རེད་ཅེས་པའི་གཞི་མེད་ཀྱི་འཆམ་གཏམ་དེར་ལན་འདེབས་ གསལ་པོ་ཞིག་སྤྲད་ཡོད་པ་ནི་འབྲེལ་བརྗོད་ག་ལ་དགོས། བོད་མི་རིགས་ལ་བཀའ་དྲིན་ནི་༸རྒྱལ་བ་རིན་པོ་ཆེ་ལས་ཆེ་བ་སུ་ཞིག་མེད་ན། ཁོང་གི་བཀའ་སློབ་དེ་དག་སྙིང་དབུས་སུ་བཟུང་ནས་ལས་དོན་གནང་དགོས་པ་དེ་ནི་ལོ་ རྒྱུས་ཀྱི་བསྐུར་བའི་འགན་ཁྲི་ཞིག་རེད་སྙམ། བཀའ་ཁྲི་དམ་འབུལ་མཛད་སྒོའི་ཐོག་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་གཏམ་ བཤད་ལས། “མགོན་པོ་གང་གིས་བོད་མི་རིགས་ཡོངས་ལ་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་ཆོས་ སྲིད་གཉིས་ཀྱི་དབུ་ཁྲིད་བཟང་ཤོས་དང་། དུས་ཡུན་རིང་ཤོས་བར་མཛད་དེ། ཆོས་སྲིད་གཉིས་ཐད་ནས་འཇིག་རྟེན་ཁྱོན་ཡོངས་སུ་སྔོན་གྱི་༸རྒྱལ་དབང་སྐུ་ཕྲེང་ བཅུ་གསུམ་ཡོངས་རྫོགས་ཀྱི་མཛད་འཕྲིན་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ཆེས་ལྷག་ པའི་མཛད་འཕྲིན་ཞིག་བསྐྱངས་པར་མཛད་པ་དང་།” ཞེས་གསུང་དོན་ལྟར་བོད་མི་རིགས་ལ་བཀའ་དྲིན་སྐུ་ཕྲེང་བཅུ་བཞི་པ་ལས་ཆེ་བ་སུ་ ཞིག་ཡོད་གཏན་ནས་མེད་དོ། །དེར་བརྟེན་ཁོང་ལ་བློ་ཕམ་ཡོང་གཞིའི་རིགས་གཏན་ནས་བྱེད་མི་རུང་།
འགྲོ་བ་མིའི་བདེ་སྐྱིད་ནི་ནང་བསམ་བློ་ལ་ཐུག་ཡོད་པ་དང༌། ནང་བསམ་བློ་དེ་དག་བསྒྱུར་བཅོས་གཏོང་བའི་ཐབས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ ཀྱི་གཞན་ཕན་བསླབ་བྱ་འདི་དག་ལ་བརྟེན་ནས་སྐྱེ་འགྲོ་ཀུན་ལ་ཕན་ཐོག་རླབས་ཆེ་ཡོང་ གི་ཡོད་པ་བརྟེན་ནས་ནང་པ་སངས་རྒྱས་པ་ཆོས་ལུགས་འདི་ཉིད་མི་ཉམས་གོང་འཕེལ་དང་ ཉམས་པ་སླར་སོར་ཡོང་ཐབས་སུ་བོད་ཀྱི་ཆོས་ལུགས་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་ འདྲེས་བྱེད་རྒྱུ་དེ་ནི་ཧ་ཅང་གི་ལོ་རྒྱུས་ནང་དུ་གལ་གནད་ཅན་ཞིག་ཡིན་གཤིས། ཕྱི་ལོ་ ༡༩༥༩ ལོའི་བོད་ས་ཤོར་བ་དང་འབྲེལ་དང་ཐོག་དགེ་འདུན་སྡེ་རྣམས་པ་རྒྱ་གར་གྱི་མ་ས་མ་ རིལ་དུ་འབྱོར་ནས་ལམ་བཟོ་སོགས་སུ་བསྐྱོད་དགོས་བྱུང་ཡང་རིག་པ་སྒྲིམ་ནས་ལས་ དོན་བྱས་པའི་དབང་གིས་ཕྱི་མིའི་མཐོང་སྣང་ལ་ཡག་པོ་ཞིག་ཏུ་འགྱུར་ཡོད་པ་དང༌། རིམ་པའི་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་གྱིས་ནང་པ་སངས་རྒྱས་པའི་ ཆོས་ལུགས་ལ་ཉིན་རེ་བཞིན་དུ་དོ་སྣང་བྱེད་མཁན་འཛམ་གླིང་ནང་དུ་ཇེ་མང་དུ་གྱུར། དེ་བཞིན་མདོ་སྔགས་ཟུང་འབྲེལ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ ཅད་དུ་དར་ཞིང་རྒྱས་པ་དང༌། ཆོས་ལུགས་ཕན་ཚུན་དམ་ཚིག་གཅིག་བསྒྲིལ་ཡོང་བའི་ཆེད་དུ་ཕྱི་ལོ་ ༡༩༦༣ ཟླ་ ༡༡ ཚེས་ ༩ ཉིན་ྋརྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་དང་གཡུ་ དྲུང་བོན་བཅས་པའི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་རྣམས་པ་དང༌། མཁན་པོ་ལས་ཟུར་རྣམ་པ་སོགས་ཕེབས་ནས་ལྷན་ཚོགས་བཀའ་གྲོས་ལྷུག་པོ་གནང་སྟེ་ལྷན་ འཛོམས་གནང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆོས་ལུགས་ཕན་ཚུན་ལྷན་ཚོགས་གནང་ བ་ཐེངས་དང་པ་དེ་ཡིན། བོད་ཀྱི་ཆོས་ལུགས་ཕན་ཚུན་དམ་ཚིག་གཅིག་བསྒྲིལ་གྱུར་པ་དེ་ྋརྒྱལ་བ་རིན་པོ་ ཆེའི་ཆོས་ལུགས་རིས་མེད་པའི་གསན་བསམ་བཞེས་གནང་མཛད་པས་ས་སྟེང་ཡོངས་རྫོགས་ཀྱི་ བདག་པོ་བླ་ན་མེད་པ་ཞིག་ཏུ་གྱུར། དེ་ནས་ཆོས་ལུགས་སོ་སོའི་བཞེད་རྒྱུན་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ ཆེད་དུ་ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པ་གཙོ་བོར་འགྱུར་བའི་བླ་སྤྲུལ་དགེ་བཤེས་ རྣམས་པའི་ཐུགས་དགོངས་ཆེ་བཞེས་ཀྱིས་རྒྱ་བལ་འབྲུག་གསུམ་དུ་རིས་སུ་མ་མཆིས་པའི་ དགོན་སྡེ་དུ་མ་ཞིག་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་སྐྲུན་གནང་མཛད་པ་དང༌། དེའི་ནང་དུ་བསླབ་པ་སློབ་གཉེར་འདུལ་ཁྲིམས་དང་མཐུན་པའི་ཀུན་སྤྱོད་གཙང་ཞིང༌། སེམས་རྒྱུད་འདུལ་བ། འཆད་རྩོད་རྩོམ་གསུམ་གྱི་ཡ་མ་བྲལ་བའི་མཁས་གྲུབ་དུ་མ་ཞིག་གསོ་སྐྱོང་གནང་ཐུབ་ པ་བྱུང་ཡོད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ དགུ་པའི་སྟེང་དུ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་ལས། “ད་ལྟའི་དཀའ་ཚེགས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་ པོའི་བླ་ན་མེད་པའི་དབུ་ཁྲིད་འོག་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་རྫོགས་ ཕན་ཚུན་གྱི་འབྲེལ་བ་དང་མཐུན་ལམ་མཉམ་རུབ་བཅས་སྔར་ལས་ལྷག་པའི་ཆིག་བསྒྲིལ་གྱི་ ནུས་པ་གོང་མཐོར་ཕྱིན་ཡོད་པ། འདི་ནི་སྙིང་ནས་དགའ་སྤོབས་བྱ་འོས་པ་ཞིག་ཡིན། འདས་པའི་ལོ་ ༤༧ ནང་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་ཆོས་ཚོགས་ཐེངས་བརྒྱད་བསྐྱངས་པ་དེས་བོད་ བརྒྱུད་ནང་བསྟན་སྤྱི་དང་ཆོས་ལུགས་ཆོས་བརྒྱུད་སྒེར་བཅས་ལ་ཆོས་སྲིད་གང་ཅི་ཐད་ ནས་ཕན་ཐོགས་རླབས་ཆེན་བྱུང་ཡོད་”ཅེས་དང༌། ཕྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཧོན་སུར་གཞིས་ཆགས་སྒར་ དུ་སྩལ་བའི་བཀའ་སློབ་ལས། “ད་རེས་འདི་གར་གདན་ས་གསུམ་གཙོ་བོར་གྱུར་པའི་མངལ་ཁུལ་རིས་མེད་ཆོས་སྒར་ཁག་ནས་ དགེ་འདུན་དང་མི་སྐྱ་ཕོ་མོ་མང་པོ་ཞིག་འདུ་འཛོམས་བྱུང་འདུག །ཁྱོད་རང་ཚོ་ཚང་མ་འཚམས་འདྲི་ཡོད། ལོ་ཤས་གོང་སེ་རྭ་ཆོས་སྒར་དུ་སླེབས་པའི་སྐབས་ཤིག་དགེ་འདུན་སློབ་གཉེར་བ་ཁག་ ནས་ལྗང་དགུན་ཆོས་ཚོགས་ཏེ་དཔེ་ཆ་བ་སྟོང་ཕྲག་ཁ་ཤས་ནས་གཞུང་ཆེན་ཁག་ལ་དམ་བཅའ་ ཚོགས་ཏེ་ངོས་ནས་དངོས་སུ་མཐོང་སྐབས་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་ སྤེལ་གསུམ་བྱེད་པའི་སྲོལ་བཟང་ལེགས་པོ་ཞིག་ཡོད་པར་སེམས་ཧ་ཅང་སྐྱིད་པོ་ བྱུང་”ཞེས་ཐུགས་དགྱེས་འཚོར་ཆེན་པོའི་བཀའ་སློབ་ཕེབས་པ་དེ་དག་ལས་ཀྱང་གྲྭ་ས་ ཁག་གི་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་བདག་གཅེས་དང༌། འཛིན་སྐྱོང་སྤེལ་གསུམ་དང༌། དར་རྒྱས་ཇི་ཙམ་ཞིག་འཕེལ་རྒྱས་ཆེད་དུ་ཞབས་འདེབས་བླ་ན་མེད་པ་སྒྲུབ་བཞིན་ཡོད་ པ་རྟོགས་ཐུབ་པ་ཞིག་ཀྱང་རེད།
དེ་ཡང་ཕྱི་ལོ་ ༢༠༠༧ བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཆོས་རིག་བཀའ་བློན་མཆོག་གི་གསུང་བཤད་ལས། “རྒྱ་བལ་འབྲུག་གསུམ་དུ་རིས་མེད་དགོན་སྡེ་ཁག་གཉིས་བརྒྱ་བརྒལ་བའི་ནང་གྲྭ་ བཙུན་སྔགས་གསུམ་ཞལ་གྲངས་གསུམ་ཁྲི་ལ་ཉེ་བ་ཡོད་པ་རྣམས་ནས་སྔར་མི་བཞེད་རྒྱུན་ མི་ཉམས་རྒྱུན་འཛིན་ཐོག་དེང་དུས་ཀྱི་རིག་གཞུང་སློབ་སྤེལ་དང༌། ཕྱི་རྒྱལ་ཡུལ་ཁག་མང་པོར་ནང་ཆོས་ཀྱི་གོ་རྟོགས་རྒྱ་ཆེ་སྤེལ་དང་སྤེལ་བཞིན་ པ་”ཞེས་གསུང་པ་ལྟར་རེད།
དེ་བཞིན་དུ་འཕྲོད་བསྟེན་ནི་མིའི་སྤྱི་ཚོགས་ནང་དུ་ཧ་ཅང་གི་ལག་གནད་ཆེ་བའི་ལས་ དོན་ཞིག་ཡིན་པར་བརྟེན་ནས་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ཆེར་བཞིན་གྱིས་བོད་ གཞུང་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་ཕྱི་ལུགས་སྨན་པའི་ནད་གཞི་བཅོས་ཐབས་མེད་ པ་དེ་འདྲ་བོད་ལུགས་ཀྱི་སྨན་བཅོས་ཐུབ་པ་བྱུང་ཞིང༌། དེ་བཞིན་དུ་ཕྱི་ནང་གཉིས་ཀའི་མི་རིགས་ཁག་ལ་ཕན་ཐོག་ཆེན་པོ་ཡོང་གི་ཡོད་ལ། བོད་ཀྱི་གསོ་རིག་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་སྨན་རྩིས་སློབ་གཉེར་བྱ་ཡུལ་ དགོས་པ་དུ་མ་ཞིག་ལ་གཟིགས་ཏེ་ཟུར་འཛུགས་གནང་བ་དང་འབྲེལ་སྨན་སློབ་མང་པོ་ཞིག་ སློབ་མཐར་ཕྱིན་ནས་དེང་སྐབས་སྤྱི་ཚོགས་ནང་དུ་ལས་དོན་བྱེད་བཞིན་ཡོད། རྒྱལ་བལ་འབྲུག་གསུམ་དུ་སྨན་རྩིས་ཁང་ཡན་ལག་མང་པོ་ཞིག་གསར་འཛུགས་ཐུབ་པ་ཡང་ བྱུང་སྟེ་མི་དམངས་ཀྱི་རེ་འདོད་གནང་བ་ལྟར་ཕན་ཐོག་ཆེན་པོ་ཞིག་ཀྱང་འབྱུང་བཞིན་ ཡོད། དེ་བཞིན་དུ་ཕྱི་ལུགས་སྨན་བཅོས་བྱེད་ཡུལ་བདེ་ལེགས་སྨན་ཁང་གསར་འཛུགས་གནང་སྟེ་ ལས་དོན་བྱེད་བཞིན་ཡང་ཡོད་ལ། དེ་ཡང་མཛད་རྣམ་སྙིང་བསྡུས་ལས། “ཕྱི་ལོ་ ༡༩༦༡ ལོ་བཞུགས་སྒར་དྷ་རམ་ས་ལ་བོད་གཞུང་སྨན་རྩིས་སྐྱར་དུ་གསར་འཛུགས་མཛད་ནས། བོད་ཀྱི་གསོ་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཡོད། ད་བར་སྨན་པ་ ༢༧༢ དང༌། སྐར་རྩིས་པ་ ༥༣ ཙམ་གསོ་སྐྱོང་སྦྱོང་བརྡར་གནང་ཡོད་པ་དང༌། སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་མི་དམངས་ཀྱི་བདེ་རྩར་དམིགས་ཏེ་རྒྱ་བལ་འབྲུག་ གསུམ་ནང་བོད་མི་འདུ་སྡོད་བྱེད་ཡུལ་ས་ཁུལ་ཆེ་ཁག་དང་གྲོང་ཁྱེར་ཆེ་ཁག་ནང་ཡན་ ལག་སྨན་ཁང་ ༤༩ ཙམ་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་གཉིས་ལའང་ཡན་ལག་སྨན་ཁང་བཙུགས་ཐུབ་པ་བྱུང་ཡོད་”ཅེས་དང༌། ཡང་”བོད་གཞུང་བདེ་ལེགས་སྨན་ཁང་གཙོས་པའི་རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ ཁོངས་གཏོགས་ཕྱི་ལུགས་ཡན་ལག་སྨན་ཁང་ ༤༩ ཙམ་ཡོད་”ཅེས་གསལ་འདུག་པ་དང༌། དེ་དག་ནང་དུ་སྨན་པ་དང༌། ནད་གཡོག །འཕྲོད་བསྟེན་པ་སོགས་གང་མང་ཞིག་ཆེ་ལས་ལ་སྦྱོང་བརྡར་ཐོན་ནས་བོད་པའི་སྤྱི་ ཚོགས་ལ་ཕན་པའི་ལས་དོན་བྱེད་བཞིན་ཡོད། གང་ལྟར་མདོ་བསྡུས་ནས་བཤད་ན་རྒྱལ་ཁབ་རང་བཙན་ཡོད་པའི་ལུང་པ་ཞིག་གི་བྱེད་མ་ ཐུབ་པ་མང་པོ་ཞིག་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ ནས་བཙན་བྱོལ་བོད་གཞུང་གནང་ཐུབ་པ་དེ་ནི་ཆེས་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཀྱང་ མ་རེད་དམ། ཕྱི་ལོ་ ༡༩༥༩ ལོ་བོད་ས་ཤོར་ནས་ྋརྒྱལ་བ་རིན་པོ་ཆེ་གཙོས་པ་བོད་གཞུང་བཀའ་ཤག་དང་བཅས་པ་བཙན་ བྱོལ་ལ་ཕེབས་དགོས་བྱུང་ཡང་བོད་ཀྱི་གཏམ་དཔེ་གསེར་ས་འོག་ཡོད་ཀྱང་འོད་མཁར་ཁྱབ་ ཅེས་པའི་དཔེ་ལྟར་རིམ་གྱི་ྋརྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ས་གསུམ་ཀུན་ ཏུ་ཁྱབ་ཅིང༌། རྒྱལ་ཁབ་དུ་མ་ཞིག་གི་གདན་ཞུ་ལྟར་ཆིབས་སྒྱུར་བསྐྱངས་ཏེ་རྒྱལ་ཁབ་ཀྱི་དབུ་ ཁྲིད་ཁག་དང༌། ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ཁག་གི་དབུ་ཁྲིད་རྣམས་ལ་མཇལ་འཕྲད་ཀྱི་སྐབས་སུ་བོད་མི་རིགས་ཀྱི་དོན་དག་གཅིག་ པུ་མ་ཡིན་པས་འགྲོ་བ་ཡོངས་ཀྱི་ཐུགས་འགན་བཞེས་ཏེ་བཀའ་སློབ་ཟབ་མོ་གནང་གི་ཡོད་ པའི་དབང་གིས་བློ་ཟུར་བོར་གནས་པའི་མཁས་དབང་དུ་མ་ཞིག་ལ་སྔར་བྱུང་མྱོང་མེད་ པའི་སེམས་ཁམས་སུ་འཇིག་རྟེན་ཀུན་གྱི་བདེ་དོན་ཆེད་དུ་དོ་སྣང་གསར་པ་ཞིག་སླེབས་ པའི་ཕན་ཐོག་ཆེན་པོ་ཞིག་ཡོང་གི་ཡོད། འཛམ་གླིང་དུ་ཉིན་རེ་བཞིན་དུ་ྋརྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ཡར་ངོ་ཟླ་བཞིན་ རྒྱས་ནའང་བོད་གཅིག་པུར་རྒྱལ་ཁ་གཅིག་ཆོད་ལྟ་བུ་མ་ཡིན་པའི་བོད་རྒྱལ་གཉིས་ཀ་ ཁེ་ཕན་ཆེད་དུ་དགོངས་པ་བླ་མེད་དུ་བཞེས་ཏེ་སྔོན་འགྲོ་གྲོས་འཆར་དོན་ཚན་ལྔ་བྱས་ པ་ཞིག་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་རྒྱ་ཞི་ འགྲིགས་སྔོན་འགྲོ་གྲོས་འཆར་དོན་ཚན་ལྔ་བསྩལ་གནང་མཛད་པ་དང༌། དེ་བཞིན་སི་ཊས་སི་སྦག་གྲོས་འཆར་དེ་རྒྱས་བཤད་ཀྱང་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༩༨ གྱི་གསུམ་བཅུ་དུས་དྲན་གསུང་འཕྲིན་ལས། “ང་ཚོའི་འཐབ་རྩོད་ཀྱི་ལས་ཕྱོགས་འགྱོད་པ་མེད་པ་ཞིག་ཡོང་ཐབས་སུ་ངོས་ནས་མང་ མོས་འོས་བསྡུ་བྱ་རྒྱུའི་བསམ་འཆར་བཏོན་པ་དེ་སྐོར་ན་ནིང་བཙན་བྱོལ་དུ་ཡོད་པའི་ བོད་མི་དང༌། དེ་བཞིན་བོད་ནང་མི་མང་གི་བསམ་འཆར་གང་ཐུབ་བསྡུ་ལེན་བྱས་པ་དང༌། ཁོང་ཚོའི་བསམ་འཆར་ཇི་ལྟར་བྱུང་བའི་ནང་ནས་མང་མོས་གཞི་རྩར་བཞག་སྟེ་བོད་མི་མང་ སྤྱི་འཐུས་གྲོས་ཚོགས་ཀྱིས་ཐོག་ནས་གྲོས་ཆོད་བཞག་པ་དེའི་ནང་མང་མོས་འོས་ བསྡུའི་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཕྱིར་འཐེན་ཡོང་བ་དང༌། ངོས་ནས་གང་དགེའི་ཐག་གཅོད་བྱེད་དགོས་ཞེས་འདུག །མི་མང་ནས་ངོས་ལ་རེ་བ་དང༌། ཡིད་ཆེས་བློས་འཁེལ་དེ་ལྟ་བུ་བྱས་པ་ལ་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ ཞིང༌། ལག་ལེན་འཁེལ་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་བོད་མི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་ དང༌། རྒྱ་ནག་གིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་དང་བརྟན་ལྷིང་ལའང་ཕན་ཐོག་ངེས་ཡིན་ པར་བརྟེན། ངོས་ནས་ལངས་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྒྱ་ནག་གི་མགོ་ཁྲིད་ཚོར་འབྲེལ་མཐུད་ ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་”ཞེས་གསུང་པ་ལྟར། མི་མང་གི་རེ་འདོད་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་གཏན་ལ་ཕབ་པའི་སྲིད་ཇུས་ཞིག་ཀྱང་ གྱུར་ཡོད། བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག་ལས། “ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༢༠༠༠ ལོའི་བར་རྒྱལ་ཁབ་ལྔ་བཅུ་ང་བདུན་ལ་ཕེབས་བཞུད་བསྐྱངས་”ཞེས་དང༌། དེ་ཡང༌། རྟེན་བསྟོད་ལས།
རི་རབ་ལྟ་བུར་བརྟན་པའི་ཐུགས།། བྱམས་པའི་རླུང་ཤུགས་ཀྱིས་བསྐྱོད་དེ།།
ཤིང་བལ་བཞིན་དུ་སྲིད་པ་འདིར།། འགྲོ་བའི་དོན་དུ་གཡོ་བ་ལགས།།
ཞེས་པ་ལྟར། བོད་ཙམ་མ་ཡིན་པའི་མཁའ་མཉམ་གྱི་སྐྱེ་འགྲོ་ཡོང་ལ་ཐུགས་བརྩེ་བ་ཆེན་པོའི་དམ་ པའི་ཆོས་ཀྱི་ཆར་པ་དབབ་པ་བཅས་ཀྱི་འགྲོ་བ་མང་པོ་ཞིག་ལ་ལུས་སེམས་ལ་གཏན་བདེ་ ཐུབ་པར་འགྱུར། ཡང་བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག་ལས། “གོང་གསལ་རྒྱལ་ཁབ་འདི་དག་ཏུ་ཕེབས་བཞུད་བསྐྱངས་པ་ནི་ྋསྐྱབས་མགོན་ཏཱ་ལའི་བླ་ མའི་སྒེར་དོན་དང་བླ་བྲང་གི་ཆེད་དུ་མིན་ལ། བོད་ཀྱི་བསྟན་སྲིད་ཁོ་ནའི་ཆེད་ཕེབས་པ་ཞིག་ཀྱང་མིན། འོ་ན་ཅི་ཡིན་ཞེ་ན། དགྲ་གཉེན་མཉམ་ཉིད་ཀྱི་བྱམས་བརྩེའི་རིག་གཞུང་གིས་འཛམ་གླིང་ཁོར་ཡུག་དང་བཅས་ པའི་མི་རིགས་ཧྲིལ་པོར་ཞབས་འདེབས་དང་ཁེ་ཕན་སྒྲུབ་པའི་ཆེད་དུ་ཡིན་ཞེས་བཤད་ ཆོག” །ཅེས་པ་ལྟར། བོད་དོན་ཙམ་མ་ཡིན་འགྲོ་བ་ཡོངས་རྫོགས་ཀྱི་བདེ་བའི་ཆེད་དུ་མི་མཐུན་པ་རིགས་ཞི་ བའི་ཐོག་ནས་སེལ་ཐབས་དང༌། ཆོས་ལུགས་ཕན་ཚུན་གཅིག་བསྒྲིལ་གྱིས་འཛམ་གླིང་ཞི་བདེའི་གནས་སུ་ཁྲིད་ཐུབ་པའི་ ཆོས་བརྒྱུད་སོ་སོའི་དབུ་ཁྲིད་རྣམས་པའི་ཐུགས་དགོངས་བཞེས་དགོས་པའི་བཀའ་སློབ་ རིམ་པ་གནང་བ་དང༌། དེ་བཞིན་དུ་འཛམ་གླིང་སྤྱིའི་ཁོར་ཡུག་ལ་མིའི་མཛད་སྤྱོད་མང་བའི་དབང་གིས་ཕྱི་ སྣོད་ཀྱི་འཇིག་རྟེན་གྱི་ཁོར་ཡུག་ལ་གནོད་སྐྱོན་འཚབ་ཆེ་འགྱུར་བཞིན་ཡོད་པའི་ དེ་དག་ལ་འཛམ་གླིང་མི་མང་ཡོངས་ཀྱི་འགན་འཁུར་དང་དོ་སྣང་བྱེད་དགོས་པའི་བཀའ་ སློབ་གནང་བ་དང་འབྲེལ་ྋརྒྱལ་བ་རིན་པོ་ཆེའི་ཞལ་རས་འཛུམ་མདངས་དང༌། རིན་ཐང་བྲལ་བའི་བླང་དོར་གྱིས་བཀའ་སློབ་ལམ་སྟོན་གནང་བ་དེ་དག་ལ་འཛམ་གླིང་གི་ གནད་ཡོད་མི་སྣ་དང་བློ་ཟུར་བོར་གནས་པའི་མི་དམངས་ལ་སྔར་བྱུང་མྱོང་མེད་སེམས་ ཁམས་སུ་བདེ་སྐྱིད་མེ་དྲོད་རེ་སྦྱིན་ཏེ་འཛམ་གླིང་ཀུན་གྱི་ཞི་བདེའི་དེད་དཔོན་ ཆེན་པོ་ཞིག་ཏུ་གྱུར་པ་བརྟེན་ནས། འཛམ་གླིང་ནང་གི་བྱས་རྗེས་ཅན་གྱི་མི་སྣ་ཁག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ འབུལ་སྲོལ་ཡོད་པ་ལྟར། བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག་ལས། “ཕྱི་ལོ་ ༡༩༨༩ ལོའི་གཟེངས་རྟགས་དེའི་འོས་མིག་ཁོངས་སུ་གྲགས་ཅན་མི་སྣ་བདུན་ཅུ་དོན་དྲུག་དང༌། ཚོགས་སྡེ་ཉེར་ལྔ་ཡོད་པའི་ནང་ནས་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ ཁྲིད་ྋརྒྱལ་བ་རིན་པོ་ཆེར་འབུལ་རྒྱུ་ཕྱི་ལོ་ ༡༩༨༩ ཟླ་ ༡༠ ཚེས་ ༥ ཉིན་ཆེས་གཟི་བརྗིད་ལྡན་པའི་གསལ་བསྒྲགས་དེ་ཉིད་འཛམ་གླིང་གི་ས་ཕྱོགས་ཡོངས་སུ་ བསྒྲགས་ཤིང༌། ལྷན་ཚོགས་དེས། ཏཱ་ལའི་བླ་མ་མཆོག་གི་བོད་མི་བཅིངས་བཀྲོལ་གཏོང་བའི་འཐབ་རྩོད་ཐད་རྒྱུན་དུ་ འཚེ་བ་ཅན་གྱི་ཐབས་ལམ་ལ་བརྟེན་རྒྱུར་དགག་ཆ་གནང་བ་དེ་ལྷན་ཚོགས་ཀྱིས་ནན་བཤད་ བྱས་ཤིང༌། ད་བར་ཁོང་གིས་བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་ཤུལ་རྒྱུན་གཅེས་ སྲུང་གི་དོན་དུ་ཕན་ཚུན་ཡིད་ཆེས་དང་བཟོད་སྒོམས་གཞི་རྩར་བཟུང་བའི་ཐོག་ནས་དཀའ་ ངལ་སེལ་ཐབས་ཀྱི་འབད་བརྩོན་གནང་ཡོད། ཏཱ་ལའི་བླ་མ་མཆོག་གི་ཞི་བདེའི་དགོངས་པ་དེ་སེམས་ལྡན་ཡོངས་ལ་བརྩི་མཐོང་དང༌། ལྷག་པར་འགྲོ་བ་མི་དང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཡོངས་ཁྱབ་འགན་འཁུར་ གྱི་ལྟ་བ་ལས་བྱུང་བ་ཞིག་ཡིན། ནོ་ཝེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཏཱ་ལའི་བླ་མ་མཆོག་གིས་ཕན་ཚུན་ལྡན་ཞིག་ ཕུགས་རྒྱངས་རིང་པོའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་འཁྲུག་རྩོད་ཁག་ཞི་ཐབས་ དང༌། འགྲོ་བ་མིའི་ཐོབ་ཐང་གི་འགན་འཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་མཛད་འཕྲིན་ཕུལ་དུ་བྱུང་བ་བསྐྱངས་ ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་”ཅེས། གོང་གི་མཛད་འཕྲིན་དེ་དག་ལ་བརྟེན་ནས་ཏཱ་ལའི་བླ་མ་མཆོག་ལ་ནོ་ཝེལ་གཟེངས་རྟགས་ ཕུལ་བ་ཞིག་ཡིན་པས་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་བསྐྱངས་ཡོད། དེ་བཞིན་དུ་རྒྱ་ནག་གི་མཁས་དབང་ཝང་རོ་ཝང་གིས་རྩོམ་ཡིག་ལས། ལོ་ངོ་བཅུ་ཕྲག་འགའི་རིང༌། ཏཱ་ལའི་བླ་མས་ཞི་བདེ་དང་དྲང་ཚུགས་འཚེ་བ་མེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ གནང་སྟེ། བོད་མི་ས་ཡ་དྲུག་པོ་རྒྱ་ནག་གི་མནར་གཅོད་ལས་ཐར་ཏེ། རང་དབང་དང་རང་ཚུགས་ཐོབ་ཐབས་སུ་འབད་བརྩོན་གནང་བཞིན་པ་རེད། རྒྱལ་སྤྱིའི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་བསྟོད་ བསྔགས་འབུལ་བཞིན་ཡོད་ཅེས་བསྟོད་བསྔགས་གནང་ཡོད། ཞི་བདེའི་གཟེངས་རྟགས་ཐུབ་པའི་རྗེས་ྋརྒྱལ་བ་རིན་པ་ཆེའི་བཀའ་སློབ་ལས། “ང་ལ་ཞི་བདེའི་བྱ་དགའ་རག་པ་འདིས་ནང་པ་སངས་རྒྱས་པའི་དགེ་སློང་ཞིག་ཡར་མཐོ་གང་ མཐོ་རུ་འགྲོ་རྒྱུ་དང༌། མར་དམའ་རུ་འགྲོ་རྒྱུ་ཞིག་ཡོད་མ་རེད། ང་ནི་དེ་ག་རང་ལ་བསྡད་ཡོད་”ཅེས་བཀའ་སློབ་ཕེབས་ཡོད་པ་ལྟར། བྱ་དགའི་དངུལ་དེ་དག་རིམ་པ་གསུམ་ལ་བགོ་གནང་སྟེ་དཀའ་སྡུག་སྣ་མང་དཀྱིལ་ལ་འཚོ་ བའི་དབུལ་ཕོངས་ལ་སོགས་པའི་དཀའ་སྡུག་ཅན་རྣམས་ལ་ཞབས་འདེབས་གནང་ཡོད། དེ་བཞིན་དུ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་འཚམས་འདྲི་དང་ཤིས་བརྗོད་གྲངས་ལས་ འདས་པ་ཞིག་བརྙན་འཕྲིན་དང༌། གློག་བརྙན། ཚགས་ཤོག་ཆེ་ཆུང་མང་པོ་ཞིག་གི་ནང་ཁྱབ་སྤེལ་བྱས་ཡོད་ལ། ཡང་བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག་ལས། “ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཆོད་གཉིས་བཞག་ཡོད་པ་ལས། བོད་ཀྱི་ནང་པ་ས་ཡ་མང་པོའི་ཆོས་ཀྱི་སློབ་དཔོན་དང༌། བོད་མི་དམངས་ཀྱི་དབུ་ཁྲིད་ཅིག་པ་དང༌། དེ་བཞིན་ཁོང་གིས་གཏན་དུ་དྲང་བདེན་གོང་མཐོར་སྤེལ་བ་དང༌། ཆོས་ལུགས་དང་རྒྱལ་ཁབ། ཆབ་སྲིད་ཀྱི་ལྟ་བ་སོགས་ཀྱི་རྣམ་དབྱེ་མེད་པར་བཙན་གནོན་གྱིས་མནར་བའི་མི་དམངས་ ཚོར་རེ་བ་སྦྱིན་གནང་བ་དང༌། སྐྱེ་བོ་ཕོ་མོ་ཀུན་གྱི་ཐོབ་ཐང་དང་ཆེ་མཐོང་ལ་གཙེགས་ཆེར་འཛིན་གནང་གི་ཡོད།” ཅེས་སོགས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་གྲངས་མེད་འཐོར་གནང་ཡོད། རྒྱ་གར་གྱི་སྲིད་བློན་ཨར་བན་ཀ་ཊ་རཱ་མན་ནས་ཀྱང༌། “ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རྟག་ཏུ་འཚེ་བ་ཡོངས་སུ་སྤངས་པའི་སྒོ་ནས་ཞི་ མཐུན་གྱི་ཐབས་ལམ་ཟབ་མོ་ཁོ་ནར་འཇུག་པའི་རྒྱ་ཁྱབ་ཀྱི་མཛད་ཇུས་ཡང་དག་ཅིག་ཕྱག་ ལེན་དུ་བསྟར་གནང་བ་དང༌། ལྷག་པར་ས་སྟེང་གི་སྐྱེ་འགྲོ་ཀུན་ལ་བྱམས་པ་དང༌། བརྩེ་བ་ཁོ་ན་ཕྱག་བཞེས་བསྐྱངས་པའི་ཁྱད་ཆོས་བཟང་པོ་རྣམས་ངོས་འཛིན་ཞུས་ ཏེ་”ཞེས་སོགས་ཀྱི་རྒྱ་གར་མི་དམངས་ཀྱི་རྒྱ་སྐྱོར་མཚོན་ཆེད་དུ་སྦྲགས་ཆེ་བཀོད་ འབུལ་ཡོད། རྒྱ་གར་གྱི་གསར་ཤོག་ཊིར་སྦུན་ཞེས་པ་ལས། “ད་རེས་ཀྱི་གཟེངས་རྟགས་འདིར་ཆབ་སྲིད་འགྱུར་ལྡོག་དང་ཞི་བདེ་ལ་དགའ་མོས་ཡོད་ མཁན་ཚོས་སྤྲོ་བ་འཕེལ་བའི་སྒོ་ནས་དགའ་བསུ་ཞུ་རྒྱུ་རེད། བཙན་བྱོལ་བའི་དབུ་ཁྲིད་ཙམ་དུ་མ་ཟད་འཛམ་གླིང་དབུ་ཁྲིད་མཁན་གྱིས་གནང་མ་ཐུབ་པ་ ཞིག་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཐུབ་ཡོད་ཅེས་དང༌། ཡང༌། ཝེ་སེ་ཊིས་ཇིར་ནཱལ་ཞེས་པའི་གླིང་བརྗོད་ལས། “ གཟེངས་བསྟོད་འདིས་རྒྱ་ནག་གི་བཙན་གནོན་ཡོད་པའི་བོད་མི་རྣམས་ཀྱི་བློ་སྟོབས་ རྒྱས་རྒྱུ་རེད། ལོ་ངོ་བཞི་བཅུའི་རིང་རྒྱ་ནག་དམར་པོའི་བཙན་གནོན་འོག་བོད་མིས་མྱངས་དང་མྱོང་ བཞིན་པའི་སྡུག་བསྔལ་རྣམས་འཛམ་གླིང་ཐོག་ཏུ་ཞུ་འབོད་བྱས་པར་བདེན་འབྲས་ཐོབ་པ་ རེད།” ཅེས་དང༌། ཧིན་དུ་སི་ཐན་ཀྲམ་སེ་ཞེས་པའི་གླིང་བརྗོད་ལས། “འཛམ་གླིང་ཞི་བདེའི་གཟེངས་བསྟོད་འདིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་འཚེ་མེད་ ཞི་བདེའི་ལམ་ལ་ཡིད་ཆེས་བརྟན་པོ་གནང་བ་དེ་འཛམ་གླིང་ཡོངས་ནས་ངོས་འཛིན་གྱིས་ ཆེ་བསྟོད་ཕུལ་བ་ཞིག་དང༌། འཛམ་གླིང་གི་ཁྱོན་འདིར་གང་ཉིད་ཞི་བདེའི་ཕོ་ཉར་ངོས་འཛིན་ཞུས་པ་མཚོན་”ཞེས་ དང༌། དེ་བཞིན་དུ་ཨ་རིའི་ཝ་ཤིན་ཊོན་ཕོའོ་སཱིཊ་ཚགས་ཤོག་ཐོག་ལ་ཨ་རིའི་གཞུང་ཚབ་ཞིག་ གིས། “ང་ཚོས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་དང༌། མཁྱེན་རབ་འགྲན་ཟླ་བྲལ་བའི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཞིག་ཡིན་པར་ངོས་འཛིན་ གྱི་བསྔགས་བརྗོད་ཞུ་བཞིན་ཡོད།” ཅེས་ལ་སོགས་པའི་འཛམ་གླིང་གི་ས་ཕྱོགས་གང་སར་ྋརྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ དེ་དག་ལ་འཚམས་འདྲི་གྲངས་ལས་འདས་པ་བསྔགས་བརྗོད་ཀྱི་མེ་ཐོག་འཐོར་ཡོད། གསོལ་འདེབས་རྡོ་རྗེའི་གཡར་དམ་ལས། “དེ་ལྟ་བུའི་མཛད་འཕྲིན་ལ་བརྟེན་ནས་གསང་གསུམ་གྱི་སྙན་པའི་གྲགས་པ་ཕྱོགས་ཀུན་ ཏུ་ཁྱབ་ཅིང༌། གཞན་ཕན་གསུང་གི་སྒྲ་དབྱངས་ཀྱིས་མཆོག་དམན་སྐྱེ་བོ་ཡོངས་ཀྱི་སེམས་ནས་སྔ་ན་མ་ བྱུང་བའི་ཞི་བའི་བདེ་བ་ཐོབ་སྟེ། ྋགོང་ས་ཏཱ་ལའི་བླ་མ་ཞེས་ངང་ངམ་ཤུགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་རྣམ་པ་འགོག་ མེད་དུ་སྟོན་ཅིང༌། རང་རང་གི་སྤྱི་བོའི་གཙུག་ཏུ་བཀུར་བཞིན་པར། འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་ ཆོས་དང་རིག་གཞུང༌། ཚན་རིག་དང་སེམས་ཀྱི་རྣམ་གཞག་སོགས་ལ་མཁྱེན་པ་མཐའ་དང་བྲལ་བའི་ཆེ་བརྗོད་གཟེངས་ བསྟོད་ཀྱི་བྱ་དགའ་མང་དག་བཞེས་ཏེ་འཛམ་གླིང་ཆེ་རྒུ་མཐའ་དག་གི་གཙུག་ཏུ་བཀུར་ ཞེས་དང༌། དེ་བཞིན་དེ་སྔོན་བོད་ཅེས་པའི་གོ་མྱོང་མེད་པའི་རྒྱལ་ཕྲན་དུ་མ་ཞིག་ལ་བོད་ཀྱི་ ལོ་རྒྱུས་དང་ད་ལྟའི་གཞན་དབང་བཙན་གནོན་འོག་ཏུ་དཀའ་སྡུག་ཚད་མེད་མྱོང་བཞིན་ ཡོད་པ་སོགས་ཀྱི་གོ་རྟོགས་རྒྱལ་ཁྱབ་ཏུ་འགྱུར་བ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་ནི་ བརྗོད་མ་དགོས་སོ།
ཐེ་ཝན་ནས་སྔ་ཕྱི་རིམ་པའི་ྋརྒྱལ་བ་རིན་པོ་ཆེ་མཆོག་ཕེབས་གནང་ཡོང་བ་གདན་ཞུ་ རིམ་པ་འབྱོར་དོན་ལྟར། ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༢༢ ཉིན་དངོས་སུ་ཐེ་ཝན་ལ་གཟིགས་སྐོར་ཉིན་དྲུག་གི་རིང་དུ་ཞབས་སོར་བཀྲིན་བསྐྱངས་ ནས་མི་དམངས་འབུམ་ཕྲག་དུ་མ་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་ཟབ་རྒྱས་ཞུས་ཤིང༌། དེ་སྔོན་ཐེ་ཝན་བོད་སོག་ལས་ཁུངས་ཞེས་པའི་དེས་བོད་མིའི་སྤྱི་ཚོགས་ནང་དུ་དངུལ་ སྒོར་མང་པོ་ཞིག་སྤྲད་དེ་དཀྲུག་ཤིང་རྒྱབ་སྟེ་བོད་མི་ནང་ཁུལ་མི་མཐུན་པའི་ཆེད་ དུ་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པས། ྋརྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་བ་ནས་བཟུང་སྟེ་དེ་དག་ཡོངས་རྫོགས་རང་བཞིན་དུ་ མེད་པར་གྱུར་ནས་ཕན་ཚུན་གཉིས་ཀར་ཕན་ཐོག་རླབས་ཆེན་ཞིག་ཀྱང་བྱུང་ཡོད། ཕྱི་ལོ་ ༡༩༥༦ ནས་ ༢༠༠༠ བར་དུ་འཛམ་གླིང་ཡུལ་གྲུ་ཁག་ནས་གཟེངས་རྟགས་དང་ཕྱག་འཁྱེར་དྲུག་ཅུ་རེ་གསུམ་ ལྷག་ཙམ་བཞེས་གནང་མཛད་ཡོད། ཅེས་ྋརྒྱལ་མཆོག་ཡབ་སྲས་ཀྱི་མཛད་རྣམ་ནང་གསལ།
ཤེས་བྱ་གསར་ཤོག་ལས། “ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༢༨ ཉིན་ཁེ་ཎ་ཌའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ནས་ྋརྒྱལ་བ་རིན་པོ་ཆེ་མཆོག་ ལ་རྒྱལ་ཁབ་རིམ་པའི་མཚན་མཐོང་ཆེ་ཤེས་ཀྱི་བྱ་དགའ་འབུལ་རྒྱུའི་གྲོས་ཆོད་ནང་དུ་ ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་ཟིན་པའི་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་བོད་ ཀྱི་གནད་དོན་ཞི་བས་ཐག་གཅོད་ཡོང་ཐབས་སུ་ཟབ་ཡངས་དཀྱེལ་ཆེའི་སྒོ་ནས་རྒྱ་ནག་ གཞུང་དང་འབྲེལ་མོལ་རིམ་པ་གནང་སྟེ་རྙོག་ཁག་ཞི་བས་ཐག་གཅོད་ཀྱི་མཛད་ཁུར་ཆེན་ པོ་ཞིག་བཞེས་བཞིན་ཡོད་པ་ནི་འཛམ་གླིང་ཐོག་ཀུན་གྱིས་སེམས་ཁུར་བྱེད་ཡུལ་དུ་ གྱུར་ཏེ་ཕྱི་ལོ་ ༡༩༨༩ ལོར་ཆེས་སྙན་གྲགས་ཆེ་བའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་དེང་འཛམ་གླིང་ནང་ཞི་བདེ་དང༌། ཆོས་ལུགས་མཛའ་མཐུན། མིའི་གཞི་རྩའི་རིན་ཐང་གོང་སྤེལ་བཅས་པའི་ནང་མཛད་རྗེས་གཟེངས་ཐོན་གྱི་མཚན་དོན་ གཉིས་ལྡན་གྱི་ཆོས་ཕྱོགས་དབུ་ཁྲིད་ཡིན་པར་མ་ཟད། འཇིག་རྟེན་མང་བཀུར་གྱི་རླབས་ཆེན་གྱི་ཞི་བདེའི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད་ ཅེས་པ་སོགས་ཀྱི་ཁེ་ཎ་ཌའི་གྲོས་ཚོགས་གོང་འོག་གི་གྲོས་ཆོད་ཁག་གི་སྔོན་གླིང་ ནང་འཁོད་ཡོད།
ཕྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༡༠ ཉིན་ྋརྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༡༧ འཁོར་བའི་དུས་དྲན་ཉིན་མོ་དེ་དང་བསྟུན་ཨུ་རུ་སུའི་རང་སྐྱོང་མངའ་ཁུལ་ཁལ་མུག་ སྤྱི་མཐུན་གྱི་ཆེ་བསྟོད་གཟེངས་རྟགས་མཐོ་ཤོས་པདྨ་དཀར་པོའི་གཟེངས་རྟགས་དེ་ ྋརྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད། དེ་ཡང་བཀའ་སློབ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས། “ཁྱད་པར་ཁ་བའི་ལྗོངས་ཀྱི་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་ དགོངས་ཏེ་ཞབས་ཟུང་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་རྟག་བརྟན་གཞོམ་ཞིག་བྲལ་བར་ འཚོ་ཞིང་གཞེས་པའི་གསོལ་འདེབས་ཀྱང་ཞུ།” ཞེས་དང༌། ཡང་”སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རིས་སུ་མ་ཆད་པའི་རྒྱལ་ཁབ་ དང༌། མི་རིགས། ཚོགས་སྡེ་རྣམས་ཀྱིས་བྱ་དགའ་དང༌། གཟེངས་བསྟོད། ཕྱག་འཁྱེར་སོགས་བརྒྱ་ཕྲག་བརྒལ་བ་ཞིག་མགོན་པོ་གང་གི་རླབས་ཆེན་གྱི་མཛད་འཕྲིན་ ལ་བཅོས་མིན་རྗེས་སུ་ཡི་རངས་དབང་གིས་རང་འདོད་དང་བླངས་ཀྱིས་དད་འབུལ་ཞུས་པ་དེ་ དག་༧གོང་ས་ཆེན་པོས་ཐུགས་བརྩེ་བས་དགྱེས་བཞེས་མཛད་ཡོད་ཅིང༌།” ཞེས་གསུང་བཤད་གནང་བ་དང༌། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་གྱི་ཚོགས་གཙོས་གསུང་བཤད་ལས། “ཡངས་པའི་རྒྱལ་ཁམས་ཀུན་ཏུ་འཁྲུག་རྩོད་ཞི་ཞིང༌། རང་དབང་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་རོལ་ཆེད་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ ཀྱིས་ཤར་ནུབ་ཡུལ་གྲུ་མང་པོར་ཡང་ནས་ཡང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་བྱམས་ སྙིང་རྗེ་དང༌། བཟོད་བསྲན། རང་ལས་གཞན་གཅེས་ཀྱིས་མཚོན་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པའི་སྤྱོད་ཚུལ་བཟང་པོ་རྣམས་དོན་ཟབ་ལ་གོ་སླ་བའི་གདུལ་བྱ་ རྣམས་ཀྱི་རྒྱུད་ཐོག་ཏུ་སྨིན་པ་བསླབ་འདོམས་ཆེ་བསྐྱེད་ཐོག” །ཅེས་དང༌། ཁལ་མུག་སྲིད་འཛིན་མཆོག་ནས། “ང་ཚོར་ཆེས་བླ་ན་མེད་པའི་དགའ་སྤོབས་སྐྱེ་འོས་པའི་གནས་ཚུལ་ཞིག་ནི་ང་ཚོའི་ རྒྱལ་ཁབ་དང་མི་རིགས་ལ་རང་དང་ཐོབ་རྗེས་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ རྒྱལ་ཁབ་ཏུ་ཐེངས་གསུམ་གདན་ཞུ་ཐུབ་པ་བྱུང་སྟེ་ྋསྐྱབས་མགོན་ཐུགས་རྗེའི་གཏེར་ ཆེན་གང་གི་ཐུགས་རྗེ་འཕྲིན་ལས་དང༌། བྱིན་རླབས་ལ་བརྟེན་ནས་ཡུལ་ནང་ཕ་མེས་ཀྱི་ཆོས་དང་རིག་གཞུང་དང༌། བཟང་པོའི་ལེགས་བྱང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་རླབས་ཆེའི་འཕོ་ འགྱུར་བཟང་པོ་འགོ་འཛུགས་ཐུབ་བྱུང༌།” ཞེས་དང༌། ཡང་”འཛམ་གླིང་སྤྱི་ཡོངས་དང་སྒོས་སུ་ང་རང་ཐེ་བའི་དེང་སང་ཆབ་སྲིད་མི་སྣ་གཞོན་ སྐྱེས་ཚོས་བཟང་སྤྱོད་དང་མིག་དཔེ་ལྟ་སའང་ྋགོང་ས་མཆོག་ཆགས་ཡོད་པ་རེད་”ཅེས་ དང༌། ཁུག་མུག་ནི་དཔོན་རིགས་དང༌། མི་མང༌། དེ་བཞིན་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡོངས་ནས་རེ་སྐུལ་ཁལ་མུག་རང་སྐྱོང་མངའ་ཁུལ་ གྱི་རྒྱལ་དར་མཚོན་པའི་གཟེངས་རྟགས་མཐོ་ཤོས་དེ་ྋགོང་ས་མཆོག་ལ་ང་ཚོའི་ཁལ་མུག་ མངའ་ཁུལ་གྱི་ནང་པའི་དབུ་ཁྲིད་ཏཻ་ལོ་རིན་པོ་ཆེ་མཆོག་གིས་ྋགོང་ས་མཆོག་ལ་འབུལ་ རོགས་གནང་ཞེས་གསུང་བཤད་གྲུབ་པ་དང་གཟི་བརྗིད་ལྡན་པའི་དྷ་ས་ཐེག་ཆེན་ཆོས་གླིང་ གཙུག་ལག་ཁང་དུ་མཛད་སྒོ་བཙུགས་ཏེ་གཟེངས་རྟགས་དེ་འབུལ་བཞེས་མཛད་ཡོད། དེ་ནས་ཁལ་མུག་ནང་པའི་དབུ་ཁྲིད་ཏཻ་ལོ་རིན་པོ་ཆེ་མཆོག་ནས། “བོད་ཀྱི་བདེན་དོན་དེ་ཆབ་སྲིད་རྐྱང་རྐྱང་མ་རེད། གལ་ཏེ་བོད་ཀྱི་བདེན་དོན་དེ་ཆབ་སྲིད་ཁོ་ན་ཡིན་ན་ང་བཅོམ་ལྡན་འདས་ཀྱི་རྗེས་ འཇུག་དགེ་སློང་ཞིག་གིས་དེའི་ནང་འགན་འཁུར་བླངས་ནས་ཐེ་གཏོགས་བྱེད་མི་བྱེད་ ཟེར་བ་དེ་བསམ་བློ་གཏོང་དགོས་པ་ཞིག་རེད། བོད་རང་དབང་གིས་འཐབ་རྩོད་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པ་ཞིག་དང་ རང་གཞན་ཀུན་ལ་ཕན་བདེ་ཡོང་བ་ཞིག་དང༌། གཉིས་ནི་དབུ་མའི་ལམ་གྱི་ཐོག་ནས་ཐབས་ཤེས་བྱེད་རྒྱུ་དེ་རང་རྒྱལ་གཞན་ཕམ་ཟེར་བ་ ཞིག་མ་རེད། ཀུན་ལ་ཕན་པ་དེ་འདྲ་ཞིག་ང་ཚོས་ལྷག་བསམ་དང་རེ་བའི་འོག་ནས་འབད་བརྩོན་བྱེད་ བྱེད་བཞིན་ཡོད་”ཅེས་ཀྱི་གསུང་བཤད་གནང་ཡོད། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་མཆོག་གི་གསུང་བཤད་ལས། “ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དེང་གི་འཇིག་རྟེན་འདིའི་རླབས་ཆེན་གྱི་ཞི་ བདེའི་དེད་དཔོན་དང༌། ཆོས་ཕྱོགས་ཀྱི་དབུ་ཁྲིད། རང་དབང་གི་མགྲིན་ཚབ་པ་གཙོ་བོ་བཅས་ཀྱི་མཛད་སྤྱོད་གཉིས་ལྡན་གྱི་བླ་ཆེན་དབུ་ ཁྲིད་ཅིག་ཏུ་བཀུར་བཞིན་ཡོད། འཇིག་རྟེན་འདིའི་ཐོག་དྲག་པོའི་དམག་དང་དཔུང་གིས་ཕ་རོལ་འཇོམ་པི་གནས་ཚུལ་མང་ པོ་མཐོང་རྒྱུ་ཡོད་ཀྱང་བྱམས་བརྩེ་དང༌། གཞན་ཕམ། ལྷག་བསམ་གྱི་ཆོད་སེམས་བཅས་ཀྱིས་མི་རྣམས་དབང་བསྒྲུར་ཐུབ་མཁན་ནི་ྋགོང་ས་ཏཱ་ ལའི་བླ་མའི་ཁྱད་དུ་འཕགས་པའི་མཛད་རྗེས་སུ་གྱུར་ཡོད་པས་མི་སུ་ཡིན་ཡང་ངོ་མཚར་ མི་སྐྱེ་མཁན་མེད།” ཅེས་སོགས་ཀྱི་གོང་གི་ཆེ་བསྟོད་ཀྱི་བརྗོད་ཚིག་དེ་དག་ལས་ྋརྒྱལ་བ་རིན་པོ་ཆེའི་ བོད་མི་རིགས་དང༌། ཡང་སྒོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། འཛམ་གླིང་གི་ཞི་བདེའི་ཆེད་དུ་སྐུ་ངལ་ཇི་ཙམ་ཞིག་སྐྱོན་གྱི་ཡོད་པ་རྟོགས་ཐུབ་ པ་ཞིག་ཀྱང་རེད།
ཨ་རིའི་གྲོས་ཚོགས་གསེར་གྱི་གཟེངས་རྟགས་འབུལ་སྐབས་དབུ་ཁྲིད་རྣམ་པས་གསུང་བཤད་སྙིང་བསྡུས།
ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༧ ཉིན་ས་ཕྱོགས་ཀུན་ཏུ་སྙན་པར་གྲགས་པའི་ཨ་རིའི་རྒྱལ་ཁབ་ཀྱི་གསེར་གྱི་གཟེངས་ རྟགས་འབུལ་བཞེས་བསྐྱངས་ཏེ་ཨ་རིའི་གྲོས་ཚོགས་ཆེན་མོའི་ཚོགས་ཁང་དུ་བོད་མི་ རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ ཚོགས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་གཟེངས་བསྟོད་ཆེན་པོ་དེའི་སྐབས་སུ་གྲོས་ ཚོགས་གོང་འོག་གི་མི་འཐུས་ཚང་འཛོམས་མཛད་སྒོ་ཐོག་ྋརྒྱལ་བ་རིན་པོ་ཆེའི་བཀའ་ སློབ་ལས། “དངོས་ནས་རང་བོད་མི་རིགས་ཀྱི་གཞན་ཕན་གྱི་བྱམས་པ་དང༌། བརྩེ་བ། སྤྱིའི་ལྷག་བསམ་འདི་རིགས་ལ་འཛམ་གླིང་ཁྱོན་ནས་བཟང་པོར་ངོས་འཛིན་དང་ངོས་ལེན་ ཡོད་པའི་རྣམ་པ་གསལ་པོ་ཡིན་པ་བསམ་གྱི་འདུག །དེར་བརྟེན་རང་ཅག་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སུ་དང་སུ་ཡིན་ཡང་རང་ཅག་པ་ཕ་ མེས་ནས་ཡོད་པའི་གཅེས་ནོར་སེམས་རྒྱུད་བཟང་པོ་བྱེད་རྒྱུ་དང༌། རྣམ་སྤྱོད་གུ་ཡངས་བྱེད་རྒྱུ་འདི་ནི་རིན་ཐང་རྩ་ཆེ་ཞིག་ཆགས་ཡོད། དེར་བརྟེན་ངེས་པར་དུ་དེ་དག་ལ་བོད་མི་ཚང་མས་དོ་སྣང་གལ་ཆེན་པོར་བརྩིས་ནས་བདག་ པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་འདུག །གོ་སྐབས་འདི་བརྒྱུད་འདི་དག་ཁྱོད་རང་བོད་རིགས་སྤུན་ཟླ་ཡོངས་ལ་བརྗོད་འདོད་ བྱུང་ལ། རྒྱ་ནག་གི་སྤུན་ཟླ་ཚོར་ཡང་འབོད་སྐུལ་བྱེད་འདོད་བྱུང་”ཞེས་བོད་མི་རིགས་གཞིས་ བྱེས་གཉིས་སུ་གནས་པའི་བོད་རིགས་རྣམས་ལ་ཕ་མེས་ནས་ཡོད་པའི་ཡ་རབས་གཤིས་རྒྱུད་ བཟང་པོ་དེ་དག་མི་ཉམས་གོང་སྤེལ་ཆེད་དུ་མགོ་འོག་ཚང་མའི་དམ་འཛིན་དང་གཅེས་སྲུང་ བྱེད་དགོས་པའི་གལ་ཆེའི་བཀའ་སློབ་འདི་དག་བོད་རྒྱ་ཆེ་བོད་རིགས་མི་མང་ཡོངས་ རྫོགས་ཀྱི་གློ་སྙིང་བྲང་གསུམ་གཏད་ནས་ཉིན་ཞགས་ཕྲུག་གཅིག་ཏུ་ཆེས་རིན་བྲལ་བའི་ ྋརྒྱལ་བའི་བཀའ་སློབ་དེ་དག་ཡིད་དུ་བཟུང་ནས་བླང་དོར་མ་ནོར་བྱེད་དགོས་སོ།།
དེ་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་པའི་ཆེ་བསྟོད་ཀྱི་གསུང་བཤད་ཁག་ གཅིག་ནི་དཔེར་ན། ཨ་རིའི་གྲོས་ཚོགས་འོག་མའི་གྲོས་འཆར་འདོན་མཁན་ (lieana ras-kehtinen) མཆོག་ནས། “ཕྲན་ཨ་རིའི་གྲོས་ཚོགས་ནས་འཇིག་རྟེན་ཐོག་གི་ཁྱད་དུ་འཕགས་པའི་རླབས་ཆེན་མི་ སྣ་ཞིག་ལ་གསེར་གྱི་གཟེངས་རྟགས་འབུལ་རྒྱུའི་གྲོས་འཆར་འབུལ་མཁན་གྱི་ཁོངས་མི་ གོ་སྐབས་བླ་ན་མེད་པ་ཐོབ་པ་དང༌། འཐུས་མི་སྐུ་ཞབས་ཊོམ་ལེན་ཊེ་སི་དང་ལྷན་དུ་ཁྲིམས་འཆར་གྱི་ནང་དོན་ཐད་མཉམ་ལས་ ཀྱི་སྲིད་ཞུ་ཐུབ་པ་ཕྲན་གྱི་མི་ཚེའི་ནང་རིན་ཐང་བླ་ན་མེད་པ་ཞིག་ཏུ་གྱུར་པར་ སྤོབས་པ་དཔག་མེད་སྐྱེས་ཀྱི་འདུག །བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དེ་རིང་ཨ་རི་གསེར་གྱི་རྟགས་མའི་ བྱ་དགའ་འབུལ་བ་ནི་སྐུ་ཉིད་ཀྱི་སྐུ་ཚེ་ཧྲིལ་པར་འཚེ་བ་མེད་པའི་ཐབས་ལམ་ལ་ བརྟེན་ནས་འཇིག་རྟེན་གྱི་ཞི་བདེ་དང༌། འགྲོ་བ་མིའི་འཚོ་གནས་ཐོག་ཕུལ་དུ་བྱུང་བའི་མཛད་རྗེས་འཇོག་གནང་མཛད་པར་ཚད་ མཐོའི་གུས་བཀུར་གྱི་ངོས་འཛིན་ཐོབ་པ་ཞིག་དང༌། དེ་བཞིན་ཆོས་ལུགས་ཕན་ཚུན་བར་གོ་རྟོགས་གོང་སྤེལ་དང༌། ཆབ་འབངས་བོད་མི་ས་ཡ་དྲུག་གི་རང་དབང་ཆེད་འཐབ་རྩོད་མཐའ་འཁྱོངས་གནང་བར་འཛམ་ གླིང་གི་ཕྱོགས་ཀུན་ནས་གུས་བརྩེ་ཚད་མེད་ཐོབ་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ ཡིན་པར་མཚོན་ཡོད་”ཅེས་དང༌། དེ་བཞིན་དུ་གྲོས་ཚོགས་གོང་མའི་ནང་ཐོག་མ་གྲོས་འཆར་འདོན་མཁན་ (Ddinrne feinstein) མཆོག་ནས། “རང་རེའི་འཛམ་གླིང་འདི་རྩོད་རྙོག་དང་འཐབ་རྩོད་ཀྱིས་ཁེངས་ཡོད་ཀྱང༌། ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་འདི་རང་གི་རྒྱལ་མཚམས་ལས་བརྒལ་དུ་བཅུག་ནས་ང་ ཚོར་རེ་བ་དང༌། བློ་སྟོབས་ཁྱད་དུ་འཕགས་པ་ཞིག་སྤེལ་བར་མཛད་བཞིན་ཡོད། སྐུ་ཉིད་ཀྱི་ཉམས་རྟོགས་ནི་སྙིང་རྗེའི་རྟོགས་པ་ཡིན་ལ། གསན་པ་ནི་ཤེས་རབ་སྦྱོང་བ་ཡིན། སྐུ་ཉིད་ཀྱི་ཉེ་སྲུང་དུ་བཅར་བ་ནི་ཧ་ཅང་ཁྱད་དུ་འཕགས་པའི་མྱོང་ཚོར་ཞིག་གི་ ཆེད་དུ་ཡིན། སྐྱེས་མཆོག་ཁྱེད་ནི་ཞི་བདེའི་དང་བྱམས་སྙིང་རྗེའི་ནུས་ཤུགས་སྟོབས་ཆེན་པོ་ ཞིག་ཡིན་ལ། སྐུ་ཉིད་ནས་མི་རྣམས་ལ་གུ་དོག་དང༌། རང་གཅེས་འཛིན་གྱི་འཆིང་རྒྱ་ལས་བསྒྲལ་ཏེ་གཞན་ཕན་སྒྲུབ་པའི་གདེང་སྟོབས་རྙེད་ པར་མཛད་ཀྱི་ཡོད་”ཅེས་དང༌། ཡང་ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༩ ཚེས་ པར་ཕྲན་པན་ཧཕ་རན་སི་སེ་ཀོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཞུ་སྐབས་ྋགོང་ས་ཏཱ་ལའི་ བླ་མ་མཆོག་ལ་གྲོང་ཁྱེར་གྱི་ཕྱག་རྟགས་ལྡེ་མིག་ཕུལ་ཏེ་དགའ་བསུ་སྣེ་ལེན་ཞུ་ རྒྱུ་བྱུང་བ་ནི་ཨ་རིའི་གཞུང་ཞབས་ཐོག་མ་དེ་ཡིན༌། ཞེས་དང༌། རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ ཞབས་ཊམ་ལཱན་ཊོ་སེ་མཆོག་ནས། “འཛམ་གླིང་གི་ལོ་རྒྱུས་ནང་མིའི་བཟང་སྤྱོད་ཀྱིས་ཕོངས་པར་བརྟེན་ནས་ཅི་བྱ་ གཏོད་བྲལ་གྱི་དུས་སུ་ནང་པའི་དགེ་འདུན་དཀྱུས་མའི་བརྟུལ་ཞུགས་ཅན་གྱི་སྐྱེས་ བུ་འདི་མཛད་མཐའ་མེད་པའི་བཟང་སྤྱོད་ཟིལ་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་པ་དང༌། སྐྱེས་མཆོག་འདིར་གོ་ལ་ཧྲིལ་པོའི་མི་མང་ཁྱོན་ནས་གུས་བརྩི་དང༌། ཡིད་སྨོན། དགའ་ཞེན་བཅས་བྱེད་པའི་རྒྱུ་རྐྱེན་གྱི་བདག་པར་གནས་ཡོད། ཕྲན་ནས་དེ་རིང་རྩ་ཆེའི་གོ་སྐབས་འདི་བཟུང་སྟེ་པེ་ཅིང་གི་དབང་འཛིན་པར་བློ་ཁ་ ཕྱོགས་ནས་བསླབ་བྱ་ལེགས་པོ་ཞིག་བསྐྱར་ནན་བྱ་རྒྱུ་ཡིན་ཞིང༌། དེའི་པེ་ཅིང་གི་དབང་འཛིན་པས་རྒྱ་ནག་ཏུ་འཚོག་རྒྱུའི་རྒྱལ་སྤྱིའི་ལོ་ཨོ་ལིམ་ པིག་རྩེད་འགྲན་ལ་འོས་ཤིང་འཚམས་པས་འདི་ངེས་གཏན་གྱི་ཁོར་ཡུག་ཆེ་ཤོས་དང༌། ནུས་པ་ཆེ་ཤོས་ཤིག་འདོན་དགོས་ན་ངེས་པར་ཞི་བདེའི་སྐྱེ་བུ་འདི་པེ་ཅིང་དུ་གདན་ འདྲེན་ཞུས་ཏེ་དོ་གལ་ཆེན་པོས་གྲོས་བསྡུར་བྱས་ཏེ་བོད་རྒྱའི་བར་གྱི་རྩོད་རྙོག་ ལ་འདུམ་སྒྲིག་བྱེད་རྒྱུ་”ཞེས་གསུང་བཤད་གནང་ཡོད། ནོར་ཝེལ་ཞི་བདེའི་དེད་དཔོན་ཨེ་ལི་ཝི་སལ་མཆོག་ནས། “ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་བློ་གྲོས་ཕ་མཐར་སོན་ཞིང༌། དམན་ལ་ལྷག་པར་བརྩེ་བའི་བརྟུལ་ཞུགས་ཀྱི་གོ་ཆ་བཙན་པས་ཐོག་མ་མི་གཞན་གྱི་བདེ་ སྡུག་གཙོ་བོར་འཛིན་ཏེ་རང་ཉིད་ཀྱིས་ཉམས་བཞེས་དང༌། དེ་དག་གཞན་ལ་བསླབ་བྱའི་ཕྱག་བསྟར་གནང་སྟེ་འཛམ་གླིང་ཐོག་ཉམ་ཐག་པའི་མི་མང་གི་ སྐྱབས་མགོན་ཞིག་དང༌། དད་མོས་མི་འདྲ་བའི་ཆོས་ལུགས་ཡོད་དོ་ཅོག་ཕན་ཚུན་མཛའ་མཐུན་གྱི་འབྲེལ་ཟམ་གཏོད་ མཁན་གྱི་གཙོ་འཛིན་རླབས་ཆེན་ཞིག་ཏུ་གྱུར་ཡོད།” ཅེས་བསྔགས་བརྗོད་ཚད་མེད་གནང་བ་དང༌། ཡང་དེ་བཞིན་དུ་གྲོས་ཚོགས་འོག་མའི་སྤྱི་འཐུས་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཇོན་ བྷན་རན་མཆོག་ནས། “དེ་རིང་ཏཱ་ལའི་བླ་མ་མཆོག་ལ་གཟེངས་བསྟོད་ཞུ་རྒྱུ་རེད། གང་ཉིད་ནས་རང་གི་མི་མང་གི་ཐུགས་འགན་ལེགས་པར་བཞེས་ཏེ་ཆོད་སེམས་བརྟན་ལ། བཟོད་སྲན་ཕ་མཐར་སོན་པ། ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་མཚོན་རྟགས་རླབས་ཆེ་ཞིག་ཏུ་གྱུར་ཡོད། ད་ནུབ་ལས་དོན་རྣམས་ཚར་ཞིང་མཛད་སྒོ་གྲོལ་སྐབས་ང་ཚོ་ཚང་མར་རང་ཁྱིམ་ལ་ལོག་ རྒྱུ་ཡོད། གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་སང་ཉིན་ཕྱག་ལས་གྲུབ་པ་གནང་སྟེ་རང་ཁྱིམ་ལ་ ལོག་སྟེ་ནང་མི་ཁག་དང་ཐུག་འཕྲད་ཡོང་རྒྱུ་ཡིན། འོན་ཀྱང་ཏཱ་ལའི་བླ་མ་མཆོག་ནང་ལ་ཕྱིར་ལོག་ཕེབས་ཐབས་མེད། རང་ཡུལ་དང་ཞལ་བྲལ་ཏེ་མི་ལོ་ ༥༠ ལྷག་ཙམ་ཟིན་པ་རེད། དེར་བརྟེན་དེ་རིང་ང་ཚོས་གང་ཉིད་ཀྱི་བློས་གཏོང་དང་རང་དབང་འཐབ་རྩོད་ཀྱི་ཁྱད་ དུ་འཕགས་པའི་མཛད་རྗེས་ལ་རྒྱབ་སྐྱོར་གྱི་གཟེངས་རྟགས་འབུལ་བ་དང༌། བོད་ཀྱི་མི་མང་རྣམས་ང་ཚོས་དུས་ནམ་ཡང་བརྗོད་ཐབས་མེད་པའི་ཆོད་སེམས་བརྟན་པོ་ འཇོག་རྒྱུ་”ཞེས་གསུང་བཤད་གནང༌། ཡང་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་འཐུས་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ ( Mitch mccpnnell ) མཆོག་ནས། “ཨ་རིའི་གྲོས་ཚོགས་ནི་བོད་ཀྱི་ཕྱོགས་སུ་ལངས་ཡོད། ང་ཚོས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་འདི་རྒྱ་ནག་སྲིད་གཞུང་གིས་ཤེས་ དགོས་པ་ཞིག་རེད། བདེན་པ་ནི་ཨུ་ཚུགས་ཚ་པོ་ཡིན་ཞིང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་ཨུ་ཚུགས་ཅན་གྱི་ཕོ་ཉ་ཞིག་ཡིན། ཁོང་གིས་ལོ་ངོ་ལྔ་བཅུ་ཙམ་རིང་སྐུ་ངལ་གྱི་རྣམ་པ་དང་ཐུགས་སྟོབས་ཞུམ་མེད་ཀྱི་ ངང་ཚུལ་ནམ་ཡང་མེད་པའི་ཐོག་ནས་རང་གི་མི་མང་ནས་འཛམ་གླིང་ལ་ཕུལ་བའི་ཞུ་འབོད་ བསྣམས་ནས་ཕེབས་ཡོད་”ཅེས་དང༌། ཡང་རྒྱལ་ཡོངས་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ (Harry reid) མཆོག་ནས། “དེ་རིང་ང་ཚོ་ལྷན་དུ་རླབས་ཆེན་གྱི་ཁང་བཟང་འདིའི་ནང་འཛོམས་ཏེ་གསེར་གྱི་རྟགས་ མ་ཐེངས་ ༡༤༦ དེ་འབུལ་རྒྱུ་རེད། ཕྲན་ནས་དེང་འཇིག་རྟེན་གྱི་ས་གོ་ལ་འདི་ཐོག་འཚོ་བཞུགས་ཡོད་པའི་སྐྱེས་མཆོག་ནང་ གཟེངས་རྟགས་འདི་འབུལ་ཡུལ་གྱི་མི་སྣ་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ འཕྲེང་བཅུ་བཞི་པ་མཆོག་ལས་ལྷག་པ་ཞིག་ཡོད་པ་མཐོང་གི་མེད། གང་ཉིད་ནི་རང་རྒྱལ་ཁབ་ཀྱི་མི་མང་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་དང༌། འཛམ་གླིང་དུ་མངགས་པའི་སྐུ་ཚབ་ཅིག །ཁོང་ཚོའི་སྡུག་བསྔལ་གྱི་འབོད་སྒྲ་སྒྲོག་པའི་མགྲིན་ཚབ་པ་ཞིག །བརྟུལ་ཞུགས་ཅན་གྱི་རླབས་ཆེན་གྱི་ལམ་སྟོན་པ་བཅས་ཡིན།” ཞེས་དང༌། གྲོས་ཚོགས་འོག་མའི་ཚོགས་གཙོ་ (Nancy Pelest) མཆོག་ནས། “ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་མེ་རི་ཁའི་སྲིད་འཛིན་མཆོག་དང་ཨ་རིའི་མི་མང་ རྣམས་ཀྱི་བློ་སྟོབས་ལ་ཡར་སྐུལ་རླབས་ཆེན་ཞིག་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་གང་ཉིད་བོད་ཀྱི་ཆོས་ལུགས་ཀྱི་གཙོ་འཛིན་ཞིག །དད་མོས་དང་ཡི་རངས་ཅན་གྱི་སྐྱེ་བོ་ས་ཡ་མང་པོར་ཤེས་རབ་དང་སྙིང་རྗེའི་འབྱུང་ ཁུངས་ཤིག །ན་གཞོན་རྣམས་ལ་འཛམ་གླིང་འདི་སྔར་བས་ཇེ་ལེགས་སུ་ལེགས་སུ་བཅོས་ཐད་ཀྱི་བཟང་ ཕྱོགས་ཀྱི་མིག་དཔེ་རླབས་ཆེ་ཞིག་བཅས་ཡིན་”ཅེས་དང༌། མཇུག་ཏུ་ཨ་རིའི་སྲིད་འཛིན་མཆོག་ནས། “ཨ་མེ་རི་ཀས་ཆོས་ལུགས་ཐད་བཙན་གནོན་གྱི་ཐབས་སྐྱོའི་གནས་སྟངས་ཁག་མཐོང་བཞིན་ དུ་རང་གིས་མིག་ཟུང་བཙུམ་པའམ། དེ་དག་ལ་རྒྱབ་ཕྱོགས་ཏེ་གཏན་ནས་སྡོད་མི་ཐུབ། དེ་ནི་ཕྲན་ནས་རྒྱ་ནག་གི་དབུ་ཁྲིད་ཚོར་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་ མཆོག་རྒྱ་ནག་ཏུ་གདན་ཞུ་དགོས་པའི་ནན་སྐུལ་མུ་མཐུད་བྱེད་དགོས་པའི་རྒྱུ་མཚན་ གལ་ཆེའི་ཞིག་ཡིན། ཁོང་ཚོས་སྐྱེས་བུ་འདིར་མཇལ་འཕྲད་ཞུས་ན་གང་ཉིད་ནི་འདུམ་སྒྲིམ་དང་ཞི་བདེའི་ སྐྱེས་མཆོག་བཟང་པོ་ཞིག་ཏུ་ངེས་པར་ཤེས་རྟོགས་ཡོང་གི་རེད་”ཅེས་པ་སོགས་པའི་ཨ་ རིའི་ཆེས་མཐོ་དཔོན་རིགས་རྣམས་ཀྱི་ྋརྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེས་ཕུལ་བྱུང་ གི་མི་སྣ་ཞིག་ཏུ་གདེང་འཇོག་དང༌། འཛམ་གླིང་གི་ཞི་བདེ་སྐྲུན་མཁན་གྱི་ཕོ་ཉ་ཞིག་ངོས་འཛིན་བྱེད་བཞིན་ཡོད་པས། རྒྱ་ནག་དམར་པོའི་མགོ་ཁྲིད་ཚོས་གཞི་མེད་ཀྱི་ྋརྒྱལ་བ་རིན་པོ་ཆེ་མཆོག་ལ་མི་ རིགས་ཁ་བྲལ་གཏོང་མཁན་ཡིན་པས་རྒྱལ་ཁབ་སུ་ཞིག་གི་གདན་འདྲེན་ཞུ་ན་རྒྱ་ནག་གི་ ནང་སྲིད་ལ་ཐེབས་ཇུས་བྱས་པ་ཡིན་ཚུལ་གྱི་འུ་སྒྲོག་དང་རྫུན་བསྒྲགས་བྱེད་བཞིན་ ཡོད་ཀྱང་དེ་དག་ལ་རྒྱལ་ཁབ་སུ་ཞིག་གི་ངོས་ལེན་མེད་པའི་ཐོག་ནས་དགའ་དད་སྤྲོ་ གསུམ་གྱི་ྋརྒྱལ་བ་རིན་པོ་ཆེ་ཕྱི་ཡི་རྒྱལ་ཁབ་ཚོའི་གདན་འདྲེན་ཞུ་བཞིན་ཡོད་པར་ བརྟེན་ནས་རྒྱ་ནག་གི་མགོ་ཁྲིད་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱུར། རྒྱ་ནག་གི་མགོ་ཁྲིད་ཚོས་གཞི་མེད་ཀྱི་སྐྱོན་བརྗོད་དེ་དག་དོར་ཏེ་རྒྱལ་བ་རིན་ པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་གནད་དོན་ཐག་གཅོད་མ་བྱས་ཚེ་རྗེས་ཕྱོགས་ སུ་ཛ་དྲག་གི་གནས་སྟངས་ཅན་ཞིག་ཏུ་འགྱུར་ངེས་ཡིན་གཤིས་དེའི་འགན་ལེན་ཡོངས་ རྫོགས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་འགན་འཁུར་དགོས་པ་ཞིག་ཀྱང་རེད། བོད་མི་དམར་ཤོག་པ་དང་པོ་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་ཀྱང༌། བོད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་སྐབས་སུ་ཐག་གཅོད་ཡོང་ཐབས་ བྱེད་དགོས་པ་དང༌། དུས་ཚོད་འགྱངས་ན་ཚབས་ཆེའི་མཇུག་འབྲས་ངན་པ་ཐོན་སྲིད་པ་ཞེས་རྒྱ་ནག་གི་མགོ་ ཁྲིད་ཚོར་ཉེས་བརྡ་བཏང་ཡོད་ཀྱང་ད་དུང་དེ་དག་ལ་དོ་སྣང་མེད་པའི་ཐོག་ནས་སྔ་ རྒྱུན་ལྟར་ལྟ་བ་མཁྲེགས་འཛིན་བྱེད་བཞིན་ཡོད། ྋརྒྱལ་བ་རིན་པོ་ཆེ་ནི་མི་རིགས་ཁ་བྲལ་གཏོང་མཁན་ཞིག་མ་ཡིན་པ་འཛམ་གླིང་གི་མི་ རིགས་ཡོངས་ལ་ཞི་བདེ་སྐྲུན་མཁན་གྱི་སྐྱེས་བུ་བླ་ན་མེད་པ་ཞིག་ཡིན་པས་ཨ་རིའི་ ཆེས་མཐོའི་གཟེངས་རྟགས་སོགས་འབུལ་བཞེས་སྐབས་སུ་ཨ་རིའི་གནད་ཡོད་མི་སྣ་ཁག་གི་ གསུང་བཤད་དེ་དག་ལས་ཀྱང་རྟོགས་ཐུབ་ན། རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁག་གི་ཐུགས་དགོངས་ཆེ་བཞེས་ཀྱི་བོད་ཀྱི་དཀའ་ རྙོག་དེ་དག་མགྱོགས་མྱུར་ཐག་གཅོད་བྱེད་དགོས་སོ།།
བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པའི་ྋརྒྱལ་བ་རིན་པོ་ཆེ་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་
རྟགས་མ་འབུལ་བཞེས་གནང་སྐབས་སུ་ཤིས་བརྗོད་ལས།
དཔལ་གཡུང་དྲུང་བོན་གྱི་དབུ་ཁྲིད་སྨན་རི་ཁྲི་འཛིན་ྋསྐྱབས་རྗེ་ལུང་རྟོགས་ བསྟན་པ་ཉི་མ་རིན་པོ་ཆེ་མཆོག་ནས། “ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ནས་རང་རེའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་ དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ མཆོག་གི་མཛད་པ་འཕྲིན་ལས་ཁྱད་དུ་འཕགས་པར་དམིགས་བསལ་གུས་བརྩི་དང༌། མཐོང་ཆེན་གནང་སྟེ་ཆེས་མཐོའི་གསེར་གྱི་གཟེངས་རྟགས་ཕུལ་བ་འདི་ནི་སྤྱིར་འཛམ་ གླིང་ཞི་བདེའི་རྩ་བ་དང༌། ཁྱད་པར་དུ་རང་ཅག་ཁ་བ་ཅན་པ་ཚང་མའི་གཟི་བརྗིད་དང༌། བསོད་ནམས་མཆོག་དམ་པར་གྱུར་པ་ཞིག་ལ་ངོས་འཛིན་གོང་འདེབས་ཡོང་བཞིན་ཡོད། དེར་བརྟེན་ནས་འདི་ནས་གཞིས་བྱེས་གཉིས་ཀྱི་བོན་པོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲ་ ཤིས་བདེ་ལེགས་ཞུ་”ཞེས་དང༌།
སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེའི་མཆོག་ ནས། “གཞིས་བྱེས་བོད་མིའི་ཆོས་སྲིད་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋསྐྱབས་མགོན་ ྋརྒྱལ་བའི་དབང་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་ནས་བོད་མིའི་རྩ་དོན་གྱི་བསྒྲུབ་ བྱ་སྤྱི་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ་མི་ཉམས་རྒྱུན་འཛིན་དང༌། གོང་འཕེལ། འཛམ་གླིང་ནང་ཞི་བདེ་རྒྱུ་གནས་འབྱུང་ཐབས་སུ་ཆོས་ལུགས་ཡོད་དོ་ཅོག་ཕན་ཚུན་ མཐུན་སྒྲིལ་དམ་ཟབ་ཡོང་ཐབས། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་བཅས་སུ་ཐུགས་བསྐྱེད་ ཀྱི་བརྩོན་པ་ལྷུན་བཞེས་གནང་དང་གནང་བཞིན་ཡོད་པའི་རྨད་བྱུང་གི་མཛད་པ་རླབས་ ཆེན་ལ་ཡིད་སྨོན་ངོས་འཛིན་གནང་སྟེ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་ནས་ གྲོས་ཆོད་འཇོག་གནང་ཐོག་སྲིད་འཛིན་མཆོག་ནས་མཚན་རྟགས་འཁོད་པའི་རྒྱལ་ཁབ་ཀྱི་ གཟེངས་རྟགས་བྱ་དགའ་མཐོ་ཤོས་ཡོངས་སུ་གྲགས་པ་དེ་ཉིད་སྤྱི་ནོར་ྋགོང་ས་ྋསྐྱབས་ མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་པར་ཨ་རིའི་གཞུང་དང་མི་མང་ཡོངས་ལ་སྙིང་ཐག་པ་ ནས་ཐུགས་རྗེ་ཆེ་ཞུ་”ཞེས་དང༌།
དཔལ་ས་སྐྱའི་ྋསྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་མཆོག་ནས། “སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་མ་མེད་པའི་ཐུགས་རྗེ་དང༌། ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་མཛད་པར་བརྟེན་ནས་འཛམ་གླིང་ཞི་བདེ་ དང༌། རང་དབང་ལ་སོགས་པ་བསྐྲུན་པར་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་སྙིང་ནས་རྗེས་ སུ་ཡི་རངས་དང་འབྲེལ་བའི་ཐོག་ནས། ད་རེས་ཨ་རིའི་གྲོས་ཚོགས་ནས་རྒྱལ་ཁབ་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་ པར་དགའ་བ་དང༌། དད་པ་གུས་པ་བཅས་ཀྱི་ཚོར་བར་ཕན་ཚུན་འགྲན་བཞིན་པའི་ངང་སྒོ་གསུམ་གུས་སྔོན་དུ་ བཏང་སྟེ་བཀྲ་ཤིས་བདེ་ལེགས་”ཞེས་དང༌།
འཇམ་མགོན་ྋརྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས། “བོད་གངས་ཅན་གྱི་ལྷ་བསྐལ་འཕགས་མཆོག་ཐུགས་རྗེ་ཆེན་པོས་སྔོན་གྱི་ཐུགས་བསྐྱེད་ དམ་བཅའ་དུས་ལ་མ་གཡེལ་བར་བོད་ཀྱི་སྐྱེས་འགྲོ་ཡོངས་ཀྱི་ཕན་བདེའི་ལེགས་མཆོག་ ཀུན་གྱི་འབྱུང་གནས་སུ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་འཕྲེང་ བཅུ་བཞི་པ་ཆེན་པོ་མཆོག་ནས་ཆུང་གཞོན་ནུའི་དུས་ནས་བོད་ཀྱི་ཆོས་སྲིད་གསེར་གྱི་ འཁོར་ལོའི་ཕྱག་མཚན་དུ་བཞེས་ནས་དགུང་གྲངས་ ༧༣ ཕེབས་པའི་བར་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་སྙན་པའི་བ་དན་ཕྱོགས་ཡོངས་ལ་ ཁྱབ་སྟེ་འཛམ་གླིང་སྐྱེ་བོ་མཆོག་དམན་ཡོངས་ནས་དགའ་མགུ་ཡི་རངས་ཞུ་བཞིན་པ་མ་ཟད། ད་ལམ་ཨ་རིའི་གྲོས་ཚོགས་སུ་ྋཞབས་སོར་འཁོད་དེ་མགོན་པོ་གང་གིས་ཆོས་སྲིད་མཛད་ འཕྲིན་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཏེ་གསེར་གྱི་གཟེངས་རྟགས་འབུལ་བཞེས་ མཛད་པར་ཕྲན་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་གི་མིང་འཛིན་པས།” ཞེས་དང༌།
སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་ྋརྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས། “ཨ་རིའི་གཞུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་མཐོའི་གསེར་གྱི་ གཟེངས་རྟགས་ཕུལ་བ་ནི་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་དང༌། བོད་མི་རིགས་བར་གྱི་ལོ་རྒྱུས་ཀྱི་རིན་ཐང་ཤུགས་ཆེ་ལྡན་པའི་འབྲེལ་བ་ཞིག་གཏོད་ ཡོད། གཟེངས་རྟགས་དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ནང་འཛམ་གླིང་ ཞི་བདེ་དང༌། སྐྱེ་འགྲོའི་བདེ་སྐྱིད་ཆེད་དུ་རླབས་ཆེན་མཛད་ཁག་ལ་ཆེས་མཐོའི་རྒྱབ་སྐྱོར་ཡོད་ པ་མཚོན་པ་ཞིག་དང༌། བོད་མི་རིགས་ཀྱི་ཆབ་སྲིད་རང་དབང་དང༌། ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད་མཚོན་དོན་རླབས་ཆེན་ ཞིག་ཡིན། ངོས་ནས་དགའ་སྟོན་དང་རྟེན་འབྲེལ་བའི་ངང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་”ཞེས་དང༌།
སྒྲུབ་བསྒྱུད་བསྟན་པའི་གསལ་བྱེད་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ ནས། “དེ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཀྱི་ བྱ་དགའ་འབུལ་བཞེས་གནང་བ་ནི་བོད་འབངས་ཡོངས་ཀྱི་བཀྲ་ཤིས་པའི་དོན་ཆེན་རླབས་ཆེ་ ཞིག་དང༌། སྤོབས་པ་ཧ་ཅང་ཆེན་པོ་སྐྱེས་འོས་པ་ཞིག་རེད། དེ་ནས་ཨ་རིའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དང༌། འཛམ་གླིང་ལོ་རྒྱུས་ཐོག་ཁྱད་དུ་འཕགས་པའི་ཤོག་ལྷེ་གསར་པ་ཕྱེ་བ་ཞིག་ཀྱང་རེད། གཟེངས་རྟགས་ཀྱི་ཐོག་མ་ཨ་རིའི་སྲིད་འཛིན་ཇོ་ཇི་ཝ་ཤིང་ཊོན་ལ་ཕུལ་བ་དང༌། རིམ་བཞིན་ཡེ་ཤུའི་བླ་ཆེན་འཇོན་པོབ་དང༌། ལྷོ་ཨ་ཕི་རི་ཀའི་སྲིད་ཟུར་ནེཀ་སོན་མནཌ་ལ་སོགས་གྲགས་ཅན་མི་སྣ་མང་པོ་ཞིག་ལ་ ཕུལ་ཡོད། ཨ་རིའི་གསེར་གྱི་གཟེངས་རྟགས་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཐོག་མཐའ་བར་གསུམ་བོད་དོན་བདེན་མཐའ་གསལ་བའི་ འཐབ་རྩོད་ཁག་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་འཁྱོངས་གནང་བར་མ་ཟད། འཛམ་གླིང་ཁྱོན་དུ་ཆོས་ལུགས་ཁག་གི་དབུ་ཁྲིད་བླ་ཆེན་ཁག་དང་མཇལ་འཕྲད་དང༌། ཆོས་ལུགས་ཁག་བར་ཕན་ཚུན་གོ་རྟོགས་སྤེལ་རེས་དང་མཉམ་ལས་ཡོང་བར་ལམ་སྟོན་གནང་ བཞིན་པའི་གྲུབ་འབྲས་ལ་ཚད་མཐོའི་ངོས་འཛིན་ཞུས་པ་ཞིག་དང༌།” ཞེས་ལ་སོགས་པའི་བོད་ཀྱི་ཆོས་བརྒྱུད་བླ་ཆེན་རྣམས་པའི་འཚམས་འདྲི་དང་ཆེ་བསྟོད་ འདི་དག་ནི་དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆོས་ལུགས་རིས་མེད་ཀྱི་འཚམས་ འདྲིའི་བརྙན་འཕྲིན་ནང་ནས་སྟོན་པ་ཐོག་མ་ཞིག་ཡིན་པ་བརྗོད་ན་མི་ཆོག་པ་ཅི་ཞིག་ ཡོད། འདི་ནི་བོད་མི་རིགས་ཀྱི་ཆོས་བརྒྱུད་རྣམས་པ་དམ་ཚིག་གཅིག་སྒྲིལ་ཡོད་པའི་མཚོན་ དོན་ཞིག་དང༌། བོད་མི་རིགས་ཀྱི་རྩ་ཆེ་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཡོང་བའི་རྟེན་ འབྲེལ་བཟང་པོ་ཞིག་ཀྱང་མཚོན་ཡོད། དེ་བཞིན་དུ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་གི་མང་གཅོའི་ཀ་བ་ གསུམ་མཚོན་པའི་བོད་འབངས་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་འཛུམ་མདངས་ཀྱིས་ཁེངས་ ཤིང༌། ལུས་ལ་གཟབས་མཆོར་དཀྲིས་ནས་གཞུང་འབྲེལ་དང་གཞུང་མ་མིན་པའི་ཚོགས་པ་མཐའ་དག་གིས་ བྲོ་གཞས་ཀྱི་མཆོད་པ་དང་འབྲེལ་དང་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུང་བཤད་ལས། “འཇིག་རྟེན་སྐྱེ་རྒུ་ཡོངས་ལ་བྱམས་བརྩེའི་སྙིང་པོ་ཅན་གྱི་འཚེ་མེད་ཞི་བའི་ལམ་ བཟང་དུས་རྟག་ཏུ་འདོམས་པར་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་གཟུར་ནས་སྐྱེ་ རྒུ་ཡོངས་ཀྱིས་ཆོས་མིན་དགའ་གུས་ཀྱི་བསམ་པ་མངོན་པར་གསལ་བའི་སླད་འཛམ་གླིང་ནོ་ ཝེལ་ཞི་བདེའི་གཟེངས་རྟགས་ཞེས་ཆེས་གྲགས་ཅན་གྱི་ཆེ་བསྟོད་འབུལ་བཞེས་མཛད་པ་ཙམ་ མ་ཟད། རིས་སུ་མ་ཆད་པའི་རྒྱལ་ཁབ་དང༌། མི་རིགས་ཚོགས་སྡེ་རྣམས་ཀྱི་བྱ་དགའ་དང༌། ཆེ་བསྟོད། ཕྱག་འཁྱེར་བརྒྱ་ཕྲག་བརྒལ་བ་ཞིགམགོན་པོ་གང་གིས་རླབས་ཆེན་གྱི་མཛད་འཕྲིན་ལ་ བཅོས་མིན་རྗེས་སུ་ཡི་རངས་དབང་གིས་རང་འདོད་དང་བླངས་ཀྱིས་འབུལ།” ཞེས་སོགས་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ལས། “དེ་རིང་ནི་བོད་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཞིང་གཟི་བརྗིད་རབ་ཏུ་འབར་བའི་ ཉིན་མོ་གལ་འགངས་ཆེ་བ་ཞིག་ཡིན། དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་དམིགས་ཡུལ་རྩ་ དོན་བསྒྲུབ་བྱ་སྤྱི་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་གོམས་གཤིས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། དེ་བཞིན་འཛམ་གླིང་ནང་ཞི་བདེ་ཡུན་གནས་འབྱུང་ཐབས། ཆོས་ལུགས་འདྲ་མིན་ཁག་དབར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་མཐོར་གཏོང་རྒྱུ། འཚེ་མེད་ཞི་བའི་ལྟ་གྲུབ་དང༌། བྱམས་སྙིང་རྗེ། བཟོད་བསྲན་སོགས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་མཐོར་གཏོང་ཐབས། འཇིག་རྟེན་ཀུན་ཁྱབ་འགན་འཁུར། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་འཛམ་གླིང་ནང་ཁྱབ་སྤེལ། རྒྱ་ནག་གི་འགོ་ཁྲིད་ཚོའི་མཉམ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་ཞི་མཐུན་ འགྲིགས་འཇགས་ཡོང་ཐབས་བཅས་ལ་ཐུགས་འཁུར་འབད་བརྩོན་རྒྱུན་བསྲིངས་ཆེ་བསྐྱོད་ གནང་དང་གནང་བཞིན་པའི་རྨད་བྱུང་གི་མཛད་བཟང་ལ་ཡོད་སྨོན་ངོས་འཛིན་གྱིས།” ཞེས་ལ་སོགས་པའི་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་མཛད་སྒོ་རྒྱལ་ ཁའི་ངང་ནས་གྲོལ་བ་རེད།
ཐམས་ཅད་མཁྱེན་པའི་ཡོན་ཏན་ནི།། ཐམས་ཅད་མཁྱེན་པའི་ཉིད་ཀྱིས་མཁྱེན།།
ས་གཞི་ཡི་ནི་ལྕེ་བའི་ཚད།། མཐའ་ཡས་ཉིད་ཀྱིས་ཤེས་པར་འགྱུར།།
ཞེས་གསུང་པ་ལྟར་བདག་གི་ལྕེ་བརྒྱར་སྤྲུལ་ནས་བརྗོད་ཀྱང་ཆ་ཤས་ཕྲ་མོ་ཙམ་ཡང་སྨྲ་ མི་སྤོབས་མོད། འོན་ཀྱང་ྋརྒྱལ་བ་རིན་པོ་ཆེའི་བོད་འབངས་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ཆ་ཕྲ་མོ་ ཙམ་གསབ་སླད་བདག་གི་དཔྱད་གཞི་ཡིག་ཆ་ཁག་ལ་གཞི་བཅོས་ནས་བྲིས་པས་ཁུལ་ཡིན་ཀྱང་ བདག་ནི་ཤེས་ཚད་དམན་པའི་དབང་གིས་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པས་རྒྱ་ཆེ་ ཀློག་པ་པོ་རྣམས་ཀྱི་བློ་དང་མི་མཐུན་པ་མཆིས་ཚེ་བཟོད་གསོལ་ཞུ་རྒྱུ་ཡིན།
བོད་ཀྱི་བླ་ཆེན་ཁག་གི་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ ཡུན་རིང་བརྟན་པའི་ཞབས་བརྟན་གསོལ་འདེབས་ཁག་ལས། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེས་མཛད་པའི་ཞབས་བརྟན་གསོལ་འདེབས་ཡིད་བཞིན་དབང་ གི་རྒྱལ་པོ་ལས། “ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཞེངས་རྒྱུའི་ཐོག་མའི་རྟེན་ འབྲེལ་གྱི་སྒོ་འཕར་དབྱེ་སླད་དུ་”ཞེས་སོགས་དང༌།
དཔལ་ས་སྐྱའི་ཁྲི་འཛིན་གོང་མ་རིན་པོ་ཆེས་མཛད་པའི་ཞབས་བརྟན་གསོལ་འདེབས་ྋརྒྱལ་ བའི་དབང་པོའི་གསང་གསུམ་འཛད་འཕྲིན་ལས་བསྔགས་པ་དད་གུས་ཡིད་ཀྱི་མཆོད་སྤྲིན་ལས། “རྣམ་འདྲེན་བཞི་པའི་རྒྱལ་ཚབ་དམ་པ་མི་ནུབ་བསྐལ་པའི་འཇིག་རྟེན་བར་ཞེས་སོགས་ དང༌།
དཔལ་ྋརྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོས་མཛད་པའི་ཞབས་བརྟན་གསོལ་ འདེབས་འཆི་མེད་བདུད་རྩིའི་བུམ་བཟང་གི་མཇུག་བྱང་དུ་“མཆོག་གི་སྤྲུལ་སྐུ་རྗེས་ སུ་དྲན་པས་ཐལ་མོ་སྤྱི་བོར་བཀོད་དེ་ྋཞབས་པད་རྒྱ་མཚོའི་བར་དུ་བརྟན་ཅིང་འཛམ་ གླིང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མགོན་དུ་བཞུགས་སོ་གསོལ་བ་ལན་བརྒྱར་འདེབས་པ་ ལགས་”ཞེས་དང༌།
ྋསྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་མཛད་པའི་གསོལ་འདེབས་ཚིགས་བཅད་དད་པའི་ས་ བོན་སྙིང་གི་མུན་སེལ་ཞེས་པ་ལས། “བདག་སོགས་འགྲོ་བ་ཀུན་གྱི་མགོན་གཅིག་པུ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཁྱེད་ཉིད་ཀྱི། །” ཞེས་སོགས་དང༌།
འབྲི་གུང་ཆེ་ཚང་རིན་པོ་ཆེས་མཛད་པའི་བསྔགས་བརྗོད་དད་པའི་རོལ་སིལ་ཞེས་པ་ལས། “ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ྋརྒྱལ་བ་དམ་པ་ཉི་མའི་གཉེན་”ཞེས་ སོགས་དང༌། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་ཞབས་བརྟན་གསོལ་འདེབས་ འཆི་མེད་སྒྲ་དབྱངས་ཞེས་པ་ལས། “འཛམ་གླིང་བསྟན་པའི་བདག་པོར་ཞབས་བརྟན་གསོལ།” ཞེས་དང༌།
ྋསྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེས་མཛད་པའི་ྋགོང་ས་ྋསྐྱབས་མགོན་ ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཕྱི་ནང་གསང་གསུམ་རྣམ་ཐར་གྱི་ ཆ་ཤས་ལ་བསྔགས་པ་བདུད་རྩིའི་ཐིགས་ཕྲེང་ཞེས་པ་ལས། “ས་སྟེང་ྋརྒྱལ་བསྟན་གྱི་བདག་རྒྱལ་པོར་བསྔགས་”ཞེས་ལ་སོགས་དང༌།
ྋསྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་ཞབས་བརྟན་དགེ་ལེགས་དོན་ ཀུན་གྲུབ་པའི་དབྱངས་སྙན་ཞེས་པ་ལས། “ཐུབ་བསྟན་ཡོངས་རྫོགས་གསེར་གྱི་ས་འཛིན་ངོགས།། ཟོག་མེད་ཡོན་ཏན་རྒྱ་མཚོ་ཀུན་ནས་འཁྱིལ།། དགེ་ལེགས་ནོར་བུའི་ལྷུན་པོ་པད་དཀར་འཆང༌།། སྲིད་ཞིའི་གཙུག་རྒྱན་ཆེན་པོར་ཞབས་བརྟན་གསོལ།།” ཞེས་དང༌།
གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་མཛད་པའི་སྙན་ཚིག་ལས། “སྟོན་པ་པདྨ་འདབ་མ་བརྒྱ་པའི་ྋརྒྱལ་ཚབ་པད་དཀར་འཆང་ཁྱེད་རྣམ་པར་རྒྱལ་གྱུར་ ཅིག་”ཅེས་དང༌། སྨིན་གླིང་ཁྲིན་ཆེན་རིན་པོ་ཆེས་མཛད་པའི་བདེན་ཚིག་འགྲུབ་པའི་གསོལ་འདེབས་དྲང་ སྲོང་གླུ་དབྱངས་ཞེས་པ་ལས། “གངས་ལྗོངས་གནས་སུ་ཕན་བདེའི་གཞིར་གྱུར་དང༌། ཐུབ་བསྟན་གསལ་མཛད་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་”ཞེས་པ་ལ་སོགས་པའི་གོང་གསལ་ རྣམས་ས་“སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་ཤིན་ཏུ་གསལ་ ལོ་”ཞེས་པ་ཨ་རིའི་གཟེངས་རྟགས་ཚོགས་ཆུང་གི་གལ་ཆེ་མི་སྣ་ཁག་དང་དེ་བཞིན་དུ་ བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཤིས་བརྗོད་ལ་སོགས་པ་འདི་དག་ནི་ བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་གལ་ཆེ་དང་དོན་སྙིང་ལྡན་པ་ཞིག་ཡིན་པས་དགོས་ པ་ཆེན་པོ་ཞིག་ཏུ་བསམ་སྟེ་ཤེས་བྱ་གསར་ཤོག་ནས་སྙིང་བསྡུས་ཟུར་སྟོན་ཞུས་པ་དང་ བོད་ཀྱི་བླ་ཆེན་ཁག་ཞབས་བརྟན་གསོལ་འདེབས་ཁག་ནི་༸རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ སྙིང་བསྡུས་ལས་ལྟས་ནས་སྒྲིག་ཡོད་ན་དེ་དོན་དགོངས་མཛོད།
ལྷག་པར་བདག་གིས་འགྲོ་བ་འདྲེན་པའི་མིག་གཅིག་པུ། རིན་ཆེན་གསེར་གྱི་འོད་ཟེར་འཕྲོ་ཞེས་པ་འཚོ་ཤུགས་དྲག་པོའི་ཐོག་ནས་སྨོན་ཚིག་ ཏུ་ྋརྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པ་དང༌། བོད་མི་རིགས་ཀྱི་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཡོངས་རྫོགས་བོད་ལྗོངས་ རང་དབང་གཙང་མ་མྱུར་དུ་ཐུབ་སྟེ་དགའ་བདེའི་ཆོས་སྦྱོར་དཔལ་དུ་རོལ་པའི་སྨོན་ འདུན་གདུང་ཤུགས་དྲག་པོ་དང་བཅས ། རང་ཉིད་ཤེས་ཚད་དམན་པའི་དབང་གིས་བརྗོད་བྱ་རྗོད་བྱེད་ལ་སྐྱོན་དང་ནོར་འཁྲུལ་ འདྲ་མཆིས་ཚེ་རྒྱ་ཆེའི་མཁས་དབང་རྣམ་པ་དང་། དེ་བཞིན་ཀློག་པ་པོ་ཡོངས་ལ་བཟོད་གསོལ་ཞུ་རྒྱུ་ཡིན། ཆབ་མདོ་ངག་དབང་ཕུན་ཚོགས་པས་ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣ ཉིན་མཇུག་རྫོགས་པར་བྱས་ཤིང་། སླར་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་༸རྒྱལ་བའི་འཁྲུངས་སྐར་ཚེས་ཤར་ལ་བསྐྱར་བཅོས་ཕྲན་བུ་བྱས་ནས་ཕུལ་ཡོད།
ཟུར་བལྟའི་ཡིག་ཆ་ཁག་གི་མཚན་གཞུང༌།
༡༽ ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང༌།
༢༽ བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག
༣༽ མཛད་རྣམ་སྙིང་བསྡུས།
༤༽ ཤེས་བྱ་གསར་ཤོག
༥༽ བོད་ཀྱི་བང་ཆེན་གསར་ཤོག་འདོན་ཐེངས་ ༡༠༨ ནང༌།
༦༽ ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང༌། འོད་སྟོང་འབར་བའི་མི་ཚེ།
༧༽ བོད་ནི་དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་རྩིབ་རུས་མཉེན་པོ།
༨༽ བོད་མི་རང་དབང་གསར་ཤོག
༩༽ བོད་ཀྱི་བང་ཆེན་གསར་ཤོག་འདོན་ཐེངས་ ༡༤༦ ནང༌།
༡༠༽ འོད་དུས་དེབ་འདོན་ཐེངས་ ༣ པ་ནང༌།
༡༡༽ དགེ་སྡིག་ལས་མྱོང་བ།
༡༢༽ བཙན་བྱོལ་བོད་གཞུང་གི་གྲུབ་འབྲས་སྤྱི་དང་བྱེ་བྲག
༡༣༽ རྒྱལ་མཆོག་ཡབ་སྲས་མཛད་རྣམ།
༡༤༽ མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན།
བགྲེས་པའི་ལོ་ལ་གཞོན་ཤའི་མེ་ཏོག་བཞད།།
ཞི་བདེའི་འོད་སྣང་གོ་ལའི་མཁའ་ནས་སྤྲོས།།
ས་སྟེང་འདི་ན་འཚོ་བའི་སྟོན་པ་ཞིག།
ད་ལྟ་རྒྱ་གར་ཡུལ་ན་མཆིས་སོ་སྐད།།

སྲིད་ཀྱི་ལྷ་མོ་བསྐྱུར་བས་མི་ངོམས་ཤིང་།།
འཚོ་བ་ཕྱི་ཐག་སྲིང་བས་མི་འཚེང་ངོ་།།
མ་འོངས་བོད་ཀྱི་ལང་ཚོ་མ་སྨིན་བར།།
ལོ་ངོ་སུམ་བརྒྱར་བཞུགས་རྒྱུའི་ཐུགས་ཐག་ཆོད།།

ཏིང་འཛིན་ཟབ་མོའི་དམིགས་པ་མ་འཆོར་དང་།།
དམ་ཚིག་རྡོག་རྩ་གོང་བུ་མི་འཐོར་རོ།།
ཉི་མ་ལྷ་སའི་ཕོ་བྲང་དམར་པོའི་མདུན།།
གཞིས་བྱེས་འཛོམས་པའི་ཁ་ཆད་ཁྱེད་ཀྱིས་གནོངས།།
སྙིང་མིག་ནས།

མཚན་དཔེའི་ཉི་གཞོན་ཁ་བའི་རི་ནས་བཞད།།
དོན་ལྡན་གསུང་དབྱངས་སྐྱེ་འགྲོའི་རྣ་བར་འཇེབས།།
གྲགས་པའི་དབྱར་རྔ་ཤར་ནུབ་ཀུན་ལ་ཁྱབ།།
མཚན་མཆོག་དོན་ལྡན་བསྟན་འཛིན་རྒྱ་མཚོ་རྨད།།
འགར་ཁྲི་བཙན་གྱིས།

གངས་རིའི་སྐྱོ་བ་སྙིང་ནས་མྱོང་བ་ཡིས།།
མི་བཟོད་ཤ་ཚ་ཆེན་པོའི་འདེད་ཤུགས་ཀྱིས།།
སྒང་པ་འབངས་ཀྱི་མགོ་བོར་འཕོས་པ་ཡི།།
སྐལ་བཟང་ཉིན་འདིར་སྤོབས་དང་སྤྲོ་བས་བསུ།།

ཁྱེད་ཉིད་སྒང་ངོགས་འགྲེང་པ་ཁོ་ནས་དེ་རིང་ང་ཚོ་འཚོ་བ་རེད།།
ཁྱེད་ཉིད་སྲོག་ཏུ་ཞུགས་པ་ཁོ་ནས་དེ་རིང་ང་ཚོ་འགུལ་བ་རེད།།
ཁྱེད་ཀྱིས་རོལ་དབྱངས་དཀྲོལ་པ་ཁོ་ནས་དེ་རིང་ང་ཚོ་སད་པ་རེད།།
མངའ་བདག་ཁྱེད་ནི་ང་ཚོ་བྱེད་པའི་བཀོད་པ་པོ་ཡི་ལྷ་དེ་འོ།།

གདུང་བའི་ངུ་འབོད་རྒྱུན་ཆད་མེད་པའི་གངས་རིའི་སྐྱོ་ཉམས་འཐུང་བྱས་ཏེ།།
ཕྱི་ནང་གྲང་ངར་འུར་འུར་ལྡང་བའི་གངས་རིའི་ཚུགས་ཀ་ཁོག་བཅུག་ནས།།
སྡེ་ཆེན་སྒང་པའི་མགོན་དང་དཔུང་དུ་ཞབས་ཟུང་མི་ཤིགས་བརྟན་པར་མཛོད།།
གངས་རིའི་ལྷུན་པོའི་གཙུག་གི་རྒྱན་དུ་འོད་ཀྱི་སྤྲོས་པ་ཇེ་བརྟས་མཛོད།།
འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

ལྷ་མོ་དོན་གྲུབ་ལྷ་ཞིག་ཡིན་པའི་རེ་བ་མེད་ལ་ལྷ་ཡི་འདུ་ཤེས་བདག་ལ་མེད།།
ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པའི་ཡིད་ཆེས་ངེས་ཤེས་དེ་བས་ཅི།།
འོན་ཏང་དཔྱོད་ཤེས་རྦ་རླབས་མཐོ་ཞིང་འཛམ་གླིང་མི་སྣའི་ཕུལ་བྱུང་བ།།
གདོང་དམར་ཚང་ལ་དུང་བ་དཀར་བའི་སྤྲེལ་ཕྲུག་ཁྱེད་ཀྱི་འཁྲུངས་སྐར་བསུ།།
ཀ་དག་གིས།

ཁྱོད་ནི་འདྲེན་པའི་བླ་མ་གཅིག་སྟེ་འགྲོ་རྣམས་བརྩེ་བའི་ཐུགས་ཀྱིས་བསྐྱངས།།
ཞི་བདེ་བསུ་བའི་ཕོ་ཉ་གཅིག་སྟེ་གོ་ལའི་གོང་བུ་གཅིག་ཏུ་བསྒྲིལ།།
འཚེ་མེད་ཞི་བའི་རྒྱལ་པོ་གཅིག་སྟེ་གནོད་སེམས་འཆང་རྣམས་འཛུམ་གྱིས་བསུ།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་བསྐལ་པའི་བར་དུ་རྟག་བརྟན་ཤོག །
ཆབ་བསྟན་ཉི་མས།

ལུགས་གཉིས་མཁྱེན་རབ་ཉི་ཟླའི་འོད་ལ་འགྲན།།
ཁ་བའི་ལྗོངས་ཀྱི་སྐྱིད་སྡུག་ཕྲག་ལ་བཞེས།།
ཞི་བདེའི་འོད་སྣང་འཛམ་གླིང་ཡོངས་ལ་བཀྲམ།།
༧གོང་ས་མཆོག་གི་འཁྲུངས་སྐར་ཤིས་པས་བསུ།།
ཤར་དུག་སྡོང་ནས།

འདབ་དྲུག་ཁ་བ་འཕུར་བའི་ཞིང་ས་རུ།།
མཐོ་སྒང་རི་གྲོང་དྲོད་མོའི་མལ་ས་ནས།།
མ་རྣམས་འགྲོ་བའི་ལས་སུ་ཤར་བ་ཡི།།
དེང་གི་མགོན་པོ་གང་ལ་གསོལ་བ་འདེབས།།

སྐྱེས་ཡུལ་སྟག་འཚེར་སྡེ་བའི་བྱིས་པ་ཞིག །
ཕ་ས་གཞན་གྱིས་འཕྲོག་པའི་མགྲོན་པོ་ཞིག །
དེང་གི་དེད་དཔོན་མཆོག་ཏུ་གྱུར་པ་གང་།།
རིགས་བཟང་རྒྱལ་སྲས་དེ་ལ་གསོལ་བ་འདེབས།།

ཤར་ནུབ་རྒྱལ་ཁབ་མང་པོའི་མཐའ་མཚམས་ན།།
གྲངས་མེད་མི་རིགས་དུ་མའི་མདུན་ས་ནས།།
ཐམས་ཅད་དྲང་པོར་སྨྲ་བའི་རྒན་རབས་པ།།
ཚད་ལྡན་དགེ་སློང་དེ་ལ་གསོལ་བ་འདེབས།།

དུས་ཀྱི་ཡོ་ལངས་རྒོད་པའི་ནུབ་གླིང་ན།།
མཁས་པའི་ཁྲི་ལ་འགྱིང་བའི་གདན་གྲལ་ནས།།
རྟེན་འབྱུང་བུ་མོར་དགའ་བའི་རྟོགས་གེ་བ།།
ཚད་མའི་སྐྱེས་བུ་དེ་ལ་གསོལ་བ་འདེབས།།
བྲག་མགོ་བློ་བཟང་མཁྱེན་བརྩེས་ཕུལ།

བསམ་འཕེལ་ནོར་བུ་མཐོང་བ་དོན་ལྡན་འདིའི།།
མཚོན་དཔེའི་མེ་ཏོག་འཁྲུངས་པའི་ཉིན་མོ་ནས།།
ས་ཡ་དྲུག་དང་འཛམ་གླིང་མི་རིགས་ཀུན།།
ཞི་བདེའི་འོད་སྣང་འདྲེན་པའི་དབུ་ཁྱུད་བྲིས།།
སྙན་ངག་པ་བེ་རི་འཇིགས་མེད་ཀྱིས། ༢༠༡༣/༧/༥

འཛམ་གླིང་གསེར་གྱི་ཉི་མ།
___འཁྲུངས་སྐར་བསུ་བ།

ཁྱེད་ཀྱི་བྱམས་བརྩེ་འཇིག་རྟེན་ཤོར་ཏེ་གོ་ལའི་ཁོག་པར་འོད་ཀྱིས་ཕྱེས།།
ཞབས་ཟུང་འཐེན་པའི་རྒྱལ་ཁམས་མིག་ན་གསེར་གྱི་སྐད་ཆ་རིན་དུ་མཐོ།།
ཉི་འོད་བརྡལ་བའི་གླེགས་བམ་ཁྲོད་དུ་ཁྱེད་ཀྱི་མཚན་སྙན་གཏེར་དུ་གྲུབ།།
དར་རྒུད་རིང་མོའི་ལོ་རྒྱུས་མཐིལ་ནས་དགེ་སློང་ཞིག་གི་རིན་ཐང་བཞེངས།།

ཆོས་ལུགས་ཀུན་གྱི་སྙིང་པོ་དྲིལ་ཏེ་མཐུན་པ་སྤུན་བཞིའི་སེམས་ཁམས་སྦྱོར།།
ཆོས་ཚན་ལྷན་སྡེབ་རྟེན་འབྱུང་རི་མོ་གནམ་གྱི་རུམ་ཁོང་ལྷམ་མེར་སྒྲོན།།
སྒང་པས་བྲིས་པའི་ལོ་རྒྱུས་རྙོག་པོ་གསེད་བཀྲོལ་གཏམ་གྱིས་རྒྱལ་ཁམས་བསྒྲགས།།
མི་རིགས་སེམས་པ་ཕྱག་གིས་སྐྱོར་ཏེ་འོ་བརྒྱལ་སྟོང་གིས་སྙེར་མ་ཕབ།།
ལྕོག་རི་ཕུར་བུ་ནས།

མཚན་དཔེའི་མེ་ཏོག་བོད་དུ་བཞད་ཀྱང་མཛད་འཕྲིན་ཉི་མས་འཛམ་གླིང་ཁྱབ།།
བྱམས་བརྩེ་ཟླ་བས་འཛམ་གླིང་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་སྲེག།
བསྟན་འགྲོའི་དོན་དུ་དགུང་ན་མཐོ་ཡང་འཛམ་གླིང་བསྐོར་ལ་མི་ངལ་བའི།།
འཛམ་གླིང་ཞི་བདེའི་དེད་དཔོན་ཁྱེད་ཀྱི་འཁྲུངས་སྐར་ཉིན་དེར་དགའ་སྟོན་བྱ།།
དཔའ་རྟུལ་ནས།

ཏཱ་ལའི་བླ་མ་བོད་ལ་བཀའ་དྲིན་ཆེ།།
པདྨ་ནང་བཞིན་སྐུ་ལ་འཛུམས་མདངས་གསལ།།
ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས།།
༧རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་འདེབས།།
རྫ་ཚེ་རིང་བཀྲ་ཤིས་ཀྱིས།

སྐུ་ཡི་བཀོད་པ་གངས་རིའི་ལྗོངས་སུ་བཞད།།
གསུང་གི་སྒྲ་དབྱངས་སྐྱེ་རྒུའི་རྣ་བར་སྙན།།
ཐུགས་ཀྱི་བྱམས་བརྩེའི་འགྲོ་དྲུག་འདྲེན་པའི་དཔལ།།
ཁམས་གསུམ་འགྲོ་བའི་ཞི་བདེའི་དེད་དཔོན་འདུད།།
ངག་དབང་སྟོབས་ལྡན་གྱིས།

རྒྱལ་ཚབ་ཆེན་མོ་རྭ་སྒྲེང་གང་དེ་ཡིས།།
ངོས་འཛིན་བདག་སྤྲོད་གནང་བ་ཙོང་ཁའི་བུ།།
ལྷ་མོ་དོན་གྲུབ་གངས་རིའི་ཕོ་ཉ་ཁྱོད།།
འཛམ་གླིང་ཞི་བདེའི་ཕུག་རོན་དཀར་པོ་ཡིན།།

དུས་འགྱུར་ཁྲོད་དུ་རི་བོ་འཕྲེད་ཀྱིས་བཅད།།
ལོ་རྒྱུས་བདེན་པ་འཛམ་གླིང་ཁྱོན་ལ་བསྒྲགས།།
བོད་མིའི་འཐབ་རྩོད་ཞི་བའི་ལམ་དུ་ཁྲིད།།
ཁྱོད་ནི་བོད་མིའི་ཕྱོགས་སྟོན་ཆེན་པོ་ཡིན།།

བོད་ཀྱི་རྩ་དོན་བོད་མིས་རྩོད་དགོས་ཞེས།།
མང་པོས་བཀུར་བའི་ལུགས་བཟང་ལ་བརྟེན་ནས།།
ཆོས་སྲིད་འདྲེས་མའི་དབང་བསྒྱུར་རྩད་ནས་བཅད།།
ཁྱོད་ནི་བོད་ཀྱི་མང་གཙོའི་ཡབ་ཆེན་ཡིན།།

དབུས་འགྱུར་ལྷ་སའི་གཞུང་གི་ཁྲིམས་མཐུན་རྒྱུན།།
བཙན་བྱོལ་ལུང་པར་མང་གཙོའི་ལམ་ནས་བསྐྱངས།།
དགའ་སྤྲོའི་ངང་ནས་སྲིད་དབང་བརྒྱུད་སྤྲོད་གནང་།།
ཁྱོད་ནི་བོད་ལ་བཀའ་དྲིན་མཚུངས་པ་མེད།།

སྐུ་ན་བགྲེས་ཀྱང་འཛམ་གླིང་ཞབས་ཀྱིས་བཅགས།།
ཁ་ཐབས་སྐྱོ་བའི་བོད་མིའི་བདེ་སྡུག་གཟིགས།།
ཕྱག་གཉིས་ཐལ་སྦྱར་ཀུན་ལ་ཞུ་འབོད་གནང་།།
བཀའ་དྲིན་ཆེའོ་གངས་རིའི་མགོན་པོ་ཁྱོད།།

སྐུ་ཚེ་བརྟན་པའི་སྨོན་ལམ་སྙིང་ནས་ཞུ།།
ཐུགས་ཀྱི་བཞེད་པ་མང་གཙོའི་ལམ་དུ་འགྲོ །
མ་འོངས་བོད་ཀྱི་རང་དབང་མང་གཙོ་ཡི།།
ལམ་སྟོན་མགོན་དུ་བཞུགས་པའི་སྨོན་ལམ་ཞུ།།
འཇིགས་བྲལ་ནས།

གསེར་མདོག་གི་འོད་སྣང་ཟླུམ་པོ།

ཚོར་བ་དང་དྲན་སྣང་ལྕི་མོ་ཞིག་གིས
དེ་རིང་ནས་ཡར་འདེད་ཀྱིས་བརྩིས་ན
མི་ལོ་ཧྲིལ་པོ་དོན་བརྒྱད་ཀྱི་གོང་གི་ཉི་མ་ཞིག་ལ
གངས་རིའི་ཁྲོད་དུ་མཚར་སྡུག་གི་འོད་ཞགས་ཤིག་འཁྱུགས
དེ་ནི་གསེར་མདོག་གི་ཉི་གཞོན་ཤར་རིའི་ཕྲག་ནས་བལྟམས་པའི་གཟི་མདངས་ཡིན

ཉི་མ་དེ་དང་དུས་ཚོད་དེར
རི་ཚོགས་ཀྱི་ཕ་ས་ན་རླབས་ཆེན་གྱི་སྐྱེས་བུ་ཞིག་འཁྲུངས
དེ་ཡིས་གདོང་དམར་བའི་ལས་དབང་གི་རྨ་ཁར་བྱམས་བརྩེ་བྱུགས་ཤིང
གངས་ཅན་པའི་མིང་གི་གསེར་ཡིག་འཛམ་གླིང་ལ་གཏོར
མི་ཡི་ཤ་ཚུགས་བཟུང་ནས་ལྷ་ཡི་འཕྲིན་ལས་དངོས་སུ་བསྐྱངས

ཉི་མ་དེ་དང་དུས་ཚོད་དེར
ཁ་བའི་འཇིག་རྟེན་དུ་ངོ་མཚར་གྱི་མེ་ཏོག་ཅིག་བཞད
དེའི་འདབ་མའི་འཁོར་ཁྱིམ་ན་འཁོར་བའི་གོ་ལ་ཟླུམ་པོ་ཞི་བདེའི་སྣང་བས་མྱོས་ཤིང
དེའི་བསུང་མངར་གྱིས་འཛམ་གླིང་ལ་ཚེེ་སྲོག་གསར་བ་བསྩལ་བས
ཉིན་མ་དེ་དང་དུས་ཚོད་དེ
འཛམ་གླིང་གིས་ནམ་ཡང་བརྗེད་མི་སྲིད་པའི་ཉི་མ་དང་དུས་ཚོད་ཅིག་ཏུ་གྱུར
རོ་ལངས་ནས།

འོད་ཀྱི་ཐིག་ལེ།

ཁ་རྩང་དུས་ཀྱི་འགྱུར་བ་དྲག་པོས་ཁྱེའུ་འདི་ལ་ཨུ་ཐུག་སྲིད་ཀྱི་ལྷག་རོ་བཀལ།།
ཁ་རྩང་ལུགས་གཉིས་མིང་གིས་བསྙད་དེ་ཆོས་པ་འདི་ལ་ལྡོག་དཀའི་ལས་འགན་གཅིག་ཏུ་གཏད།།
ཁ་རྩང་བཙན་པོའི་སྒྱོགས་ཆེན་བཀའ་ཡིས་སྐྱེས་མཆོག་འདི་ལ་བཟོད་པའི་གོ་ཆ་སྟོང་དུ་གསོལ།།
ཁ་རྩང་ལས་དབང་བཙན་པོས་དེད་ནས་བཙན་བྱོལ་རྡོག་ལམ་ཡི་མུག་མུན་པས་རླབས་ཀྱིས་གཞལ།།

དེ་རིང་འཛམ་གླིང་ཆེ་དགུ་ཅོག་གིས་སྟོན་པ་འདི་ཡི་ཞབས་ཀྱི་པད་མོར་ཡང་ཡང་བཏུད།།
དེ་རིང་གླིང་ཆེན་ཡངས་པའི་མཁའ་ལ་ཞི་བདེའི་སྤྲིན་ཕུང་རབ་ཏུ་འཁྲིགས་པའི་ཡོ་ལང་དགོད།།
དེ་རིང་འགྲོ་བའི་སྙིང་གི་དབུས་ལ་བྱམས་བརྩེའི་དུང་ཟླ་འཛུམ་གྱིས་ཤར་བའི་དུས་སྟོན་བཀྲ།།
དེ་རིང་གངས་ཅན་བོད་པའི་གདོང་ལ་སྤོབས་སེམས་གསེར་འོད་རབ་ཏུ་འཕྱུར་བའི་འོད་ལ་བསྙེགས།།

སང་ཉིན་ཉེན་ཁའི་གནས་སུ་འགྲེང་བའི་སྐྱེ་བོ་འབུམ་གྱིས་རེ་བའི་བློ་རྩེ་གང་ལ་སྤུངས།།
སང་ཉིན་བཟང་སྤྱོད་རྣམ་པར་བྲལ་བའི་ཉམ་ཐག་འབུམ་གྱིས་སྐྱབས་ཀྱི་དྭངས་མ་གང་ལ་བཅོལ།།
སང་ཉིན་མུན་པའི་རླབས་སུ་འཁྱམས་པའི་ཁ་བ་རི་བས་འོད་ཀྱི་དམུ་ཐག་གང་ལ་གཏད།།
སང་ཉིན་རྫོགས་ལྡན་བསུ་ལ་བྲེལ་བའི་དཔྱོད་ལྡན་ཁྲི་ཡིས་གོམ་འགྲོས་གང་གི་རྗེས་སུ་འདོར།།
སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས།

ཕྱག་དང་ཐལ་མོས་མཛའ་མཐུན་བདེ་སྐྱིད་གླེང་།།
ཞབས་ཟུང་འཁོར་ལོ་འཇིག་རྟེན་ཡོངས་ལ་བཀོད།།
མཚན་བསྟོད་གཟེངས་རྟགས་དུ་མས་གནམ་ལ་བཏེགས།།
ཞི་བདེའི་མགོན་པོ་བསྟན་འཛིན་རྒྱལ་མཚོར་འདུད།།
རྡོ་མེ་འབར་གྱིས་འཁྲུངས་སྐར་ལ་ཕུལ།

མཁྱེན་པ་ཟླ་མེད་སྐྱོབ་པ་ཕུལ་དུ་བྱུང་།།
བརྩེ་བ་བསླུ་མེད་འགྲོ་ལ་བྱམས་པ་དང་།།
ཡང་དག་བསྙོན་མེད་གནས་ལུགས་འབེབས་པ་པོ།།
བསྟན་པའི་གསལ་བྱེད་བསྟན་འཛིན་རྒྱ་མཚོར་འདུད།།
གླིང་གེ་སར་ནས།

སྐུ་ཡི་པདྨོ་མདོ་སྨད་ཡུལ་ནས་བཞད།།
ཤེས་རིག་ལང་ཚོ་དབུས་གཙང་ཡུལ་ནས་རྒྱས།།
གྲུབ་པའི་གོ་འཕང་འཕགས་པའི་ཞིང་ནས་བརྙེས།།
མཛད་འཕྲིན་འོད་ཟེར་འཛམ་གླིང་ཁྱོན་ལ་ཁྱབ།།

ཐུགས་བསྐྱེད་ཟབ་མོས་འཇིག་རྟེན་བརྩེ་བས་བཟུང་།།
སྨོན་ལམ་ཟབ་མོས་འབྲེལ་ཚད་དོན་ལྡན་འགྱུར།།
འཇིག་རྟེན་ཞི་བདེའི་དེད་དཔོན་གང་དེ་ཡི།།
འཁྲུངས་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ།།
ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།

བྱམས་དང་བརྩེ་བས་འགྲོ་ཀུན་བུ་བཞིན་སྐྱོང་།།
བཟོད་པའི་གོ་ཆས་དགྲ་བོ་གཉེན་དུ་བསྡུ།།
ཡང་དག་ལྟ་བས་ལོག་རྟོག་ཀུན་བཅོམ་པ།།
དེང་རབས་སྐྱེ་མཆོག་བསྟན་འཛིན་རྒྱ་མཚོ་རྒྱལ།།
འབའ་པ་ཡེ་ཤེས་ནས།

བོད་ཁ་བ་ཅན་གྱི་ཞིང་ཁམས་ནས།།
མགོན་སྤྱན་རས་གཟིགས་ཁྱེད་བྱོན་པའི་ཚེ།།
ས་ཆེན་པོར་བྱིན་རླབས་དྲོད་ཁོལ་འབར།།
མ་སེམས་ཅན་རྣམས་ལ་ཚེ་སྲོག་ཞུགས།།

མི་མཐོ་རིས་རྟེན་ལ་ཕྱུགས་བློ་ཅན།།
རང་གཅེས་འཛིན་ཁོ་ནས་གཏམས་པ་ཡང་།།
གཞན་གཅེས་པར་འཛིན་པའི་བློ་ལྡན་དུ།།
ཁྱེད་ཁོ་ནས་བསྒྱུར་འདི་ཨེ་མ་མཚར།།

སྟོང་རྟེན་འབྱུང་གཏམ་གྱི་སྒྲ་སྙན་དེ།།
གླིང་ཟླུམ་པོར་ཡང་ཡང་བསྒྲགས་པའི་མཐུས།།
ཚོང་ཁྲོམ་ར་ཡན་དང་རིག་གསར་མན།།
ཁོང་མཁས་བླུན་ཀུན་ལ་བྲག་ཅ་འཁོར།།

ཁྱེད་ལྷ་གཅིག་ཕྱག་སྤྱན་སྟོང་ཕྲག་གིས།།
མ་སེམས་ཅན་འདི་ལྟར་འདྲེན་འདྲེན་ན།།
ལྷ་ཕྱག་ཟུང་ཅན་རྣམས་མི་ཁྲོ་འམ།།
འོག་དམྱལ་བའི་ཞིང་དེ་མི་སྟོང་ངམ།།

ཁྱེད་དགུང་གྲངས་བསྐལ་པར་སོན་ཀྱང་རུང་།།
མ་སེམས་ཅན་དོན་རྣམས་མི་གཏོང་ལ།།
ངེད་གདུལ་བྱའི་ཚོགས་ཀྱང་ཁྱེད་ཉིད་ཀྱི།།
སྐུའི་འཁྲུངས་སྐར་དེ་སྙེད་བརྩི་བར་བྱ།།
སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་གྱིས།

ཁམས་འདིར་འོད་སྟོང་འབར་བའི་ཞབས་རྗེས་བཞག །
འགྲོ་དྲུག་བདེ་ལ་འགོད་པའི་དཀའ་བ་སྤྱད།།
རང་ས་རྒྱ་ཡིས་བཙན་གྱིས་འཕྲོག་ནའང་།།
དགྲ་གཉེན་དབྱེ་འབྱེད་མི་གནང་གང་དེར་འདུད།།
༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཆོས་ཉིད་འོད་ཟེར་གྱིས།

མཐོང་གྲོལ་མཚན་དཔེས་རྒྱན་པའི་སྐུ།།
ཐོས་གྲོལ་ཟབ་གསལ་གཉིས་མེད་གསུང་།།
རྟོག་གྲོལ་མ་འདྲིས་མཁྱེན་པའི་ཐུགས།།
སྐུ་གསུང་མངོན་གྱུར་བླ་མ་མཆོད།།

དམར་པོ་རྒྱ་ཡིས་ཕྱི་ནས་བཙིར།།
ར་སྟག་གཉིས་ཀྱིས་ནང་ནས་མནར།།
སྐུ་ངོས་ཇུས་ངན་ལྕགས་གཟེར་བཏབ།།
ཁྱོད་ནི་གཡོ་མེད་རི་དབང་ཟླ།།

ང་དགུ་དུས་ཟིང་ཀློང་ཉིད་ན།།
ཞབས་དཀྱིལ་འཕགས་ཡུལ་བཀོད་པ་དང་།།
དམངས་གཙོ་ལམ་གྱིས་གཞུང་སྐྱོང་སྟེ།།
འབངས་ལ་རང་དབང་བདེ་སྐྱིད་བསྐྲུན།།

རྙིང་ཞེན་བག་ཆགས་མཐུག་པོའི་ཀློང་།།
བྱིང་བའི་བླ་དཔོན་འབྱུང་པོའི་ཚོགས།།
འགྲན་སེམས་ཕྲག་དོག་མཚོན་གྱིས་ཆར།།
འབེབས་ལ་ཐལ་སྦྱར་གུས་པས་བསུ།།

ས་ཕུག་བྱང་གཏད་གནས་མལ་བཅལ།།
འགྲོ་བ་བཞི་ཡི་བྲན་དུ་གྱུར།།
འབྱུང་བོ་ཁྱུ་འདིས་ཁྱེད་སྨད་པས།།
ཁྱེད་ནི་ངེས་དོན་སེམས་དཔའ་ཤེས།།

འཛམ་གླིང་ཞི་བདེའི་དེད་དཔོན་དང་།།
ཆེ་དགུ་གཟུར་གནས་མཁས་ཚོགས་ཀྱིས།།
མགོན་ཁྱེད་ཞབས་རྡུལ་སྤྱི་བོར་མཆོད།།
ཁྱོད་ནི་བདག་ཉིད་ཆེན་པོ་ཤེས།།

ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་།།
འཚེ་མེད་སྤྱོད་པ་ཞི་བདེའི་སྙིང་།།
ས་གསུམ་འགྲོ་ལ་སྩོལ་མཛད་པས།།
ཁྱེད་ནི་ཞི་བདེའི་དེད་དཔོན་ཤེས།།

དེ་རིང་དགུང་གྲངས་དོན་བརྒྱད་ཀྱི།།
བཀྲ་ཤིས་འཁྲུངས་སྐར་འདི་བསུས་ནས།།
སླར་ཡང་དགུང་ལོ་བརྒྱ་སོན་པའི།།
འཁྲུངས་སྐར་དེ་ཡང་མཉམ་བསུ་ཤོག །

ཁྱོད་སྐུ་རི་དབང་བཞིན་དུ་བརྟན།།
ཁྱོད་གསུང་གངྒའི་རྒྱུན་དང་འགྲོགས།།
ཁྱོད་ཐུགས་ལྷ་ཡི་རྫིང་དང་མཉམ།།
སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །
གངས་རིའི་ཚེ་སྲོག་གིས།

༧མགོན་དེའི་འཁྲུངས་སྐར་བསུ།


འཁྱམས་པོ།
བདུན།༧།
ནོར་བུ་འཁོར་ལོ་ཐབས་མཆོག་བློན་པོ་དང་།།
དམག་དཔོན་རྟ་དང་ཁྱུ་མཆོག་གླང་བོ་སྟེ།།
ཡིད་འོང་མཛེས་པའི་བཙུན་མོ་རིན་ཆེན་སོགས།།
རྒྱལ་སྲིད་བདུན་གྱིས་༧མགོན་དེའི་འཁྲུངས་སྐར་བསུ།།
བརྒྱད།༨།
གདུགས་དང་རྒྱལ་མཚན་དུང་དཀར་འཁོར་ལོ་དང་།།
བུམ་པ་བཟང་དང་པད་མ་གསེར་ཉ་འཁྱུག །
དཔལ་གྱི་བེའུ་ལ་སོགས་བཀྲ་ཤིས་པས།།
རྫས་མཆོག་བརྒྱད་ཀྱིས་༧མགོན་དེའི་འཁྲུངས་སྐར་བསུ།།
༼༡༽
སྤྱང་ཚོགས་གིས་དེད་པའི་ལུག་ཁྱི་ཞིག
རི་ཆུ་དང་བྲག་ཀླུང་གང་མང་བརྒྱུད།
གནས་ཧི་མ་ཡའི་རི་རྒྱབ་ཞིག་ཏུ།
རྫི་བོ་འདིས་ནམ་ཡང་འདོར་མ་མྱོང་།
ཉམ་ཆུང་གི་ལུ་གུ་ནུས་མེད་ངས།
ཁྱེད་ཀྱི་བཀའ་དྲིན་དྲན་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
༼༢༽
ཞུ་བསིལ་སྟོང་ལྡན་གྱི་ཟླ་བ་དཀར་པོ།
མུན་ནག་གི་མཐའ་ལ་དེད་པས་མཁའ་དབྱིངས་འདི་ནས།
སྐར་ཚོགས་འདི་དུས་ཀུན་ཏུ་ཐུགས་ལ་བཏགས།
ཕྲ་ཆུང་གི་སྐར་མ་འོད་མེད་ངས།
ཁྱེད་ཀྱི་བཀའ་དྲིན་དྲན་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
༢༠༡༣/༧/༥ ལ་བྲིས།

འཁྲུངས་སྐར་ཤིས་ཚིག


དགའ་ཉག་འཁྱམ་པོ།
རབ་དཀར་གངས་རིའི་ཡུལ་ནས་དགོས་དབང་གིས་ཐོལ་གྱིས་ཕེབས་ཏེ་ས་ཆེན་ཞི་བདེའི་ དཔལ་ལ་ཡོངས་སུ་འགོད་པའི་དཔལ་ལྡན་བླ་མ་དམ་པ། ཡོངས་རྫོགས་བསྟན་པའི་མངའ་བདག་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་ཡི་འཁྲུངས་ སྐར་ལ་སྙིང་ནས་འཚམས་འདྲི་དང་གུས་འདུད་ཞུ།
རྣམ་འབྱེད་ཤེས་རབ་ཟབ་མོ།།
བརྩེ་ཆེན་ཀློང་ནས་རྡོལ་ཏེ།།
ས་ཆེན་མཁས་པའི་ཚོགས་ཀྱི།།
སོམ་ཉིའི་དྲ་བ་བཅད་སོང་།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ།།
བྱམས་བརྩེའི་འོད་སྣང་དཀར་པོ།།
དམིགས་མེད་དབྱིངས་ནས་འཕྲོས་ཏེ།།
ཉམ་ཐག་འགྲོ་བ་ཡོངས་ཀྱི།།
སྡུག་བསྔལ་མུན་པ་བསལ་སོང་།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ།།
ཀུན་ཁྱབ་རིས་མེད་བསམ་བློ།།
གུ་ཡངས་གཤིས་ལས་འཁྲུངས་ཏེ།།
ཤར་ནུབ་ཆོས་ལུགས་ཀུན་གྱི།།
གུ་དོག་ལྟ་བ་བཅོམ་སོང་།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ།།
མཛད་པ་དུས་ཀྱི་སྒྲོན་མེ།།
ཐུགས་བསྐྱེད་མཐུ་ལས་འཁྲུངས་ཏེ།།
གངས་ཅན་ཁ་བ་རི་པའི།།
མདུན་ལམ་ལམ་སྟོན་གནང་སོང་།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ།།

ངའི་རྒྱབ་རི།


ཐེ་བོ་ཤེས་རྒྱ་མཚོ།
༧གོང་ས་མཆོག་དགུང་ལོ་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བསུ་བ་ཞུ།
མི་ཡི་ཉི་མ་ཁྱོད་སེམས་ལ་ཤར་བས།།
སྡུག་བསྔལ་ལོ་ཟླ་དག་སྐྱིད་ཀྱིས་བསྐྱལ་ཡོད།།
རྒྱབ་རི་བཀན་མོ་ཁྱོད་བརྟན་སེ་ལངས་པས།།
ང་ཡང་ས་མཐའ་ན་འབྲོང་བཞིན་འགྱིང་ཡོད།།
རྒྱ་ནག་དམར་པོ་དང་དཔུང་དུ་བསྡེབས་ནས།།
རྐུན་ཇག་སྤྱང་ཀི་ཞེས་སྡང་ཞིང་སྡིགས་པའི།།
དོལ་ཚོགས་འདྲེ་ཚོགས་ཀྱི་ཐེའུ་རང་འགོང་པོས།།
ཁྱོད་ཐུགས་དཀྲུགས་པ་ལ་སེམས་པ་སྐྱོ་སོང་།།
སྐྱོ་མེད་ངལ་མེད་ཀྱི་དཔུང་གཉེན་ཁྱོད་འདྲ།།
མགོན་མེད་སྐྱབས་མེད་ཀྱི་ཁ་བ་ཅན་ལ།།
དུས་སྐབས་ཏག་ཏག་ལ་གཟུར་མེད་ཕེབས་པས།།
རོ་མདོག་ཐལ་མདོག་གི་ངོ་གདོང་འཛུམ་སོང་།།
སེམས་ཀྱི་ཉི་མ་ཁྱོད་ཤར་ཚོད་འགྲིགས་སོང་།།
སྨག་རུམ་མུན་པ་ལ་ཞེད་ནས་བསྡད་ཡོད།།
བྱམས་བརྩེ་ཟླ་བ་ཁྱོད་བསིལ་བ་ཡག་བྱུང་།།
ཚ་བས་གདུང་བ་འདི་བཟོད་པར་དཀའ་འོ།།
མིག་ཟུང་མཐའ་ཁ་ལ་མཆི་མས་བརླན་པ།།
དད་གདུང་རང་གཟུགས་སུ་འཕོས་ཚུལ་ཞིག་སྟེ།།
ལག་ཟུང་སྙིང་ག་ལ་ངང་གིས་ཟུམ་པ།།
ལོ་ཟླའི་བཀའ་དྲིན་དག་དྲན་ཚུལ་ཡིན་སོང་།།
དབུ་ཡི་སྐྲ་ལོ་དེ་དཀར་ཚུལ་མཐོང་ན།།
སེམས་པའི་གཏིང་རུམ་ལ་གློག་ཅིག་འཁྱུག་གི།
འཛུམ་པའི་ཞལ་རས་ལ་རྒས་མདོག་བབ་པ།།
ང་ཡི་སྙིང་ཁོང་ལ་གྲི་གཙགས་བྱས་འདྲ།།
ཁྱོད་ལ་འཛམ་གླིང་གིས་གུས་ཤིང་བཀུར་བས།།
ང་ཡི་དགའ་སྤྲོ་འདི་གང་ལ་འཇོག་གམ།།
ཁྱོད་ལ་རང་རིགས་ཀྱིས་བརྙས་ཤིང་སྨད་པས།།
ང་ལ་ཡིད་ཆད་འདི་སངས་དུས་མི་འདུག།
མ་ཤེས་མ་མཐོང་གི་གདགས་སྲིབ་བར་ནས།།
མ་གོ་མ་རིག་གི་ཉིན་མཚན་བར་ནས།།
ཁྱོད་ཀྱི་དགོངས་པ་དང་འགལ་བ་བྱུང་ན།།
དད་དམ་གཙང་མ་ཡིས་སྙིང་ནས་བཤགས་སོང་།།

འཁྲུངས་སྐར་ལ་བཏེགས་པའི་སེམས་ཀྱི་མཆོད་ཆང་།།


འཆི་བདག་སྐྱབས།
སྐུ་གཟུགས་ཉིན་བྱེད་དབང་པོ་མདོ་སྨད་དུ་འཆར་ཡང་།།
འཚེ་བས་འཁྱགས་སུ་སྦྲུམ་པའི་འཛམ་གླིང་གི་སྐྱེ་འགྲོར།།
ཞི་བདེའི་དྲོད་རླབས་འཕྱུར་བའི་བཀའ་དྲིན་ལ་དམིགས་ནས།།
སྐལ་བཟང་འཁྲུངས་སྐར་ཉིན་མོར་གྲངས་མེད་ཀྱི་འཚམས་འདྲི།།

གསུང་མཆིད་བདུད་རྩི་དྭངས་མ་རྒྱ་མཚོ་རུ་བསྐྱིལ་ནས།།
ཚ་བས་མནར་བའི་བྱེ་ཐང་རྔ་མོང་གི་འགྲོ་བར།།
བྱམས་བརྩེའི་ཆུ་རྒྱུན་དྲངས་པའི་དྲིན་གསོ་ཡི་སླད་དུ།།
དྲི་མེད་ཨ་ཤེ་བཏེགས་ནས་འཁྲུངས་སྐར་ལ་འཚམས་འདྲི།།
ཐུགས་ཡངས་སྟོན་གྱི་སྤྲིན་བྲལ་ནམ་མཁའི་དབྱིངས།།
སྙིང་རྗེ་ཉ་ག་ཟླ་བའི་རང་མདངས་འཚེར།།
འགྲོ་དྲུག་སྡུག་བསྔལ་མུན་པ་ཡོངས་བསལ་བས།།
དྲིན་གསོའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་ཞུ།།

ཉི་མ་ལགས།


རིགས་གྲོལ།
སང་ཉིན་འཛམ་གླིང་ཉི་མའི་འཁུངས་སྐར་རེད། བདག་གིས་ཁོང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུ།
ས་གཞི་མཐའ་དག་འཁྱག་གིས་བསྡམས་དུས
ཁྱོད་ཀྱི་བྱམས་བརྩེ་ཡིས་དྲོད་འཁོལ་སྦྱིན
འཇིག་རྟེན་གོར་མོ་སྨག་གིས་བཀླུབས་དུས
ཁྱོད་ཀྱི་ཟེར་འོད་ཀྱིས་མུན་པ་སེལ
ཉི་མ་ལགས ཁྱོད་བདེ་བར་སྨོན
གངས་རི་ཞིག་གི་འོད་མདངས་འཇིག་དུས
ཁྱོད་ཀྱི་དཀར་འོད་ཀྱིས་འཛུམ་མདངས་སྦྱིན
ཆུ་བོ་ཞིག་གི་ཁ་མདོག་འགྱུར་དུས
ཁྱོད་ཀྱི་ཟེར་བརྒྱ་ཡིས་མདངས་རླབས་སྟེར
ཉི་མ་ལགས ཁྱོད་བདེ་བར་སྨོན
རྩ་ཐང་སྔོན་མོ་སད་ཀྱིས་འཇོམ་དུས
ཁྱོད་ཀྱི་གཟིགས་སྐྱོང་གིས་ལྗང་བུ་འབུད
ལུག་ལུ་དཀར་ཆུང་སྤྱང་གིས་གསོད་དུས
ཁྱོད་ཀྱི་ཐུགས་བརྩེ་ཡིས་ཚེ་སྲོག་གསོ
ཉི་མ་ལགས ཁྱོད་བདེ་བར་སྨོན
ས་མཐའ་ཞིག་ན་ཁེར་གྱིས་འཚོ་དུས
ཁྱོད་ཀྱི་ཐུགས་རྗེ་ཡིས་སྐྱབས་གྲོགས་སྦྱིན
རིགས་རུས་ཤིག་ལ་ཧམ་ཁྱེར་འབྱུང་དུས
ཁྱོད་ཀྱི་མཛད་བཟང་རེས་ལུས་ནད་གསོ
ཉི་མ་ལགས ཁྱོད་བདེ་བར་སྨོན
༢༠༡༣། ༠༧། ༠༥ དགོང་དྲོ།

0 comments:

ཟིན་བྲིས་འཚོལ་ཡུལ