དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 16 December 2013
མཁན་ཆེན་འཆི་མེད་རིག་འཛིན་མཆོག་གི་རྣམ་ཐར་ཉུང་བསྡུས་སྐལ་ལྡན་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ།
ངེས་དོན་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་འཆི་མེད་རིག་འཛིན་མཆོག་ནི་སྤྱི་ལོ་༡༩༦༨ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་རབ་རྒྱལ་ས་སྤྲེལ་ལོའི་སྟོན་ཟླ་ཐ་ཆུང་དུ་...ཨ་མདོ་རྨེ་ཡུལ་ཧ་སྨད་ཁུག་ཆུང་སྟོད་དུ་ཕ་ཨ་བོས་སྤུ་ཐོ་དང་མ་དམར་རྩ་བཟའ་འཆི་མེད་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཁུ་བོ་ཨ་བོས་སྐ་པ་ཞེས་པ་ལས་ཀློག་བསླབས། རྨེ་བ་དགོན་ཆེན་དུ་བྱོན་ནས་ནང་ཆོས་ལ་གསན་སྦྱང་མཛད། བོད་ས་བྱི་ལོ་སྟེ་དགུང་གྲངས་བཅུ་བདུན་སྐབས་དགོན་དེ་ཉིད་དུ་སྤྱོད་འཇུག་ཞུ་བཞིན་ཡོད་ཚེ་གློ་བུར་ཆོས་མཚམས་བྱས་ནས་གསེར་ཐང་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་ཕེབས་ནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་མདུན་དུ་བཅར། དེ་སྐབས་བླ་རུང་དུ་ཡང་ཆོས་རྗེ་མཆོག་གིས་སློབ་ཚོགས་ཡོངས་ལ་སྤྱོད་འཇུག་གསུང་བཞིན་པའི་སྐབས་ཡིན་ལ། མ་ཟད་ཆོས་མཚམས་དང་མཐུད་མཚམས་གཅིག་པ་རེད་བྱུང་། དེ་ནས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་མཉེས་པ་གསུམ་གྱིས་བསྟེན་ནས་གསུང་གི་ཟུར་ཙམ་ཡང་འགལ་མ་མྱོང་ཞེས་ཆོས་རྗེ་བླ་མས་ལན་གྲངས་དུ་མར་གསུངས་པ་ཐོས།
དགུང་གྲངས་བཅུ་བདུན་སྟེང་འདུལ་འཛིན་མཁས་པའི་དབང་པོ་མཁན་ཆེན་སྒེག་རྡོར་ལས་རབ་ཏུ་བྱུང་། སྐབས་དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་ལ་བརྩོན་པ་དགུ་འགྱུར་གྱིས་གསན་བསམ་སྒོམ་པ་བྱས་ཚུལ་དཔེར་ན་ཐེངས་གཅིག་གངས་ལྗོངས་སྨྲ་བའི་དབང་ཕྱུགས་མཁན་ཚུལ་ཁྲིམས་བློ་གྲོས་དང་ཟབ་མོའི་དེ་ཉིད་ཀྱི་དཀའ་གནད་ཁ་ཤས་བགྲོ་གླེང་བྱས་ཏེ་ནུབ་མོ་ཕྱིར་རང་ཁྱིམ་དུ་བྱོན་དགོངས་ནས་ཕྱགས་ལྷམ་མནབ་ཚེ་སྟབས་མ་ལེགས་པར་ས་རུ་འགྱེལ། ཉིན་མཚན་མང་པོར་ཐོས་བསམ་དང་ཉམས་ལེན་ལ་གཅིག་ཏུ་གཞོལ་ནས་སྐུ་ངལ་ལར་མ་གསོས་པའི་སྟབས་ཀྱིས་དེ་ཉིད་དུ་གཉིད་ཤོར་ནས་ཡར་སད་ཚེ་ནམ་ཡང་ལངས་འདུག་པ་ལྟ་བུ་དང་། ཁོ་བོས་དྲན་ཚོད་ལ་ད་སྟེ་ལོ་བཅོ་ལྔའི་ཡར་སྔོན་དུ་ཁོང་གིས་དཔེར་ན་བསྟན་བཅོས་གཅིག་སྟེ་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལ་ཚར་ལྔ་བཅུ་བལྟས་ཟིན་ལ་ཐེངས་རེ་བཞིན་གོ་བ་གསར་བ་རེ་ཡོད་ཚུལ་གསུངས་མྱོང་བ་ལྟ་བུ་ཡིན། དེ་ལྟར་ཅང་མ་འགོར་བར་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་མཐར་ཕྱིན་ནས་དགུང་གྲངས་ཉེར་གཉིས་པར་ཀུན་གཟིགས་མ་ཧ་པཎ་ཆེན་༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཚན་གྱི་མེ་ཏོག་གནང་ནས་མཁན་པོར་མངའ་གསོལ་ཏེ་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས།
དེ་ནས་བཟུང་འཛིན་གྲྭ་སོ་སོའི་མཁན་པོ་མཛད་ནས་སྐལ་ལྡན་གྱི་སློབ་བུ་སྟོང་ཚོ་མང་པོ་དང་གསུང་སྐྱེས་ཀྱི་མཁན་པོ་བསྟན་འགྲོའི་མགོན་སྐྱོབ་ཡོང་ངེས་པ་མང་པོ་བསྐྱེད་བསྲིང་བྱས།
དགུང་གྲངས་ཉེར་དགུ་བཞེས་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ནས་བཟུང་སྤང་བླང་མཐའ་དག་མིག་འབྲས་བཞིན་བསྲུངས་ནས་འདུལ་བ་འཛིན་པའི་གཙུག་ཏུ་བསྔགས། གཞན་དུས་དང་གནས་སྐབས་ཀུན་ཏུ་སྐྱེ་འགྲོ་མཆོག་དམན་སུ་ལ་ཡང་གནོད་པའི་ལས་ཕྲན་བུ་ཡན་ཆད་དཀའ་ཁག་ཇི་འདྲ་ཞིག་བརྒྱུད་དགོས་ཀྱང་ནམ་ཡང་སྒྲུབ་མི་སྲིད་པ་དང་། ཕན་པ་ཆུང་ངུ་ཞིག་ཡིན་ཡང་འབད་པས་དང་དུ་བླངས་པ་སོགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསམ་སྤྱོད་བདག་གིར་བཞེས།
དེ་བཞིན་སྐྱབས་རྗེ་བླ་མ་མཆོག་གིས་རྒྱལ་བའི་བསྟན་པ་སྤྱི་བླ་རུང་སློབ་སྟོན་གཞོན་པ་དང་བྱེ་བྲག་རྒྱལ་དབང་བཀའ་བརྒྱུད་པའི་བསྟན་པ་མི་ཉམས་གོང་འཕེལ་གྱི་ཆེད་དུ་ཕྱི་ལོ་1999ལོར་བླ་རུང་བཀའ་བརྒྱུད་འཛིན་གྲྭ་གསར་དུ་བཙུགས་ནས་མཁན་པོ་མཆོག་ལ་འཛིན་གྲྭ་འདིའི་ཕྱོགས་ཡོངས་ལ་ཐུགས་འགན་ཁུར་དགོས་པའི་བཀའ་གསུང་གནང། དེ་ནས་བཀའ་བརྒྱུད་ཕྱོགས་ཀྱི་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་ཉིན་རེ་བཞིན་ཐུན་མོང་ཐུན་མིན་གྱི་རིག་པའི་རྣམ་གཞག་སྐོར་གྱི་སློབ་གསོ་དང་། གྲྭ་པ་རེ་རེའི་ཕྱིའི་སྤྱོད་ལམ་དང་ནང་གི་བསམ་བློ་སོགས། ཕྱོགས་ཡོངས་ནས་ཐུགས་ཁུར་བླ་ན་མེད་པ་མཛད་ནས་བཀའ་བརྒྱུད་པའི་གྲུབ་མཐའ་རང་གི་མཁས་གྲུབ་རྣམས་ཀྱི་ཁྲོད་ལ་ཡང་འདི་འདྲའི་མཛད་རྗེས་ཅན་ཤིན་ཏུ་དཀོན་པ་ཀུན་ལ་ངེས་ཤེས་ཟབ་མོ་ཡོད།
དེང་སང་མཁས་པ་དང་སྐྱེ་བཟང་ཆེན་པོར་རློམ་པ་མིང་པོ་ཞིག་ཆོས་བརྒྱད་ལ་ཞེན་པའི་རང་མཚང་ཕྱིར་མངོན་པའི་དུས་འདིར། འདོད་ཡོན་གྱི་འཆིང་ཐག་བཅད་ནས་བཀའ་གདམས་གོང་མ་དག་གི་མཛད་རྗེས་བཞིན་གྲྭ་རྐྱང་དཀྱུས་མའི་འཚོ་བ་རོལ་ནས་གནས་དབེན་པར་གྲོགས་འདུ་འཛིའི་འཁོར་སློབ་སྤངས་ཏེ་སྙིང་པོའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་དམ་པ་ཁོང་འདྲ་བ་ཞིག་སྙིགས་མའི་དུས་འདིར་དཀོན་པ་ལས་ཀྱང་ཆེས་དཀོན་པ་ཡིན།
དེ་བཞིན་ཡབ་རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག་ནས་འཁོར་འདུས་པ་མང་པོའི་དབུས་ནས་ཁོ་བོའི་རང་མི་རང་གིས་བསྟོད་པ་མིན་ཡང་མཁས་པའི་ཚུལ། བཙུན་པའི་ཚུགས། བཟང་པོའི་རྣམ་ཐར། ཉམས་ལེན་གྱི་རྟགས་གང་ལ་འདང་བརྒྱབས་ཀྱང་རང་ཉིད་དེ་རིང་འཆི་ཡང་འཕོ་འདེབས་ལ་མཁན་པོ་འཆི་མེད་རིག་འཛིན་ལས་གཞན་པ་ཞིག་མི་དགོས་བསམ་གྱིན་ཡོད་ཅེས་གསུངས་པ་སོགས་ཁོང་གི་སློབ་ཚོགས་རྒྱུ་སྐར་ལྟ་བུ་ལས་ཐུགས་དཀྱིལ་གྱི་ཟླ་བ་འོད་ཆེན་དེ་མཁན་པོ་མཆོག་ཡིན་པ་ཕལ་ཆེར་རྒྱུན་བཞུགས་ཡོངས་ཀྱིས་ཤེས་གསལ་ལྟ་བུ་ཡིན།
ད་ལྟ་གནས་མཆོག་རྡོ་རྗེ་བྲག་དགོན་དུ་སྙིང་པོའི་ཉམས་ལེན་ལ་གཅིག་ཏུ་བརྩོན་བཞིན་སྐུ་འཚོ་ཞིང་བཞུགས་ཡོད།
དེ་ལྟར་ཐོས་པས་མཐའ་རྒྱ་བཅད། བསམ་པས་སྒྲོ་འདོགས་བསལ། སྒོམ་པས་ཉམས་སུ་བླངས་ཏེ་མཁས་པ་ལས་ཀྱང་མཁས་པ། ཉམས་ལེན་གྱི་ཕ་མཐར་སོན་པའི་རྣལ་འབྱོར་གྱི་དབང་ཕྱུགས་ཆེན་པོ་ཁོང་འདྲ་བ་ཞིག་ཉིན་སྐར་བཞིན་ཤིན་ཏུ་དཀོན་ཞེས་ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མ་ཡིན་པར། ལོ་ངོ་སུམ་ཅུ་ལྷག་ཏུ་ལོང་པ་ཞིག་ལ་འདྲེན་པ་གཅིག་དང་དཀྱིལ་འཁོར་གཅིག་ལ་བསྟེན་ནས་མཉམ་དུ་འཚོ་བ་རོལ་བའི་བརྒྱུད་རིམ་ནས་ཁོང་གིས་མ་བསམ་བཞིན་དུ་ཕྱི་རུ་ཤོར་བའི་ཡོན་ཏན་གྱི་ཆ་ཤས་དག། བདག་སེམས་དད་པའི་ཡོལ་གོ་རུ་ཆུ་ཐིགས་བཞིན་རེ་རེ་ནས་གབསོགས་པའི་ངེས་ཤེས་གསོན་པོའི་བདེན་དཔང་གིས་བསྐྲུན་པའི་ཡིད་ཆེས་ཡིན།

འདིར་ཡང་བཀའ་བརྒྱུད་ཕྱོགས་ཀྱི་སློབ་མ་རྣམས་ལ་གནང་བའི་མདོ་སྔགས་རིག་གནས་བློ་སྦྱོང་དང་བཅས་པ་དབང་པོ་རྣོ་རྟུལ་སྤྱི་ལ་དམིགས་ནས་གསུངས་པ་དག རྒྱས་བསྡུས་འཚམ་ཞིང་དོན་གྱི་ཟབ་ཁྱད་རྩལ་དུ་བཏོན་པ། བློ་སྦྱོང་དང་ཡ་མ་བྲལ་བསམན་ངག་གི་རིན་ཐང་ཆེ་བ། ཉམས་མྱོང་དང་ལུང་རིགས་བསྡེབས་པས་གོ་བ་ལོན་སླ་བ། ཕྱོགས་ཞེན་གྱི་དགག་བཞག་མེད་ཀྱང་གྲུབ་མཐའི་འཇོག་འཚམ་གསལ་བ། ཕ་ཆོས་ཀྱི་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་མཐུ་བཙན་པ། ལུང་རིགས་ཀྱིས་མཐའ་ཆོད་པས་ཐེ་ཚོམ་གྱི་སྦུབ་ལས་གྲོལ་བ་སོགས། དོན་གྱིས་མི་ཡུལ་གྱི་ཆེས་བླ་ན་མེད་པའི་ནོར་བུ་ཞིག་ཡིན་པའི་ངེས་ཤེས་དང་། ལྷག་པར་ནང་པའི་ཕྱི་རབས་པ་དག་གི་མདུན་ལྗོངས་ཀྱི་མུན་སེལ་སྒྲོན་མེ་ཡིན་པར་ཡིད་ཆེས་བླ་མེད་ཡོད་པས། རང་གཞན་ཀུན་ལ་སྨན་ཆེད་དུ་ལྷག་བསམ་ཟོལ་མེད་ཀྱིས་ཟེར་སྡེར་དུ་ཕབ་པ་ཡིན།
ཆེད་ཞུ་དགོས་པ་ཞིག་ལ་ཉིད་ནས་གསུངས་པའི་བསྙེན་ཡིག་སྐོར་མི་བཞུགས་པས་ཁ་སྐོང་ཆེད་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་འཆད་ཁྲིད་གནང་བའི་ཀོང་སྤྲུལ་བསྙེན་ཡིག་དང་འབྲི་གུང་བསྙེན་ཡིག་གཉིས་དང་ས་ར་ཧའི་དོ་ཧ་བཅས་བསྣན་ཡོད་ལ། དེ་ལས་གཞན་བཀའ་བརྒྱུད་པའི་གཞུང་གཙོ་ཆེ་ས་ནས་མདོ་ཕྱོགས་བཀའ་པོད་ལྔ་བློ་སོྦྱངས་དང་སྔགས་ཕྱོགས་བཅས་ཆ་ཚང་བ་ཞིག་བཞུགས་ཡོད། ཅེས་བོད་རབ་རྒྱན་ཆུ་སྦྲུལ་ལོའི་སྟོན་པ་ལྷ་ལས་བབས་པའི་དུས་ཚེ་ཁྱད་པར་ཅན་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་གཟའ་ཉིི་མ་དང་སྐར་མ་རྒྱལ་ཏེ་ཕྱི་ལོ་2013ལོ་ཟླ་11ཚེས24ཉིན་མགོ་ལོག་མཁན་རིག་འཛིན་དར་རྒྱས་ནས་སྔ་འགྱུར་བསྟན་པའི་འབྱུང་གནས་གསེར་ལྗོངས་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་མགོན་པོ་གང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེའི་ཐིག་པ་ཙམ་ཞིག་བཀོད་པའོ།
  •  

0 comments:

ཟིན་བྲིས་འཚོལ་ཡུལ