དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 4 July 2013
༄༅།།བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ལས་དྲི་མེད་ཀུན་ལྡན་གྱི་མི་སྣའི་སྣང་བརྙན་དང་བསམ་བློའི་དགེ་སྐྱོན་སྐོར་ཅུང་ཟད་གླེང་བ།
ནང་དོན་གནད་བསྡུས།
དཔྱད་རྩོམ་འདིའི་ནང་དུ་རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་མི་སྣའི་སྣང་བརྙན་དང་བོད་ཀྱི་སྤྱི་ཚོགས་སུ་ཐེབས་པའི་བསམ་བློའི་དགེ་མཚན་སྐོར་ཉུང་ཙམ་གླེང་ཡོད་ལ། དེའི་ནང་ནས་ཆེས་གཙོ་བོའམ་སྙིང་བོར་བཀོད་པ་ནི་སྲིད་ངོས་ཀྱི་དྲི་མེད་ཀུན་ལྡན་གྱི་ཞན་ཆ་དག་ཡིན།
内容摘要
    本文首先讲述了藏族戏剧文字及其发展过程,其次主要分析了藏族八大藏戏之一<<智美更登>>的人物形象其藏族社会的影响.
བརྡ་ཆད་གཙོ་བོ།
                                   ཟློས་གར།    སྣང་བརྙན།    དགེ་སྐྱོན།
关键词  戏剧    形象    利弊
དང་པོ། ཟློས་གར་ཞེས་པའི་གོ་དོན་དང་བྱུང་བ་མདོ་ཙམ་བརྗོད་པ།
   ཟློས་གར་ཞེས་པ་ནིདག་ཡིག་གསར་བསྒྲིགསལས། ངག་ནས་ཚིག་དབྱངས་སུ་གྱེར་ཞིང་ལུས་ཀྱིས་གར་འཁྲབ་པའི་རིག་རྩལ་གྱི་རྣམ་པ་ཞིག་ལ་ཟེར།1དེ་ཡང་གསལ་བོ་ཞིག་བརྗོད་ན། གར་སྟེགས་ཐོག་ཏུ་འཁྲབ་སྟོན་བྱེད་པའི་སྣ་འཛོམས་ཀྱི་སྒྱུ་རྩལ་ཞིག་ཡིན་ལ། གར་སྟེགས་ཀྱི་སྣང་བརྙན་གསར་བཞེངས་བྱེད་པ་དམིགས་ཡུལ་དུ་བྱེད་ཅིང་། གར་མཁན་གྱི་འཁྲབ་སྟོན་ལྟེ་བར་གྱུར་བའི་རྩོམ་རིག་དང་། རོལ་དབྱངས་བྲོ་གར། རི་མོ་སོགས་ཀྱི་རྣམ་པ་ལས་གྲུབ་པའི་སྒྱུ་རྩལ་གྱི་རྣམ་པ་ངོ་མཚར་བ་ཞིག་ལ་བརྗོད་པའོ།
   ཟློས་གར་དར་བའི་ལོ་རྒྱུས་ནི་དུང་དཀར་ཚིག་མཛོད་ཆེན་མོ་ལས། བོད་དུ་ཟློས་གར་ནི་གནའ་རབས་རྒྱལ་བོ་སྲོང་བཙན་སྒམ་པོའི་སྔོན་དུས་ནས་ཡོད་པར་ངས་ཏེ་རྒྱལ་བོ་སྲོང་བཙན་སྒམ་པོས་བལ་བཟའ་དང་། རྒྱ་བཟའ་བཙུན་མོར་བླངས་སྐབས་བོད་རྒྱལ་བློན་འབངས་དང་བཅས་པས་བསུ་བ་དང་། དགའ་སྟོན་གྱི་ཟློས་གར་རྒྱ་ཆེན་པོ་བཀོད་པ་གཙུགས་ལག་ཁང་དང་། པོ་ཏ་ལའི་ལྡེབས་བྲིས་སུ་བྲིས་ཡོད་པ་དང་། ཕྱོགས་མཚུངས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ནས་རབ་གནས་དགའ་སྟོན་ཉིན་མང་པོའི་བར་དུ་བྱས་སྐབས་བོད་འབངས་རྣམས་ཀྱིས་བྲོ་གར་གླུ་གཞས་རིགས་མི་འདྲ་བ་དང་། སྒྱུ་རྩལ་རིགས་མི་འདྲ་བ་མང་པོ་བསྟན་ཚུལ་བསམ་ཡས་གཙུག་ལག་ཁང་གི་འཁོར་སའི་ལྡེབས་བྲིས་ཐོག་བཀོད་ཡོད།གཞན་ཡང་བོད་དུ་སྐད་གྲགས་ཆེ་བའི་ཟློས་གར་ཨ་ཅེ་ལྷ་མོ་ཟེར་བ་ནི། བོད་ཀྱི་བཀའ་བརྒྱུད་ཆོས་ལུགས་ཐོག་མཚན་སྙན་ཆེ་བའི་གྲུབ་ཆེན་ལྕགས་ཟམ་པའམ་མཚན་གཞན་ཐང་སྟོང་རྒྱལ་བོ་ཞུ་བ་ཁོང་གིས་བོད་ས་གནས་ཀྱི་འགྲིམ་འགྲུལ་མི་བདེ་བའི་དཀའ་ངལ་སེལ་ཆེད་ལྕགས་ཟམ་ཁག་བཅུ་ལྷག་ཙམ་་་གསར་སྐྲུན་གནང་བར་བཞེད་ནས་དེའི་རྒྱུ་ཆས་ལྕགས་དང་འགྲོ་གྲོན་སོགས་སྒྲུབ་པའི་ཆེད་་དུ་ལྷོ་ཁ་ནས་ཡིན་པའི་བུ་མོ་སྤུན་བདུན་ལ་བཀའ་བཀོད་གནང་སྟེ།བུ་མོ་གཉིས་ཀྱིས་རྔོན་པ་དང་། བུ་མོ་བཞིས་ལྷ་མོ། བུ་མོ་གཅིག་གིས་རོལ་མོ་དཀྲོལ་མཁན། གྲུབ་ཐོབ་པ་རང་ཉིད་ཀྱིས་རྔ་བརྡུང་མཁན་མཛད་དེ་ལྷ་མོའི་ཚོགས་པ་དང་པོ་དེ་བཙུགས། དེ་ནས་བྱུང་བའི་དངོས་རྫས་རྣམས་ཀྱིས་མཐུན་རྐྱེན་བྱས་ཏེ་ལྕགས་ཟམ་ལྔ་བཅུ་ང་བརྒྱད་འཛུགས་པར་གནང་བར་བརྟེན་མིང་ལ་ཨ་ཅེ་ལྷ་མོ་ཟེར་བའི་ཟློས་གར་ཚོགས་པ་དེ་བྱུང་། དེ་ནས་རིམ་བཞིན་ལྷ་མོ་ཚོགས་པ་མང་དུ་སོང་ནས་དུས་རབས་བཅོ་བརྒྱད་པ་ཡས་མས་སུ་སླེབས་སྐབས་བོད་དུ་གྲགས་ཆེ་བའི་ལྷ་མོའི་ཚོགས་པ་བྱུང་།སྐྱོར་མོ་ལུང་པ།རྒྱང་མཁར་བ། ཤངས་པ། གཅུང་པ། འབྲི་གུང་བ་བཅས་བྱུང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་གྲུབ་པའི་རབ་གནས་ཀྱི་ཉིན་ལྷ་མོ་ཚོགས་པས་ནོར་བཟང་གི་གཞུང་འཁྲབ་སྟོན་བྱས་ཚུལ་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆགས་ནང་བཤད་ཡོད། གཞན་ཡང་ཁམས་ཀྱི་རལ་བ་དང་ཆབ་མདོའི་བྲོ། མངའ་རིས་དང་འབའ་ཐང་གི་སྒོར་གཞས། ཚིག་རྒྱག  འབྲས་དཀར། ཤེལ་གྲོང་འབྲོང་རྩེད། འབའ་སེང་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟློས་གར་དང་དེའི་འཁྲབ་གཞུང་ཡང་མང་པོ་ཡོད།ཡང་། སྙན་ངག་གི་གཞུང་ལས་བཤད་པའི་ཟློས་གར་ནི། སྐད་རིགས་མི་འདྲ་བ་བཞིའི་སྒོ་ནས་བརྩམས་པའི་རྩོམ་ཡིག་དང་། སྐད་རིགས་ལ་སམ་སྐྲྀ་ཏའི་སྐད་ཀྱི་སྒོ་ནས་གཏམ་སྨྲ་བ་དང་གླུ་ལེན་པ་ནས། ལྷ་སྲིན་སྡེ་བརྒྱད་གཞན་པའི་སྐད་ཀྱི་སྒོ་ནས་གཏམ་སྨྲ་བ་དང་གླུ་ལེན་པ་ནི། པི་ཤ་ཙིའི་སྐད་དེ་ཤ་ཟའི་སྐད་དང་། བྲན་གཡོག་ཕོ་མོ་དང་། བཞད་གད་མཁན་ལ་སོགས་པས་གཞན་ལ་བསྙད་འདོགས་པ་དང་། འགྲན་ཟླ་བྱེད་པ་སོགས་ཀྱི་སྐབས་ཨ་ལྭ་བྷམ་ཤ་སྟེ་ཟུར་ཆག་གི་སྐད་དང་། བུད་མེད་ཀྱི་རིགས་ཕལ་ཆེ་བས་གཏམ་སྨྲ་བ་དང་གླུ་ལེན་པ་སོགས་ཀྱི་སྐབས་ཡུལ་མི་རང་བཞིན་པའི་སྐད་ཀྱི་སྒོ་ནས་བརྗོད་པ་སོགས་བཤད། བོད་དུ་ཟློས་གར་གྱི་ལྟད་མོའི་རིགས་ལ་སྐད་རིགས་བཞི་ཚང་བ་དེ་འདྲ་མེད་ཀྱང་། སྐད་རིགས་བཞིའི་སྒོ་ནས་བརྩམས་པའི་རྩོམ་ཡིག་ནི་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི<<ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲ་ཤིས་བའི་རོལ་རྩེད>>ཅེས་པ་ཞིག་ཡོད་པ་དེའི་ནང་རྒྱ་དང་། སོག་པོ། རྒྱ་གར། བོད་བཅས་ཀྱི་ཆོས་སྨྲ་བ་བཞིས་རང་རང་སོ་སོའི་སྐད་ཀྱི་སྒོ་ནས་ཆོས་གཏམ་གླེང་རེས་བྱས་པའི་རྣམ་པ་དང་། གཞན་ཡང་ཟློས་གར་གྱི་རིག་པའི་གཞུང་ལུགས་ལྟ་བར་གྱུར་པ་ནི།ས་སྐྱ་པན་ཆེན་གྱིས་མཛད་པའི<<རོལ་མོའི་བསྟན་བཅོས>>དང་དེའི་འགྲེལ་བ་ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་གྱིས་མཛད་པ་ཞིག་ཀྱང་ཡོད་ལ་བསྟན་འགྱུར་གྱི་ནང་སློབ་དཔོན་ཙནྡྲ་གོ་མིསམཛད་པའི<<འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར>>དང་སློབ་དཔོན་དགའ་བའི་ལྷས་མཛད་པའི<<ཀླུ་ཀུན་ཏུ་དགའ་བའི་ཟློས་་་་་གར>>སོགས་བོད་སྐད་དུ་བསྒྱུར་བ་ཡང་ཡོད་དོ།2
གཉིས་བ། དྲི་མེད་ཀུན་ལྡན་གྱི་མི་སྣའི་སྣང་བརྙན་ལ་དཔྱད་པ།
དེ་ཡང་རྒྱལ་བུ་སྐྱེས་མ་ཐག་ཏུ་ཁ་ནས་གཏམ་གཞན་ཅི་ཡང་མི་སྨྲ་བ་ཨོ་མ་ཎི་པདྨེ་ཧྲྰིམ་ཞེས་གསུང་ཤིང་སྤྱན་ཆབ་འདོན་པ། སེམས་ཅན་ཐམས་ཅད་མས་བུ་གཅིག་ལ་སྙིང་རྗེ་བ་ལྟར་བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ 3ཞེས་པའི་ཚིག་དེ་ལས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཕྱི་ལུས་ངག་གི་ཉམས་འགྱུར་རམ་བྱ་འགུལ་མཐའ་དག་རྒྱུད་་ནས་མི་སྣ་གཙོ་བོའི་སྣང་བརྙན་ཐ་དག་གསལ་བོར་བརྗོད་ཡོད།འདི་ནི་ཟློས་གར་གྱི་ཆེས་་་་གལ་འགངས་ཆེ་བའམ་མེད་དུ་མི་རུང་བའི་ཁྱད་ཆོས་ཤིག་དང་འཁྲབ་སྟོན་ལ་བརྟེན་ནས་་སྣང་བརྙན་བཞེངས་སྐྲུན་བྱས་ཏེ་སྤྱི་ཚོགས་གང་ཞིག་གི་འོས་འགན་འགྲུབ་པར་བྱས་ཡོད།
གཞན། རྒྱལ་བུའི་ཞལ་ནས་སེམས་ཅན་ཐམས་ཅད་ཕ་མ་ཡིན་གསུངས་ནས་འདི་སྐད་ཅེས།ཀྱེ་མ་འཁོར་བའི་རྒྱ་མཚོ་གཏིང་རིང་ནས།། སྡུག་བསྔལ་དྲག་པོའི་ནང་དུ་བདག་འདྲ་བ།། བློ་ཁྲིད་སྒྱུ་མའི་ནོར་ལ་ཞེན་ཅིང་ཆགས།། འདི་ཉིད་བསམ་ན་སེམས་ཅན་སྙིང་རེ་རྗེ།། ཀྱེ་མ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ།། ཀྱེ་ཧུད་ཀྱེ་ཧུད་ཇི་ལྟར་བྱས་ན་ཕན།། འདོད་ཡོན་མེ་དཔུང་འབར་བའི་གྲོང་ཁྱེར་ན།། བདག་འཛིན་བློ་དང་མ་བྲལ་སྙིང་རེ་རྗེ།། འཁོར་བ་མཐའ་མེད་འོབས་ཀྱི་མེ་ཕུང་ལ།། གང་དུ་བལྟས་ཀྱང་ཐར་བ་མི་འདུག་པས།། ཁམས་གསུམ་འཁོར་བའི་སེམས་ཅན་སྙིང་རེ་རྗེ།། བྱས་ཀྱང་ཟིན་མེད་འཇིག་རྟེན་བྱ་ལས་ལ།། ཟིན་དུས་མེད་པ་སྡུག་བསྔལ་སྙིང་རེ་རྗེ།། བཟའ་མི་སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་ལ།། གཏན་དུ་གྲོགས་སུ་རེ་བ་སྙིང་རེ་རྗེ།། ཕ་ཡུལ་འབྲོག་པའི་སྦ་ས་ལྟ་བུ་ལ།།བདག་འཛིན་ཞེན་ཆགས་བྱེད་པ་སྙིང་རེ་རྗེ།། འགྲོ་དྲུག་སེམས་ཅན་ཕ་མ་སྤྱི་མཐུན་ལ།། རང་གཞན་གཉིས་སུ་བྱེད་པ་སྙིང་རེ་རྗེ།། སེར་སྣས་བསགས་པའི་ཟས་ནོར་སྦྲང་རྩི་འདི།། བསགས་པ་གཞན་གྱི་སྤྱོད་པ་སྙིང་རེ་རྗེ།། སྡིག་པའི་ལུས་ཀྱི་འཁུར་ཆེན་ཁུར་ནས་སུ།། ངན་འགྲོའི་གཡང་ལ་ལྷུང་བ་སྙིང་རེ་རྗེ།། ལེགས་པར་བཤད་ཅིང་བདེན་པར་མི་འཛིན་པའི།། མ་རིག་འཁྲུལ་བའི་སེམས་ཅན་སྙིང་རེ་རྗེ།། དྲི་མེད་ཀུན་ལྡན་དཔལ་གྱི་དོན་འགྲུབ་ང་།། མགོ་འཁོར་སྐྱེ་བའི་ཁྲོད་ན་སྙིང་རེ་རྗེ།། ཡབ་ཀྱིས་ཞིབ་མོར་བསགས་པའི་ནོར་རྫས་རྣམས།། བསགས་པ་དོན་མེད་སྙིང་བོ་མི་འདུག་པས།། བདག་གིས་སྦྱིན་པ་བཏང་ན་མི་རུང་ངམ།།4ཞེས་པ་ལས་དྲི་མེད་ཀུན་ལྡན་ནི་སྐྱེས་བུ་གཞན་དང་མི་འདྲ་བར་སེམས་རྒྱུད་དྲང་ཤིང་དགེ་བའི་ལས་ལ་་་་བརྩོན་པ་ཡ་རབས་གཞུང་དྲང་གི་ངང་རྒྱུད་ལྡན་པ། འཁོར་བར་ངེས་འབྱུང་ཆེ་བ། བསགས་པའི་རྒྱུ་ནོར་ལ་ཧམ་པ་མེད་པ།སེམས་ཅན་ཀུན་ལ་མ་ལྟར་བརྩེ་བའི་སྣང་བརྙན་གསལ་བོ་་་ཞིག་ང་ཚོར་བཞེངས་བསྐྲུན་བྱས་ཡོད།དེ་ནི་ཟློས་གར་གྱི་ངོས་ཐད་ནས་བརྗོད་ན། ལེགས་འགྲུབ་གྱི་ཆ་དང་ལྡན་པ་མ་ཟད། སྒྱུ་རྩལ་གྱི་ཡང་རྩེར་མངོན་ཡོད།གཞན་ལྟད་མོ་བས་མྱོང་རལ་ལ་སྐྱུར་ཞིང་ཁ་བའི་འཚོ་བ་ཞིག་གི་རྒྱབ་ལྗོངས་དང་དུས་སྐབས་ཤིག་གི་ཆབ་དཔལ་རིག་གསུམ་གྱི་འགྱུར་བ་མངོན་གསལ་གྱིས་བསྟན་ཡོད།དེ་མིན་རྒྱལ་བུས་དགེ་ཕྱོགས་ཀྱི་ལས་ལ་བརྩོན་པའི་བྱེད་ཐབས་ཐ་དག་ནི་ངོ་མ་ཧ་ལས་དགོས་པའི་གནས་ལ་ཐུག་ཡོད། མི་ཞིག་ལ་མཚོན་ན་རང་གི་སྲོག་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་འཇིག་རྟེན་ཀུན་ལ་མྱོང་རོལ་གྱི་མིག་ཟུང་ཆ་དེ་ཡིན། འོན་ཀྱང་དགེ་ལས་ཀྱི་འབྲས་བུ་ལས་དེ་ནི་རྩ་བཞིན་དོར་བ་ནི་ཧ་ལས་དགོས་བ་ཞིག་རེད།འགྱོད་སེམས་ཀྱི་དགྲ་བོས་ཁུར་ཏུ་མ་མནན་ཤིང་། རང་གཅེས་ཀྱི་ལྕགས་འཕར་ས་ལ་མ་བརྡབས་པར། ཕྱི་བྱོལ་དང་འཁོན་སེམས་མེད་པར། འཇིག་རྟེན་གྱི་ཡོད་ཚད་མ་དང་བུ་ཇི་བཞིན་གཅེས་ཤིང་སེམས་པར་མངོན་ཡོད།དེ་ནི་དྲི་མེད་ཀུན་ལྡན་གྱི་ལེགས་པའི་ཆ་དང་། བོད་ཀྱི་སྤྱི་ཚོགས་སུ་ཟློས་གར་གཞན་གྱི་ཐོན་མ་མྱོང་བའི་་་་་་་་་བསམ་བློའི་འགུགས་ཤུགས་སུ་འདོད། དེ་མིན་སྲིད་ཀྱི་མིག་ཟུང་གི་རྣོ་འོད་ལས་བལྟས་ན་སྐྱོན་གྱི་ཆ་ཡང་མང་ཏུ་སྣང་མོད།དེ་ནི་བར་སྐབས་སུ་མི་འཆད་པར་ཞུ།ཟློས་གར་གྱི་ཆ་ནས་མི་སྣའི་སྣང་བརྙན་གྱི་གསོན་ཉམས་ནི་ཆེས་གལ་འགངས་ཆེ་བར་སྣང་།དེ་བས་དྲི་མེད་ཀུན་ལྡན་གྱི་བསམ་བློའི་ཆ་དང་།འདུ་ཤེས་ཀྱི་འཛིན་སྟངས། མི་ཚེ་འཚོལ་སྙེག་བཅས་ནི་ཟློས་གར་འདིས་བོད་ཀྱི་སྤྱི་ཚོགས་སུ་བཀྲམས་པའི་སྣ་གཅིག་ལྟ་གཅིག་གི་བསམ་བློ་རྐྱང་བ་ཞིག་ཡིན་པར་འདོད། འདིའི་ཐད་ནས་བརྗོད་ན་མི་སྣ་གཅིག་སྡུད་ཀྱི་ཆ་མངོན་པར་ཐོན་ཡོད་པ་མ་ཟད། མི་སྣའི་སྣང་བརྙན་ནི་ཟློས་གར་གྱི་ཐོག་མཐའ་བར་གསུམ་ཏུ་མངོན་པར་གསལ་ཡོད།
གསུམ་པ། བོད་ཀྱི་སྤྱི་ཚོགས་དང་འབྲེལ་ནས་དྲི་མེད་ཀུན་ལྡན་གྱི་བསམ་བློའི་དགེ་མཚན་གླེང་བ།
   འཇིག་རྟེན་གོ་ལ་ཟླུམ་པོ་འདི་ཕན་ཚུན་ཆ་མཐུན་དང་གཅིག་ལ་གཅིག་བརྟེན་གྱི་་་་དངོས་པོའི་གཤིས་ལུགས་སུ་གྲུབ་ཡོད་པས། གཞན་ལ་བརྩེ་བ་དང་གཞན་ལ་སེམས་པ་ནི་ནོར་མཆོག་ཀུན་ལས་མཆོག་ཏུ་ངེས་པར་འདོད། དེ་བས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་བསམ་བློའི་དགོས་པ་གང་དེའང་། སྐབས་དེའི་སྤྱི་ཚོགས་དང་འབྲེལ་སྟེ་བཤད་ན། ཅུང་ཐལ་དྲགས་པའམ་འཕྲོད་མི་འཕྲོད་ཀྱི་དོགས་པ་ཅུང་ཆེ་ནའང་། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དང་དགོངས་པ་ཁྱབ་བསྒྲགས་བྱེད་པའི་ཐབས་ལམ་གྱི་ཆ་ནས་མཆོག་ཏུ་འདོད། རྒྱུ་མཚན་ནི། དྲི་མེད་ཀུན་ལྡན་གྱི་མཛད་རྣམས་ཀྱི་ཐོག་མཐའ་བར་གསུམ་ཏུ་གཞན་ལ་མི་འཚེ་བ་དང་ཀུན་་ལ་བྱམས་པའི་དྲོད་ཁོལ་ཞིག་མ་བཅོས་རང་བསྒྲིགས་སུ་ཐོན་ཡོད། ཟློས་གར་འདིས་རེ་སྙེག་གི་ཆ་དེའང་དམག་འཁྲུག་གི་མེ་འོད་ལས་རིང་ཏུ་གྱེས་པའམ་ཞི་བདེ་ཁོ་ན་ལ་ན་རེ་ཞིང་་་་བསྐྱོད་པའི་ཕུགས་ལམ་སུ་སྙེག་ཡོད། དེ་མི་དམངས་མང་ཚོགས་ཕལ་བའི་བདེ་སྐྱིད་ལ་རེ་བའི་གསོན་ཤུགས་ཀྱི་སེམས་ཁམས་དང་ཀུན་གྱིས་ཕྱུག་ཡོད་པས། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི་ཟློས་གར་གཞན་དང་བསྡུར་ན་བོད་ཀྱི་སྤྱི་ཚོགས་སུ་ཐེབས་པའི་ཤུགསརྐྱེན་ཆེས་ཆེ་་་བའི་རྒྱུ་རྐྱེན་ཀྱང་དེ་ལས་མ་འདས་པར་འདོད།
དེབས། བོད་མི་རིགས་ཀྱི་འཚོ་བའི་རྒྱབ་ལྗོངས་མི་ཚེ་རེ་སྙེག གཞན་བོད་མི་ཆེ་ཆུང་གང་ལ་མཚོན་ནའང་ནང་བསྟན་གྱི་བསམ་བློའི་བཅུད་དང་རུས་པའི་རྐང་། མི་རེ་རེའི་བཅུད་དུ་སྨིན་ཡོད་པས་དྲི་མེད་ཀུན་ལྡན་གྱི་བསམ་བློ་དེའང་གླིང་ཆེན་མཚོ་ལ་འཇུགས་པ་ཇི་བཞིན། བོད་ཀྱི་སྤྱི་ཚོགས་སུ་རེ་བའི་བཀྲམས་སོང་བས། བོད་མིའི་དད་སེམས་དང་བསྟུན་ནས་ཟློས་གར་འདིའི་བསམ་བློའི་དགེ་པ་དེའང་ད་དུང་འོད་དུ་སྨིན་ཡོད།
བཞི་པ། དྲི་མེད་ཀུན་ལྡན་གྱི་བསམ་བློའི་ཞན་ཆ་གླེང་བ།
   དེ་ཡང་དྲི་མེད་ཀུན་ལྡན་གྱི་བསམ་བློ་དང་དེའི་ཞན་ཆ་གླེང་བ་ཞེས་པའི་ཁ་བྱང་་་་་་འདི་མཐོང་མ་ཐག་ཏུ་ཀུན་གྱིས་སྣང་ངོར་དྲི་མེད་ཀུན་ལྡན་ནི་སྐྱོན་གྱིས་མ་གོས་བ་ཞིག་་་་་་ཡིན་པར་འདོད་ཡོད། འོན་ཀྱང་བོད་ཀྱི་ཁ་དཔེ་ནང་བཞིན།མི་སྐྱོན་མེད་འཛམ་བུ་གླིང་ན་མེད།ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད 5་ཟེར་བ་ཇི་བཞིན། དེའང་སྐྱོན་གྱིས་མ་གོས་བ་ཞིག་མིན་པར་དགེ་བ་ལས་ཞན་ཆ་ནི་ཧ་ཅང་ཆེ་བར་སྣང་། གཞན་རྟུལ་ཕོདལས་འདི་ཡིས་རྒྱུ་འབྲས་སྲུང་ངམ་མི་སྲུང་སྙིང་རྗེ་ཡོད་དམ་མེད་དམ་ཅི།། བྱས་པ་ཁྲིམས་དང་མཐུན་ནམ་མི་མཐུན་གནས་ལུགས་ལྡན་ནམ་མི་ལྡན་ཀྱེ།། ཆོས་ཀྱི་ཆུ་དང་སྲིད་ཀྱི་མེ་གཉིས་ཡེ་ནས་མི་འཚམས་སོ་སོ་སྟེ།། གཅིག་གི་རྩ་དོན་གཅིག་གིས་བཤིག་ཅིང་གཅིག་གི་ངོ་བོས་གཅིག་ལ་གནོད།།6ཞེས་པ་ལྟར། སྲིད་ཀྱི་ངོས་ནས་བལྟས་ན། དྲི་མེད་ཀུན་ལྡན་ནི་སྐྱོན་གྱི་ཕུང་བོ་ཞིག་ཡིན་པར་འདོད། རྒྱུ་རྐྱེན་ནི་ཁོང་སྐྱེས་མ་ཐག་ཏུ་ཆབ་སྲིད་ཀྱི་ཁོར་ཡུག་གཅིག་ནས་ནར་སོན་ཤིང་། རྒྱལ་བོ་ས་སྐྱོང་གྲགས་པའི་མ་འོངས་པའི་རེ་བ་ཡོད་ཚད་ཁོ་གཅིག་པུར་བཅོལ་ཡོད། འོན་ཀྱང་ཁོ་ནི་དེ་ལས་འདས་སྟེ་ཆབ་སྲིད་ལ་ཞེན་པ་ལོག་ཅིང་།འཁོར་བར་ངེས་འབྱུང་ཆེ་བ། ལས་གང་བསྒྲུབས་ཀྱང་བྱམས་སེམས་ཀྱི་དབང་དུ་གྱུར་བས། དགྲ་གཉེན་གྱི་དབྱེ་བ་མི་བགར་བ་ཞིག་ཏུ་ངེས། འདི་ལྟར་བཤད་ན་ཡང་ཅུང་མི་འགྲིག་པར་སེམས་སྟེ། ཁོ་འཁོར་བར་ངེས་འབྱུང་ཆེ་བའི་བྱེད་ཐབས་དེའང་གཏན་ནས་ནོར་འདུག  རྒྱུ་མཚན་ནི་རྒྱུ་ནོར་གྱི་ཐད་ནས་ངེས་འབྱུང་ཆེ་སྟེ་ཐ་ན་ནོར་བུ་དགོས་འདོད་དཔུང་འཇོམས་ཞེས་བྱ་བ་དེའང་རང་གི་དགྲ་ལ་བྱིན་པ་བདེན་ཡང་། འཁོར་བར་སེམས་པའི་རྣམ་ཤེས་གསོན་པོ་དེ་ད་དུང་འདུལ་མ་ཐུབ་པར། གཟུགས་མཛེས་མ་མནྡེ་བཟང་མོས་མཛེས་སྡུག་གི་རྙི་ལས་འཇིག་རྟེན་ཕོ་མོའི་བརྩེ་དུང་ལ་ཅི་དགར་རོལ་ཡོད། དེ་ནི་དྲི་མེད་ཀུན་ལྡན་གྱི་སྐྱོན་ཆ་ཆེ་ཤོས་ཞིག་སྟེ། གཞན་སེམས་གཡོ་སྒྱུས་བསླུས་པའི་ངན་རུང་གི་བྱ་སྐྱོད་ཞིག་ཡིན་པའི་ཆ་ནས། ང་ཚོས་ཁོ་ལ་ཁྲམ་པ་དྲི་མེད་ཞེས་བཏགས་ནའང་མི་འགྲིག་པ་མེད་པར་སེམས།
   གཞན་ཡང་། དྲི་མེད་ཀྱི་མགོ་བསྐོར་གླུ་ལས་ཡེ་ནས་མ་བཅོས་མཛེས་སྡུག་ལྷ་མོའི་གཟུགས།།བདེ་བའི་གར་བསྒྱུར་སྙན་པའི་གླུ་དབྱངས་ཅན།།བཟང་མོ་རབ་མཛེས་ལྷ་མོ་ཁྱོད་མཐོང་བས།། ང་ཡང་དགའ་ཞིང་སེམས་ཀྱང་རབ་ཏུ་སྤྲོ།། རང་ཅག་གཉིས་ནི་སྨོན་ལམ་དབང་གིས་འཛོམས།། དགའ་བདེའི་དཔལ་ལ་སྤྱོད་དོ་དགའ་བར་གྱིས།།7ཞེས་གསུངས་ནས་རྒྱལ་བུ་དང་བཙུན་མོ་ལྷན་གཉིས་ཕོ་བྲང་ནང་དུ་དགའ་བདེའི་ངང་དམ་པའི་ཆོས་ལ་ལོངས་སྤྱོད་ཅིང་བཞུགས་པས་སྲས་ལྕམ་སྲིང་གསུམ་ཡང་རིམ་པར་འཁྲུངས་སོ། ཞེས་པ་དེར་བདག་གིས་འདོད་པ་དོན་ཏུ་གཉེར་ནས་སྲས་གསུམ་རིམ་པར་འཁྲུངས་སོ་ཞེས་ཚིག་དེ་བཟོ་བཅོས་རྒྱབ་ན་ཤིན་ཏུ་འཕྲོད་པར་འདོད། རྒྱུ་མཚན་ནི་དྲི་མེད་ཀྱི་གཏོང་འཕོད་འོག་ན་གཡོ་སྒྱུའི་མཆེ་བ་ཞིག་མངོན་ཡོད། མཆེ་བ་དེ་ནི་མི་སེམས་ཀྱི་ཟུངས་ཁྲག་ཁོ་ནར་རྔམ་ཤིང་ལས་རྒྱུ་འབྲས་ཀྱི་མིག་ཟུང་འོག་ན་འདུར་བའི་དམིགས་གསལ་གྱི་དུག་ཁབ་ཤིག་ཡིན། དུག་ཁབ་དེ་ལས་གཟུགས་མཛེས་ཀྱི་རེ་བ་དང་མི་ལོ་ཉི་ཤུའི་བརྩེ་དུང་གི་འབོད་པ། གཞན་སུས་ཀྱང་རེག་མ་མྱོང་བའི་མེ་ཏོག་གི་དགའ་ཚལ། ཨ་ཁ ད་དུང་ཡིད་ཆོས་དང་མོས་འདུན། རེ་སྙེག་གི་འདོད་དོན་མང་པོ་ཞིག་རྒྱ་མཚོའི་ནང་ལ་ཁ་བ་ཇི་བཞིན་བབས་པ་མ་ཤེས་ལ་འཐུམ་པ་དེ་བས་ཀྱང་མ་ཤེས་པར་དོན་མེད་དུ་འདས་ཤིང་། ཕྱིར་ཡོང་མེད་པའི་ལང་ཚོ་ཡི་མཛེས་བ། ཐོབ་ཤོར་དུས་ཀྱི་བརྩེ་དུང་གི་ཕམ་ཁ། འདི་དག་གི་རྗེས་ན་བུ་མོ་ཞིག་གི་སྐྱོ་སྡུག་ལ་འཁེན་པའི་ན་ཟུག་ཅི་ཙམ་སྤས་ཡོད། ཡང་ན། འགྱོད་སེམས་དང་ཡིད་ཆད་ཀྱི་སྨེ་ངག་ཅི་ཙམ་ཤོར་ཡོད།ངོ་མ་རང་ལ་ཅི་ཡོད་རྩ་བཞིན་འདོར་པ་ཆོས་ལ་དེ་ལས་ལྷག་པ་མེད།། བདག་འཛིན་འགོང་པོ་རྩ་ནས་ཆོད་པའི་ཤེས་རབ་མཆོག་ནི་དེ་ལ་ཟེར།། སྙིང་གི་བུ་དང་ཆུང་མ་གཉིས་ཀྱང་ཅི་མི་སྙམ་པར་སྦྱིན་མཁན་ལ།། སྙིང་རྗེ་ཞེས་པའི་དྲི་ཙམ་ཨེ་བྲོ་འཁོར་བའི་མི་རྣམས་བསམས་པར་བྱ།།8 ཞེས་པའི་སེང་རྡོར་གྱི་ཚིག་དེ་ལ་ཅི་འདྲའི་སྙིང་བོ་ཞིག་ལྡན་པ་ལའང་།འཇིག་རྟེན་གྱི་རྒྱུ་འབྲས་མིག་ལྟར་གཅེས་པའི་ཕ་བཟང་གི་བུ་མོ་ཞིག  ཁྱོ་བོ་ལ་དུངས་ཞིང་བརྩེ་བའི་གཤིས་འཇམ་གྱི་སྨན་ཤར་ཞིག ངོ་མ་སྙིང་རྗེ་མེད་པའི་དྲི་མེད་ཀྱི་མངའ་འོག་ནས་ཁོ་མོའི་རང་དབང་དང་བརྩེ་དུང་། རེ་བ་དང་ཡིད་ཆེས། མི་ཚེ་ཁེ་དབང་ཁྱོད་ཀྱིས་འདི་ལྟར་རང་ཉིད་ཀྱི་ཆེད་དུ་ཁ་བཏགས་ཤིག་ནང་བཞིན། ཡང་ན། རླུང་རྟ་སྤར་མོ་གང་ནང་བཞིན། མཁའ་ནས་གཏོར་ཤིང་ས་ལ་བཏབས་སོང་། དེ་ནི་དྲི་མེད་ཀུན་ལྡན་ཟེར་པའི་ཁྲམ་པ་ཞིག་གི་ནག་ཉེས་རེད། དེ་ནི་རྒྱལ་སྲས་བྱང་ཆབ་ཤིག་གི་ཐར་བར་བརྩོན་པའི་པའི་བྱེད་ཐབས་ངོ་མཚར་ཤིག་རེད། ཁྱོད་ཀྱིས་སོམ་དང་། ངོ་མ་མཚར་བ་ལ། ཧ་ཅང་སྡུག་པ་ལ། འཇིག་རྟེན་གྱི་ཡོད་ཚད་ཕ་མ་ཡིན་པ་བདེན་ཏུ་མཆིས་མོད།མི་ཚེ་གཅིག་གི་གཏན་གྲོགས་སུ་བསྟེན་པའི་བཟང་མོ་ནི་ཕ་མ་མ་ཡིན་པར་ཚེ་རབས་ཀུན་ཏུ་གཞལ་ལ་ཕུལ་ཆོག་པའི་དངོས་པོ་ཞིག ཡང་ན། ནོར་བུ་དགོས་འདོད་དཔུང་འཇོམས་གཉིས་པ་དེ་ཡིན་ལགས། ད་དུང་། སྙིང་དང་འདྲ་བའི་མིག་དང་འདྲ་བའི།སྙིང་ཏུ་སྡུག་པའི་སྲས་གསུམ་པོ་དེའང་གཞན་ལ་འཕང་མེད་དུ་སྦྱིན་པའི་བྱེད་ཐབས་འདི་ནི། དྲི་མེད་ཀུན་ལྡན་ཟེར་བའི་ཁྲམ་པ་མགོ་སྟོང་ཞིག་གི་འཇིག་རྟེན་ལ་བཞག་པའི་ནག་ཉེས་ཆེས་ཆེ་བ་ཞིག་རེད། འདི་ལ་བལྟས་ན། ཐར་བར་བརྩོན་པའི་རྒྱལ་སྲས་དེ་ལ། ཐར་བ་ཐོབ་མིན་དེའང་དོགས་པ་ཆེ་བ་ལའང་།
མཆན།
1   དག་ཡིག་གསར་བསྒྲིགསམཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས༦༩༨པར་གསལ།
2  དུང་དཀར་ཚིག་དཀར་ཚིག་མཛོད་ཆེན་མོ།ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་།
         དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།  ཤོག་ངོས༡༨༡༧པར་གསལ།
3དྲི་མེད་ཀུན་ལྡན་གྱི་མཛད་རྣམས།བོད་ལྗོངས་མི་རིག་དཔེ་སྐྲུན་ཁང་།
        ཤོག་ངོས་༣་པར་གསལ།
4དྲི་མེད་ཀུན་ལྡན་གྱི་མཛད་རྣམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
       ཤོག་ངོས༤བར་གསལ།
5བོད་ཀྱི་གཏམ་དཔེ།
6རྟུལ་ཕོད།སེང་རྡོར་གྱིས་བརྩམས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོས་ངོས་༡༨པར་གསལ།
7དྲི་མེད་ཀུན་ལྡན་གྱི་མཛད་རྣམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས་༦་པར་གསལ།
8རྟུལ་ཕོད།སེང་རྡོར་གྱིས་བརྩམས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་
ངོས་༡༨པར་གསལ།

ཟུར་ལྟའི་ཡིག་ཆ།
དག་ཡིག་གསར་བསྒྲིགས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས༦༩༨པར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།  ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་།
རྟུལ་ཕོདསེང་རྡོར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

0 comments:

ཟིན་བྲིས་འཚོལ་ཡུལ