དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 16 December 2013

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་བསམ་ཚུལ་རོབ་ཙམ་བཤད་པ།


ཆོས་ཀྱི་ཉི་མ།
དྲང་པོའི་ལམ་ནས་དྲང་པོར་འཁྲིད་པའི་ཐབས།།
དྲང་སྲོང་ཆེན་པོ་ཐམས་ཅད་མཁྱེན་པའི་ལམ།།
དྲང་པོར་སྟོན་པའི་དྲང་སྲོང་འཇིག་རྟེན་མིག།།
དྲང་པོའི་ཚངས་ཐིག་འདེབས་པའི་གཟིགས་མོར་བྱོན།།
དེ་ལ་གང་ཞིག་གླེང་བསླང་པ་ནི། དེང་དུས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འབྱུང་རྐྱེན་དང་དེས་བསྟན་པ་ལ་བཞག་པའི་ ལག་རྗེས་སོགས་ཐོས་བསམ་པ་ཕལ་ཆེ་བའི་རྒྱུན་པར་གླེང་སློང་བྱེད་བཞིན་པ་རྣམས་ཡི་ གེའི་གཟུགས་སུ་འགོད་པ་ལ་དབང་ཞེས་པ་ནི་དོན་དུ་དབང་ཆ་ཡོད་དང་མེད་ཞེས་པའི་སྐད་ ཆ་དང་གཅིག་པ་རེད། བྱ་བ་ཞིག་ཐག་གཅོད་དགོས་ན་དེ་ང་ལ་དབང་ཆ་ཡོད་ཞེས་པ་དང་མེད་ཞེས་འཇིག་རྟེན་དུ་ གྲགས་པ་ལྟར་རེད། འཇིག་རྟེན་དུ་རྒྱལ་པོས་འབངས་ཀྱི་ཁ་ལོ་བསྒྱུར་བ་བཞིན་རང་གི་བུ་ལ་དབང་ཚད་དེ་ སྤྲད་པ་ལ་རྒྱལ་སྲིད་ལ་དབང་བསྐུར་ཞེས་མི་བྱེ་བྲག་པ་ཞིག་རང་ཉིད་དང་མཚུངས་པར་ མང་ཚོགས་ཀྱི་དཀྱིལ་དུ་འཁྲབ་ཆོག་པའི་དབང་ཚད་ཡོད་པ་བཟོ་བའི་ཐབས་སུ་མང་པོའི་ དཀྱིལ་དུ་ཁྱབ་བསྒྲགས་བཟོ་བའི་མཛད་སྒོ་འཚོགས་པ་ནང་བཞིན་རེད།
སྔ་མོ་རྒྱ་གར་དུ་མགོན་པ་ཀླུ་སྒྲུབ་མ་བྱོན་པའི་སྔ་རོལ་ནས་དབང་སྐུར་རྒྱུ་ ཡོད་པའི་བཟོ་འདྲ་བོ་ཞིག་ཡོད་པའི་ལོ་རྒྱུས་ཡོད་པ་རེད། གང་ཡིན་ཞེ་ན། མགོན་པོ་ཀླུ་སྒྲུབ་ལ་བྲམ་ཟེ་དགྲ་གཅན་འཛིན་གྱིས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ བཅུག་ནས་དབང་བསྐུར་བའི་ལོ་རྒྱུས་ཡོད་པ་རེད། དེ་མ་གཏོགས་ཐེག་པ་ཆེན་པོ་མི་ཡུལ་དུ་སྤེལ་མཁན་ཐུན་མོང་ཡོངས་གྲགས་ཀྱི་མི་ཡི་ ངོར་མགོན་པོ་ཀླུ་སྒྲུབ་མིན་འགྲོ་བསམ་པ་ཞིག་ཡོད་པ་རེད། གང་ཡིན་ཞེ་ན། འཇམ་དབྱངས་ནས་མགོན་པོ་ཀླུ་སྒྲུབ་ལ་བརྒྱུད་པའི་ལོ་རྒྱུས་ལ་བལྟས་ན་ཧ་ལམ་དེའི་ སྔོན་དུ་ཐེག་པ་ཆེན་པོ་མི་ཡུལ་འཛམ་བུ་གླིང་དུ་མེད་བསྡད་པ་འདྲ་བོ་ཞིག་ཡོད་པ་ རེད། ཤེར་ཕྱིན་གྱི་མདོ་སྡེ་མགོན་པོ་ཀླུ་སྒྲུབ་མེད་པའི་སྔོན་ནས་ཡོད་པའི་ལོ་རྒྱུས་ མེད་པ་རེད། ཤེར་ཕྱིན་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་གཏེར་ནས་བཏོན་པའི་ལོ་རྒྱུས་འདྲ་བོ་བཤད་ ཡོད་པ་རེད། གཏེར་མ་ཡིན་ཞེས་གསལ་ཁ་མེད་པ་རེད། དོན་ལ་བསམ་བློ་བཏང་ན་གཏེར་མ་ཡིན་ཅེས་བཤད་ན་མི་འགལ་བ་ཞིག་ཡོད་པ་རེད། ལོ་རྒྱུས་འགའ་ཤས་ནང་དུ་དེའི་སྔོན་དུ་སེམས་ཙམ་པའི་སློབ་དཔོན་ཨ་མི་ཏ་ཀ་ལ་ སོགས་པའི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་ཙམ་བྱོན་ནས་ཐེག་པ་ཆེན་པོ་དར་བའི་ ལོ་རྒྱུས་ཡོད་པ་རེད་དེ་དེ་དག་གི་བརྩམས་པའི་བསྟན་བཅོས་ན་གཅིག་མཐོང་རྒྱུ་མེད་ པ་རེད།
ཆོས་ལུགས་ཁས་མི་ལེན་ཤིང་དངོས་གཙོ་སྨྲ་བ་ཞིག་གིས་བསམ་བློ་བཏང་ན། བཀའ་དང་བསྟན་བཅོས་ཀྱི་དོན་ངོ་མ་རྣམ་མཁྱེན་སོགས་ཕར་ཞོག་སོ་སོའི་མི་ཚེ་ནང་དུ་ ཕན་པའི་བསླབ་བྱ་ཞིག་ཏུ་གོ་མ་ཤེས་ནས་བྱུང་རིམ་དང་གྲུབ་རྟགས་ཧར་པོ་རྣམས་ལ་ མགོ་འཁོར་ནས་དེ་དག་མཐོང་རྒྱུ་མེད་པས་བརྗོད་བྱ་མེད་པ་ཞིག་ཏུ་བསམ་ནས་བརྟགས་ དཔྱད་བཏང་ན་སེམས་གཙོ་རིང་ལུགས་ཟེར་བ་དེ་ཁག་མེད་པ་ཞིག་བློ་ལ་ཤར་བ་ཐག་གི་ཆོད་ པ་རེད། དོན་ངོ་མ་ལ་བསམ་བློ་བཏང་ན་སྟོན་པ་སངས་རྒྱས་དེ་བྱོན་ཡོད་ན་མེད་ན། མགོན་པོ་ཀླུ་སྒྲུབ་དེ་བྱོན་ཡོད་ན་མེད་ན། དེ་བཞིན་དུ་སྣོད་བཅུད་འདི་ཚུར་གསར་དུ་ཆགས་ཡོད་ན་མེད་ན། ཕར་རྩ་བ་ནས་མེད་པ་ཆགས་གི་ཡོད་ན་མེད་ན། ཤེས་པ་དེ་བརྟགས་པའི་ཡོ་ཆས་ཕྲ་མོ་ཞིག་རག་ན་བེམ་པོ་ཡིན་སྲིད་སོགས་མང་པོ་ཞིག་ ལ་བསམ་བློ་བཏང་ན་མགོ་ན་རོགས་དང་བློ་གྲོས་འཕེལ་རོགས་གཉིས་ཀ་ཡིན་ཆོག་པ་རེད།
དེ་བཞིན་དུ་སྐབས་སུ་བབས་པ་ང་རང་ཚོའི་ཧ་ལས་ལས་བཟོ་བའི་ཡི་དམ་གྱི་ལྷ་འདྲ་མི་ འདྲ་དེ་དག་ལ་སྔར་གྱི་དུས་སུ་བྱུང་པའི་གྱོན་ཆས་ཀྱི་རིགས་དར་དང་གོས་ཆེན་གྱི་ རིགས་གང་བཟང་བ་དང༌། དེ་བཞིན་དུ་ཡོ་བྱད་བུམ་པ་སོགས་གསེར་ལས་བྱས་པ་དང༌། དངུལ་ལས་གྲུབ་པ་སོགས་རིན་པོ་ཆེའི་རིགས་གང་བཟང་བ་དང༌། གདན་དུ་ཉི་ཟླ་ནོར་བུ་ཚངས་པ་ཁྱབ་འཇུག་སོགས་གང་གྲགས་པ་ཆེ་བ་དང༌། ཕྱག་ཏུ་རིན་པོ་ཆེའི་རིགས་གང་བཟུང་རྒྱུ་ཡོད་པ་བཟུང་བ་དང༌། གང་མཛེས་མཛེས་རྣམས་ཀྱིས་གཟུགས་ཀྱི་ཚུལ་དུ་བཀོད་པ་དང༌། དེ་བཞིན་དུ་ཞི་ཁྲོ་སོགས་ལ་ཤིན་ཏུ་ནས་ཁྲོས་པའི་རྣམ་འགྱུར་གང་མཚར་མཚར་འཇིག་ རྟེན་ན་མཐོང་མ་མྱོང་བ་ཚད་ལས་བརྒལ་བ་མཆེ་བ་གཙིགས་ཚུལ་དང༌། སྐྲ་དམར་སེར། དེ་ཡང་ང་ཚོའི་མི་འགའ་ཤས་སྐྲ་གྱེན་དུ་ལང་པའི་སྐབས་ཞེད་སྣང་སློང་མཁན་འདྲ་བོ་ རེད་འདུག་ལབ་པ་རྣམས་ལས་ཀྱང་བརྒལ་ནས་སྐྲ་ཚང་མ་གྱེན་དུ་མེ་འབར་བ་བཞིན་ལང་པ་ ནི་དབྱིན་གྱི་མགོ་སེར་སུས་ཀྱང་མི་ཤེས་པའི་སྐྲ་གནམ་དུ་བསླང་ཚུལ་ཞིག་བཟོས་པ་ དང༌། ལུས་ཡོངས་རྫོགས་ལ་མེ་འབར་བ་དང༌། མེ་འབར་བའི་དབུས་སུ་དར་དང་རུས་པའི་རྒྱན་རྣམས་འཚིག་མི་ཐུབ་པ་དང༌། ཁ་ནས་ཁྲག་འབབ་པ། མི་ཡི་ལྤགས་པ་དང་གླང་ཀོ་རློན་པ་སོགས་གྱོན་པའི་ཉམས་བཏོད་པ། མགོ་ཡང་མི་འདྲ་བ་དགུ་བརྩེགས་དང་ཕྱོགས་བཞིར་མགོ་རེ་དང་དེ་ལས་མང་བ་མགོ་བཅུ་ མི་ཤོང་པར་ཕྲག་པའི་སྟེང་ནས་ཐད་དུ་བརྩེགས་པ། ལག་ཏུ་མི་མགོ་དང༌། མདུང་དང༌། ཞགས་པ། རྒྱུ་མ། རྙིང༌། དུད་འགྲོའི་གཟུགས་འདྲ་མིན། སྲིད་འདིར་སྲིད་དང་མི་སྲིད་པ་ཅི་རིགས་བཟུང་བ་དང༌། མགོ་ཡང་མི་འདྲ་བ་ཆུ་སྲིན་དང་མ་ཧེ། གླང་ཆེན། སེངྒེ། སྟག དོམ། ཝ། སྤྱང་ཀི། འཕར་བ། དྲེད་མོང༌། གཡག སྦྲུལ། སྦལ་པ། སྡིག་པ་ར་ཙ། ཁྱི་སོགས་འདྲ་མིན་མང་པོ་གང་དྲན་དྲན་འདྲ་བོ་བཟོས་པ་དེ་དག་གི་རྩ་བའི་བྱུང་ ཁུང་དེ་རྒྱ་གར་ཕལ་ཆེར་ཡིན་པ་གསལ་པོ་རེད།
རྒྱ་གར་དུ་དེ་དུས་ཡོངས་གྲགས་མ་ཡིན་པའི་བླ་མ་མང་པོ་ཞིག་ལ་བོད་པའི་ཕྲུག་ གུ་མང་པོའི་གཏུག་ཞིང་དེ་དག་གི་གནས་ཚུལ་ལ་འགྲེལ་བཤད་བརྒྱབ་པ་དེ་དག་སྙིང་པོར་ བཟུང་ནས་དུས་རབས་བདུན་པ་ཡས་མས་ནས་མགོ་བཙུགས་ཏེ་དར་སྤེལ་ལ་བཏང་བ་རེད། དེ་དག་གི་དབང་དང་ལུང་མན་ངག་མེད་ན་དེ་དག་བསྒྲུབ་མི་རུང་བ་དང༌། སྒྲུབ་ན་སྒྲུབ་པ་པོ་ལ་བར་ཆད་སྣ་ཚོགས་ཡོང་བའི་གསང་སྒྲོག་གི་ཉེས་པ་ཤི་ཏུ་ནས་ ལྕི་བའི་ཐ་ཚིག་བསྒྲགས་ནས་དོན་མེད་དུ་སྔགས་སྐྲག་དང་ཞེད་སྣང་སྐྱེ་ནས་འདུག་མི་ བཟོད་པ་ཞིག་བཟོ་བའི་མགོ་ཚུགས་པ་རེད།
མི་ཡི་བདེ་སྡུག་དེ་སེམས་པ་ལ་རག་ལས་པ་ཡིན་དུས་སེམས་ལ་ཞེད་སྣང་ཚ་བོ་སློང་ བྱེད་འཇིགས་རྔམས་ཤིན་ཏུ་ནས་ཆེ་བའི་འབག་མགོ་དཀར་པོ་དང་དམར་པོ་དཀར་ནག་ཕྱེད་མ་ སོགས་མི་འདྲ་བའི་སྒོ་ནས་མི་འདྲ་བ་སྣ་ཚོགས་བཟོས་པ་དང༌། དེ་བཞིན་སྲུང་མ་ཟེར་བའི་འཇིགས་རྔམས་ཤིན་ཏུ་ནས་ཆེ་བའི་ལམ་སེང་སྲོག་གཅོད་བླ་ ལེན་འགྲོ་བའི་ཞེད་སྣང་ཅན་མང་པོ་འདོད་རྔམས་ཅན་རྣམས་ཀྱི་ལག་ཆ་བཟོས་པ་དང༌། དེ་དག་གི་སྲོག་གཏད་ཟེར་བའི་གཡེར་གྲགས་བཟོས་ནས་མི་འགའ་ཤས་ལ་གནང་བ་དང༌། དེ་དག་གི་ཁོ་ཚོ་གང་བཟོས་བཟོས་འདྲ་བོ་བཤད་ནས་མིང་མི་འདྲ་བ་བཏགས་པ་དང༌། དེ་ལས་ཆེ་བའི་མིང་བསྟན་སྲུང་ཟེར་ནས་བཏགས་ཀྱང་བསྟན་པ་ག་རེ་ཡིན་མི་ཤེས་པའི་ བསྟན་སྲུང་ཤིན་ཏུ་ནས་མང་བ་དང༌། ཆོས་ལུགས་འདྲ་མིན་རྣམས་ཀྱི་ཁྲོད་དུ་ང་ཚོ་ནང་པ་ཡིན་པའི་བོད་པའི་ཁྲོད་དུ་དར་ བའི་སྲུང་མ་འདྲ་བ་བཟོ་ཐུབ་མཁན་དེ་སྔ་རྒྱལ་ཁབ་དང་ཆོས་ལུགས་གཞན་པ་ཞིག་བྱུང་ ཨི་མྱོང་ན་བསམ་དགོས་པ་ཞིག་རེད།
ཁ་ཆེ་འདྲ་བོ་ཡིན་ན་ཨ་ལ་གི་བཀའ་ཆད་ཡོང་དང་མི་ཡོང་གི་སྐད་ཆ་མ་གཏོགས་གཞན་གྱི་ སྐད་ཆ་མེད་པ་རེད། ཡེ་ཤུ་དེ་བཞིན་རེད་དཀོན་མཆོག་གི་བཀའ་ཆད་ཡོང་དང་མི་ཡོང་གི་སྐད་ཆ་རེད། དེ་བཞིན་དུ་ཧིན་དྷུའི་བྷ ཝན་གྱི་བཀའ་ཆད་ཡོང་མིན་བཤད་ཀྱི་འདུག་བསམ་པ་འདུག ཧིན་དྷུའི་ལྷ་ལ་ལག་པ་དང་མགོ་ཤིན་ཏུ་ནས་མང་པོ་ཡོད་པ་རེད། དེའི་ཤན་དེ་བོད་པ་ལ་ཞུགས་ནས་བོད་པའི་ལྷ་ལ་མགོ་དང་རྐང་པ་ཤིན་ཏུ་ནས་མང་པོ་ ཡོད་པ་རེད། ཆོས་བརྒྱུད་གཞན་པ་ཚོ་ལ་མགོ་དང་རྐང་པ་ཤིན་ཏུ་ནས་མང་བའི་ལྷ་མེད་པ་ལྟ་བུ་རེད། ཡེ་ཤུ་ཡིན་ན་ཡེ་ཤུའི་སྟོན་པ་དང་མི་ཡི་རྣམ་པ་ཅན་མ་གཏོགས་ལྷ་ཁང་ནང་དུ་ལྷ་མེད་ པ་རེད། ཁ་ཆེའི་ལྷ་ཁང་ནང་དུ་ལྷ་མེད་པ་རེད། སེག་ལ་གུ་རུ་མང་པོ་ཞིག་ཡོད་པ་རེད། དེ་བཞིན་ཇིའུ་ལ་ང་ཚོའི་སྟོན་པ་འདྲ་བོ་གཅེར་བུ་མ་ཞིག་ཡོད་པ་རེད།
དེ་དག་ཕྱོགས་བསྡོམ་འདྲ་བོ་བྱས་ན་དབང་དེ་ཧིན་དྷུ་ལ་ཡོད་པ་འདྲ་བོ་འདུག གང་ཡིན་ཞེ་ན་སྭ་ཡྃ་བྷུ་དེ་ཚོས་རྩེ་གསུམ་མགོ་ལ་འཇོག་པ་དང༌། སྲུང་བ་སོགས་གནང་བའི་ལུགས་སྲོལ་ངས་གསལ་པོ་མཐོང་སོང༌། ནང་དོན་ཟབ་མིན་ག་འདྲ་བཤད་རྒྱུ་ཡོད་པ་དེ་ངས་ཤེས་མ་སོང༌། དེ་ལས་རྒྱས་པའི་རྫས་ཀྱི་དབང་བསྐུར་ཡོད་མེད་ངས་ཤེས་མ་སོང༌། ཡེ་ཤུའི་བླ་ཆེན་བཀོས་སྟངས་དེ་དབང་བསྐུར་བའི་བཟོ་འདྲ་བོ་རེད། དོན་ལ་དབང་ཚད་ངོ་མ་དེ་སྤྲད་པ་རེད།
ང་ཚོ་བོད་པའི་དབང་བསྐུར་དེ་ཡ་མཚན་པ་ཞིག་རེད། བོད་པའི་དབང་བསྐུར་བའི་སྐབས་དབང་ཚད་ངོ་མ་དེ་སྤྲད་དང་མ་སྤྲད་རིགས་གཉིས་ཡོད་ པ་རེད། དཔེར་ན་གང་ཡང་མི་ཤེས་པའི་ཕྲུག་གུ་ཆུང་ཆུང་ཞིག་ལ་སྤྲུལ་སྐུའི་མིང་བཏགས་ནས་ དེ་ལ་དབང་བསྐུར་ན་དབང་བསྐུར་བ་དང་དབང་ཚད་ཡང་སྤྲད་པ་རེད། ཁྱིམ་པ་མོ་ཡིག་གེ་ཙམ་ཡང་མི་ཤེས་མཁན་ཞིག་ལ་དབང་བསྐུར་ཡང་གཞན་ལ་དབང་བསྐུར་ བའི་དབང་ཚད་སྤྲད་མེད་པ་རེད། དེ་གཉིས་དོན་ལ་མི་འདྲ་བ་གང་ཡང་མེད་པ་རེད་དེ་ང་ཚོ་བོད་ལ་ལམ་དང་ལུགས་སྲོལ་དེ་ འདྲ་དར་བ་རེད།་ བསམ་བློ་ཞིབ་ཏུ་བཏང་ན་དབང་བསྐུར་བའི་ཕྲུག་གུ་ཆུང་ཆུང་དེ་དག་གིས་བསམ་བློ་ནང་ དུ་ང་ནི་བླ་མ་ཡིན་འཇིག་རྟེན་ལས་འདས་པ་ཞིག་ཡིན་བསམ་ནས་ལག་པ་མགོ་ལ་འཇོག་ཀྱང་ ལས་སོ་སོའི་གནས་ཚད་གང་གི་སྒང་ལ་བསྡད་ཡོད་པ་དེ་བསམ་བློ་གཏོང་མཁན་ཤིན་ཏུ་ནས་ ཉུང་ཉུང་རེད། ཞུ་མཁན་ཚོས་ཀྱང་བླ་མ་ག་གེ་མོའི་སྲས་རེད་རྒྱུད་པ་རེད། བླ་མ་ག་གེ་མོས་ངོས་འཛིན་གནང་བ་རེད་འཁྲུལ་མེད་རེད། ཁོང་གི་ག་རེ་གནང་ནའང་མཛད་པ་རེད་ཅེས་དང་པོ་རྨོངས་པའི་ཁ་ལ་རྨོངས་སུ་བཅུག་པའི་ ལྷན་པ་མཛེས་པོ་ཞིག་རྒྱག་ནས་འགྲོ་ལམ་མི་གསལ་བའི་མུན་ནག་ཞིག་གི་ནང་དུ་མགོ་བོ་ བཅུག་ནས་སྡོད་པ་འདི་ཁོ་ཚོ་ལ་ག་རེ་འཁྲབ་ནའང་འཁྲབ་ཆོག་པའི་གུ་ཡང་གི་ཧེ་རུ་ ཀའི་དཀྱིལ་འཁོར་ཞིག་བཞེངས་བསྐྲུན་བྱས།
དཔེ་མཚོན་ཆུང་ངུ་ཞིག་བཀོད་ན་རྨོངས་དད་གྱི་ཁེངས་པའི་ནང་ཆེན་གྱི་ས་ཁུལ་ འགའ་ཞིག་ཏུ་ང་ཚོའི་ལུང་པའི་པོ་འགྱ་ཟེར་ནས་རྒད་པོ་ཞིག་ཡོད་པ་སོང་བའི་སྐབས་ ཁོ་ཚོས་གུ་རུ་རིན་པོ་ཆེ་ཕེབ་འདུག་ལབ་ནས་ཁོ་ལ་དད་འབུལ་དང་རྗེས་དེད་བཟོས་ཤིང་ ལུང་པ་འུར་གྱིས་བཀང༌། ཁོས་དང་པོ་མིན་ལབ་ནས་ཨུ་ཚུགས་བརྒྱབ་དུས་ཁོ་ཚོ་ལ་ཡིན་ཞེས་གསལ་བཤད་བྱས་པ་ལྟ་ བུ་རུ་ངོས་འཛིན་ནས་ཁོ་ཚོས་ཁོ་གུ་རུ་རིན་པོ་ཆེ་བཟོས་པ་རེད། དེ་ནས་ཡུན་རིང་པོ་མ་སོང་བར་རྐུབ་རྡོལ་བ་རེད་ཟེར། ཙི་ཙིའི་དཔོན་ལ་ཞུམ་མེ་བསྐོས་པ་ནང་བཞིན་མང་པོ་མཐོང་ཆོས་སུ་ཡོད་པ་རེད། གཟབ་དགོས་པ་ཞིག་ལ། དང་པོ་གཡམ་ལ་མི་རྒྱུགས་པར་དབང་ཞུ་སའི་བླ་མ་དེ་ལ་ཁྱད་ཆོས་ག་ཚད་དགོས་མིན་དང་ དབང་ཞེས་པ་དེ་གང་ཡིན་པ་གསལ་པོ་ར་འཕྲོད་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད།
དེ་ཡིན་དུས་བླ་མ་ཞེས་པ་དེ་བོད་སྐད་ཁ་ནས་བླ་ཞེས་པ་དེ་མཐོ་སའམ་གོང་མ་ཞིག་ལ་ གོ་བ་རེད། ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི། ཟེར་དུས་ས་བླ་ཞེས་པ་དེའི་གོང་ན་མེད་པ་ཞིག་ཏུ་གོ་བ་རེད། བོད་པའི་བསམ་བློ་ནང་དུ་བླ་མ་ལས་ལྷག་པ་མེད་པ་ཞིག་འགྲེལ་བཤད་བརྒྱབ་ནས་ཧ་ལས་ པའི་རྩར་ཆེན་པོ་ལ་བརྩི་བ་རེད། ལེགས་སྦྱར་གྱི་སྐད་ནང་དུ་གུ་རུ་ཞེས་ཡོད་པ་ལྕི་བ་ལ་བསྒྱུར་ནས་དེ་ཡང་དོན་གྱི་ དབང་དུ་བྱས་ནས་ཡོན་ཏན་གྱི་ཁུར་དུ་ལྕི་བས་ན་ལྕི་བ་ཞེས་འགྲེལ་བ་རེད།
དེ་ལ་ཡོན་ཏན་ག་རེ་དགོས་པ་རེད་ཟེར་ན་འདུལ་བ་ནས་གསུངས་པའི་མཚན་ཉིད་ཚང་བ་ལ་ གནས་ཀྱི་བླ་མའི་ཡོན་ཏན་ནས་བཟུང་བླ་མ་དང་མཁན་པོ་ལ་ལྔ་ཕྲུགས་ཉེར་ལྔ་པོ་གང་ རུང་དང་ལྡན་པ་ཞིག་དགོས་པའི་ཁ་ལ། མདོ་སྡེ་ནས་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། ཞེས་པའི་ཡོ་ཏན་ཚང་ཞིང་གསང་སྔགས་ཀྱི་བླ་མ་ལ་གསང་སྔགས་ཀྱི་ཕྱི་ཡི་དེ་ཉིད་བཅུ་ དང་ནང་གི་དེ་ཉིད་བཅུ་དང་ལྡན་པ་ཞིག་མེད་ན་དབང་བསྐུར་མི་རུང་ཞིང་་ཀྱངབསྐུར་ དབང་མི་ཐོབ་པ་རེད། སློབ་མ་རང་ཉིད་ལའང་སྐྱབས་འགྲོའི་དོན་རགས་པ་ཙམ་ལའང་བློ་ཁ་མ་ཕྱོགས་པར་སྐྱབས་ སུ་མཆིའོ་ཞེས་པ་ཙམ་དང་ཧ་ལས་པ་རེད་ལབ་ཤེས་པ་ཙམ་གྱིས་མི་འགྲིགས་པ་རེད། སྐྱབས་འགྲོ་ཤེས་པའི་ཐོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཕོག་ཤིང་སེམས་བསྐྱེད་ལ་ མོས་པ་དང་ཉམས་མྱོང་ཏོག་ཙམ་ཡོད་པ་ཞིག་གིས་ཞུ་བ་ལས་གཞན་གསང་སྔགས་ཀྱི་དབང་དེ་ ཁག་པོ་ཡིན་པ་རེད།
བཤད་དགོས་པ་ཞིག་ལ་དབང་བསྐུར་མཁན་ཕལ་ཆེ་བས་ལྷ་ཡི་སྐུ་མདོག་ཕྱག་མཚན་སོགས་བློ་ ལ་ཤར་རྒྱུ་མེད་པར་མིག་ནམ་མཁའ་ལ་བསྐོར་བ་དང་ཆོ་ག་ཚང་ལ་མ་ཚང་བ་ཞིག་སྐྱོར་ནས་ དབང་བཞིའི་དོན་རགས་པ་ཙམ་ལའང་གོ་བ་མེད་པ་དང༌། ཡང་འགའ་ཤས་ཀྱི་དབང་བཞི་བྱིན་རླབས་དེ་དབང་ཆེན་ཞིག་ཡིན་པར་བརྩི་བ་དང༌། དེ་ཡང་དབང་དངོས་གཞིའི་དུས་ལྷ་དང་བླ་མ་དབྱེར་མེད་དུ་ལྟ་བའི་ཤེས་རབ་མེད་བཞིན་ དུ། ཨོྃ་ཡིག་འོད་འཕྲོ་བ་ཞིག་རང་གི་དཔྲལ་བ་ལ་ཐིམ་ནས་ལུས་ཀྱི་སྒྲིབ་པ་དག་ཟེར་དུས་ ལུས་ཀྱི་སྒྲིབ་པ་གང་ཡིན་ངོས་མ་ཟིན་པའི་སྒོ་ནས་དག་པར་མོས་པ་དང༌། དེ་བཞིན་དུ་གསང་དབང་གི་སྐབས་སུ་ཨཱ༔ཡིག་དམར་པོ་སྔ་མ་བཞིན་འོད་འཕྲོ་བ་ཞིག་རང་ གི་མགྲིན་པར་ཐིམ་ཞིང་ངག་གི་སྒྲིབ་པ་དག་པར་མོས་པ་དང༌། ཤེར་དབང་གི་སྐབས་སུ་ཧཱུྃ་ཡིག་མཐིང་ནག་ཞིག་རང་གི་ཐུགས་ཀར་ཐིམ་པར་སྒོམ་ནས་ ཡིད་ཀྱི་སྒྲིབ་པ་དག་པར་མོས་པ་དང༌། གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་ལུས་ངག་ཡིག་གསུམ་ལ་ཐིམ་ ཤིང་སྒོ་གསུམ་ངོ་བོ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་པར་སྒོམ་པ་དང༌། དེ་དག་གི་སྐབས་སུ་ངོ་བོ་སྟོང་པ་རང་བཞིན་གསལ་བ་སོགས་གང་ཡང་དྲན་རྒྱུ་མེད་པ་མ་ ཟད་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷ་ལ་ཤར་རྒྱུ་ཕར་བཞག་བདེན་ཞེན་ཨ་འཐས་ཀྱི་ སྙེམ་པ་གཞིག་ཏུ་མེད་པ་ཞིག་ཞུགས་པའི་སྒོ་ནས་ཕྱི་རོལ་པས་བཏགས་པའི་བདག་དང་ཁྱད་ པར་མེད་པ་ལྟ་བུ་ཞིག་ཏུ་འཛིན་པ་རེད། དེ་ལྟར་འཛིན་པ་ལ་ཁག་མེད་པ་རེད་ཟབ་མོ་འཚོལ་བའི་ངལ་བ་ལྷུར་མ་བླངས་པ་ཞིག་གིས་ བདག་མེད་པའི་དོན་ཟབ་མོ་ལ་ངེས་པ་སྐྱེ་རྒྱུ་ཅི་ཡང་མེད་པ་རང་རེ་རྣམས་ཀྱི་ཉམས་ སུ་མྱོང་བ་འདི་རེད།
གཙོ་བོ་གཙོ་བོ་དབང་ཞུ་བ་ལ་སྟོང་ཉིད་ལ་གོ་བ་རྣལ་མ་ཞིག་གིས་ཐོག་ནས་བྱང་ ཆུབ་སེམས་ལ་གང་ལ་གང་མཚམས་ཀྱི་གོ་བ་ཞིག་མེད་ན་མི་ཡོང་བ་གསལ་པོ་རེད། སྟོང་ཉིད་གོ་བ་ཆག་པའི་ཐབས་བདེ་ཤོས་དེ་བྱུང་གནས་འགྲོ་གསུམ་བརྟག་པ་དང་སེམས་ ཀྱི་མཚངས་བཙལ་ནས་སེམས་ཀྱི་ཁང་བུ་བཤིགས་པ་སོགས་ཀྱི་མན་ངག་མང་པོ་ཞིག་བཤད་ཡོད་ པ་རེད། ད་དག་ལ་གོ་བ་ཆགས་པའི་ཐོག་ནས་ཡོང་དགོས་པ་ཡིན་ནའང་དེའི་སྐོར་དེ་རྫོགས་ཆེན་ གྱི་དབང་མ་ཐོབ་པ་ཞིག་གིས་ཐོས་མི་རུང་པར་བཤད་ཡོད་པ་རེད། མི་ཕམ་རིན་པོ་ཆེའི་གསུང་སྟངས་ལ་གཞིག་ན་དབུ་མའི་ལྟ་བ་དང་རྫོགས་ཆེན་གྱི་ ཁྲེགས་ཆོད་གཉིས་དོན་གཅིག་ཡིན་པ་བསྟན་ཡོད་པ་རེད། ངེས་སྒྲོན་ལས། སྤྲོས་བྲལ་དབུ་མ་ཆེན་པོ་དང༌། །འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །དེ་ལས་ལྷག་པའི་ལྟ་བ་མེད། གསུངས་ཡོད། དབུ་མ་ཡིན་པའི་དབང་དུ་བཏང་ན་དེ་ཞུ་བ་ལ་དབང་ཐོབ་དགོས་པའི་སྐད་ཆ་དེ་བཤད་དགོས་ དོན་མེད་པ་རེད། དེས་སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟགས་པ་དེ་དབུ་མའི་གཅིག་དུ་བྲལ་གྱི་རིགས་ པ་དེ་ཤེས་པའི་སྟེང་དུ་གཏན་ལ་ཕབ་པ་ཞིག་ཡིན་པས་དབང་མ་ཐོབ་ཀྱང་དེ་ཐོས་རུང་བ་ དང་སྒོམ་རུང་བ་ཞིག་ཡིན་པར་སེམས།
དངོས་ཡོད་གནས་ཚུལ་བྱས་ན་དང་པོ་དབུ་མའི་རིགས་པ་དེ་ལ་གོ་བ་ཡག་པོ་ཞིག་སྐྱེ་བ་ བྱས་ནས་དེ་ནས་དབང་ཞིག་ཞུས་ན་གོ་རྒྱུ་ཡོད་པ་ཞིག་ཡོང་བའི་བཟོ་འདྲ་བོ་འདུག ལེགས་སྦྱར་གྱི་སྐད་དུ་ཨ་བྷི་ཥིཉྩ་ཞེས་པ་གཏོར་བའམ་བླུགས་པ་ལ་གོ་བས་དོན་གྱི་ དབང་དུ་བཏང་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཉིས་མེད་རྟོགས་པའི་ཡེ་ཤེས་ཀྱིས་ གཏོར་བའམ་སྦྱང་ནས་སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ་རུ་བསྒྱུར་ནས་སྐུ་དང་ཡེ་ཤེས་ ཀྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་གྱུར་པའི་ལོ་རྒྱུས་བཟོས་ཡོད་པ་རེད། དེ་འདྲ་བོ་ཞིག་ཡོངས་རྒྱུ་ཡོད་ན་ཡག་པོ་རེད་དེ་དེ་རིང་ཁར་སར་དེ་འདྲ་བོ་མཐོང་ རྒྱུ་མེད་པ་འདི་ག་རེ་ཡིན་ན་བསམ་ནསབློ་དོགས་སྐྱེ་མཁན་མང་པོ་ཡོད་པ་རེད། དོན་ལ་བསམ་བློ་བཏང་ན་ལྷ་དང་དཀྱིལ་འཁོར་གྱི་རྣམ་བཞག་མང་པོ་འདི་རྟོག་མེད་ཀྱི་ ཤེས་པ་ཞིག་གིས་བཟོས་པའི་རྒྱུད་སྡེ་མང་པོ་ཞིག་བཤད་ཡོད་པ་རེད་དེ་ང་རང་ཚོའི་ མཐོང་ཆོས་ལ་ཡོད་པ་ནི་རྟོག་པས་བཟོས་པ་ཤ་སྟག་ལས་རྟོག་མེད་ཀྱིས་བཟོས་བཞག་པ་ ཞིག་མཐོང་བའི་ཐབས་ཤེས་ངོ་མ་ལ་བསམ་བློ་བཏང་ན་དཀོན་པོ་ཆགས་པ་རེད། རྒྱུད་སྡེ་རྒྱ་མཚོའི་བདག་པོ་རྡོ་རྗེ་འཆང་དེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ དུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང༌། སྐབས་རེ་མཚན་དང་དཔེ་བྱད་ཕར་བཞག་ནས་མི་སྡུག་པའི་མཚན་མ་དགུའི་བརྒྱན་པ་ཞིག་ཏུ་ གྱུར་ནས་རྒྱུད་གསུངས་པའི་ལོ་རྒྱུས་ཡོད་པ་རེད།
བཤད་རྒྱུ་ཞིག་ལ་དེ་ཡང་གང་ལ་གང་འདུལ་དེ་ལ་དེ་སྟོན་པ་རེད་ཅེས་འགྲེལ་བཤད་ རྒྱག་རྒྱུ་ཡོད་པ་རེད། སྐབས་རེ་ང་ཚོའི་མཛུབ་མོ་ལྔ་དེ་རྒྱལ་བ་རིགས་ལྔ་དང་དེས་ཀྱང་ཆོས་འཁོར་བསྐོར་ བསྐོར་པ་ལ་བཞུགས་ཡོད་པའི་བཟོ་འདྲ་བོ་ཞིག་ཡོད་པ་རེད། དེ་དག་ལ་ཡིད་ཆེས་ཡོད་ན་འབྲས་བུ་ཞིག་ཡོད་གྱི་རེད། མཐའ་གཅིག་ཏུ་ཡིད་ཆེས་མཁན་དཀོན་པོ་རེད། གང་ཡིན་ཞེ་ན་གང་ཟག་འགའ་ཤས་རྒྱུ་མཚན་གཞན་མེད་པར་བླ་མ་ག་གེ་མོས་གསུངས་སོང་ཧ་ ལས་པ་རེད་ཅེས་མིག་ནམ་མཁའ་ལ་བསྒྲད་ནའང་ཡིད་ཆེས་གཏིང་ཚུགས་པའི་རྒྱུ་མཚན་ཞིག་ མ་རྙེད་པས་བཤད་མཁས་པ་ཞིག་གིས་བཤད་ན་ལམ་སེང་ཐེ་ཚོམ་ཟ་བ་མཐོང་བཞིན་པ་འདི་རེད། འགའ་ཤས་ཀྱི་ཆོས་ཀྱི་སྙིང་པོ་རུ་མོས་ནས་རྔ་དང་རོལ་མོ་དུང་དང་རྒྱ་གླིང་སོགས་ གང་སྙན་སྙན་ཞིག་གཏོང་རྒྱུ་ཆོས་རྣམ་དག་རེད་བསམ་མཁན་མི་ཉུང་བ་ཞིག་ཡོད་པ་རེད། ང་ཚོའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་ནཱ་ལེནྡྲའི་ཆོས་པ་ཚོའི་རྔ་དང་རོལ་ མོ་དུང་དང་རྒྱ་གླིང་ཨི་ཡོད་ན། གསང་སྔགས་ཀྱི་ཆོ་ག་མང་པོ་ཞིག་འཚོགས་སུ་སྐྱོར་ཨི་ཡོད་ན། དེ་ཚོ་ང་ཚོ་བོད་ལ་ཡོད་པའི་ཆོས་བརྒྱུད་འདི་དག་དང་བསྡུར་ན་ག་འདྲ་ཡིན་ན་བསམ་ བློ་གཏོང་དགོས་པ་ཞིག་རེད།
བསམ་དགོས་པ་ཞིག་ལ་གཏོར་མ་དམར་གཏོར་གྲུ་གང་ཡོད་པ་ཞིག་གི་རྩེ་ལ་དར་དཀར་སེར་ དམར་ལྗང་མང་པོ་ཞིག་གིས་རུ་དར་བཙུགས་པ་དང༌། མཐའ་སྐོར་དུ་རྒྱུ་མ་རློན་པ་སོགས་ཀྱི་ལྕུག་རྒྱག་པ་དང༌། སྐྱེར་པའི་རྩང་གི་ར་བ་བསྐོར་བ་དང༌། དེ་དག་གི་ནང་དུ་མིའི་གཟུགས་དབྱིབས་ཅནགྱི་ཉ་བོ་མང་པོ་འཇོག་པ་སོགས་ང་ཚོའི་ མཐོང་བ་ཙམ་གྱི་ཞེད་སྣང་སྐྱེ་བ་ཞིག་བཟོ་བ་དང༌། དེའི་མཐའ་སྐོར་དུ་སྙིང་དང་རྒྱུ་མ་སོགས་ཀྱི་རྣམ་པ་མི་འདྲ་བ་མང་པོ་བཀོད་པ་ དང༌། གཏོར་མ་ལ་བསད་ཁྲག་བྱུག་པ་སོགས་ལུགས་སྲོལ་ཧ་ལས་དགོས་པ་ཞིག་ཡོད་པ་འདི་བསམ་ བློ་ཞིབ་ཏུ་བཏང་ན་དྲང་ངེས་ཇི་ལྟར་བཤད་ཀྱང་རྡོ་རྗེ་འཆང་གི་དགོངས་དོན་མ་ཡིན་ པར་བོད་ཀྱི་བླ་མ་རྣམས་ཀྱིས་རང་བཟོ་ཡིན་པ་གསལ་པོ་རེད། འདི་དག་གི་ཆོ་ག་སྐྱོར་སྐབས་སྐྱབས་འགྲོ་ཕར་བཞག་རང་གི་འདི་གང་གི་བྱ་བ་ལམ་ འགྲོ་ཡོང་བ་ཞིག་སྒྲུབ་མི་ཤེས་པ་འདི་ཐེག་པ་ཆེན་པོའི་ཆོས་ཕར་བཞག་ཞི་བ་ཕྱོགས་ རེ་བ་ཞིག་ཐོ་བ་པའི་ཐབས་སུ་མི་འགྲོ་གསལ་པོ་རེད། གངཡིན་ཞེ་ན་བདག་མེད་པའི་དོན་ལ་གོ་བ་ཞིག་མ་སྐྱེས་པ་རེད།
བདག་ཡོད་པ་གཞིར་གཞག་པའི་ཐོག་ནས་བདག་ཉིད་ཡི་དམ་ལྷ་ལ་བསྐྱེད་པ་དང་བཟླས་པ་ དང་མཆོད་པ་སོགས་ཡོང་བ་དང༌། དེ་བཞིན་དུ་མནན་བསྲེགས་འཕང་གསུམ་སོགས་གང་དང་གང་ཡིན་ནའང་ཕ་རོལ་ལ་གནོད་སེམས་ འཆང་ནས་རྔམས་འཁྲུགས་འུར་ལང་པའི་སྒོ་ནས་རང་གི་སྒོ་གསུམ་ཆུད་ཟོས་སུ་གཏོང་བ་མ་ ཟད་གཞན་སྦྱིན་པའི་བདག་པོ་ལྟ་བུ་ལ་ཆ་མཚོན་ན་སྡིག་པ་རྔམས་པོ་ཆེ་ཞིག་མ་བསམ་ས་ ནས་བསགས་པས་ཆོས་མིན་གྱི་དབང་གི་བྱ་བ་གང་ཡིན་ལམ་དུ་མི་འགྲོ་བ་ཞིག་བཟོས་ཟིན་ པ་རེད། དེ་ལས་གཞན་ལ་བསམ་པ་རྣམ་དག་གི་ཡར་གཏོར་མ་བཅའ་རྒྱུ་དེ་མར་ངན་སློང་ལ་སྦྱིན་པ་ གཏོང་ཞིང་གཞན་ལ་ཕན་པའི་བསམ་པ་བཟང་པོ་ཞིག་སྐྱེ་བའི་ཐབས་ལ་འབད་ན་རང་གཞན་གཉིས་ ཀ་ལ་ཕན་པ་གསལ་པོ་རེད། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས་དེ་འདྲ་བོ་ལན་མང་དུ་གསུངས་ནས་ང་ཚོའི་གསང་སྔགས་ ཀྱི་ཆོ་ག་གཏོང་ཚུལ་ལ་ཡི་མ་རང་པའི་གསུང་སྐད་མང་པོ་བསྐྱོན་ཡོད་ཀྱང་དེ་ཙམ་གྱི་ འགྱུར་བ་གང་ཡང་གཏོང་ཐུབ་མེད།
ཕན་པ་བྱུང་མ་བྱུང་གི་སྐད་ཆ་བཤད་ན་ཤ་ཁྲག་གི་ཚབ་ཏུ་འབྲི་མོག་བྱུག་པ་སོགས་ཕན་ པ་འགའ་རེ་བྱུང་ཡོད་ཀྱང་སྐྱབས་འགྲོ་དང་སེམས་བསྐྱེད་ལ་ཤུགས་རྒྱག་རྒྱུ་དེ་ ཚོའི་ཕན་པ་ཆེན་པོ་བྱུང་ཡོད། གང་ཡིན་ཞེ་ན། ང་ཚོའི་ཆོ་ག་སྐྱོར་ཤེས་པ་ཙམ་གྱི་ཕན་ཐོག་མེད་པ་གསལ་པོ་བྱུང་བས་དོན་ངོ་མ་དེ་ གལ་ཆེན་པོ་རེད་བསམ་པའི་བསམ་བློ་དེ་གསལ་རུ་བཏང་བ་རེད། གསང་སྔགས་ཀྱི་དབང་གི་རྣམ་བཤད་མཛད་ནས་ལོང་བ་ལ་མིག་སྦྱིན་པ་ལྟ་བུ་མཛད། དོན་མེད་ཀྱི་རྣམ་གཡེང་གཏོང་བའི་གཟུངས་སྔགས་བཟླ་བ་དང་ཆོ་ག་གྱེར་བ་སོགས་རང་ ཁེ་གཞན་ཕམ་གཏོང་བའི་ཚིག་རྡུམ་འགའ་རེ་སྐྱོར་ནས་ཧཱུྃ་ཧཱུྃ་སོགས་མང་པོ་ཞིག་ བཟླས་ནས་མིག་ནམ་མཁའ་ལ་གཏད་ཞིང་གཏོར་མ་རྒྱག་ཚུལ་ལ་བལྟས་ན་ད་ལྟ་རང་དགྲ་འདྲེ་ ཐལ་བའི་རྡུལ་དུ་རློགས་པ་མ་ཡིན་ནམ་བསམ་དགོས་པ་ཞིག་བྱེད་པ་དེ་ནང་པའི་ཆོས་དང་ འགལ་བ་གསལ་པོ་རེད། ཡང་དེ་འདྲ་བོ་ཆོས་ལུགས་ཟུར་པ་ཞིག་དར་བ་དེ་རྒྱ་ཁྱབ་དུ་དར་ཚུལ་ལ་བལྟས་ན་ལོག་ པའི་ལམ་ལ་མུ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། ཞེས་གསུངས་པའི་གདམས་པ་དེ་ཕར་གཡུགས་ནས་ཕན་ཐོགས་ཡོད་པའི་གཤག་བཅོས་ཆུང་ཆུང་ ཞིག་བརྒྱབ་ན་བསམ་ཀྱང་ཕན་པའི་ཚབ་དུ་གནོད་པ་ཆེན་པོ་ཞིག་མི་ཡོང་བའི་ངེས་པ་མེད་ པ་རེད། འོན་ཀྱང་བརྟུན་པ་བསྐྱེད་ནས་བྲི་ཁུལ་བྱས་ཀྱང་སྐབས་རེ་དོན་མེད་པ་ལྟ་བུ་རུ་ མཐོང་ཡང་མགོ་བཙུག་པ་དེ་མཇུག་སྐྱོང་བའི་ཁུལ་དུ་བྱས་པ་ཡིན། ཕ་དམ་པས་གསང་སྔགས་ཀྱི་དཀྱིལ་འཁོར་གཉེན་པོ་ར་ཚང་ནང་དུ་བཞེངས་པ་སྐད། གསུངས་པ་སོགས་མ་རང་པའི་སྐད་ཆ་མང་པོ་ཡོད་པ་རེད།
ཕ་དམ་པ་ལྟ་བུ་ལ་ཆ་བཞག་ནའང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཆེན་རུང་ཁོང་གིས་ གྲོང་པའི་ནང་དུ་གསང་སྔགས་ཀྱི་དཀྱིལ་འཁོར་བཞེངས་ཀྱི་མེད་པ་གསལ་པོ་རེད། དེ་བཞེངས་མི་རུང་བ་ཞིག་ཡིན་པ་གསལ་པོ་རེད། བཞེངས་རུང་བ་ཞིག་ཡིན་ན་ཁོང་གིས་དེ་ལྟར་གསུང་མི་སྲིད་པ་རེད། དེ་བཞིན་དུ་ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་གསང་སྔགས་ཀྱི་ཆོས་རྒྱ་ཆེན་པོ་ གསུང་བའི་མཛད་པ་མ་སྐྱོང་རོགས་ཞེས་འབྲོམ་སྟོན་པ་སོགས་ཀྱིས་ཞུས་པའི་ལོ་རྒྱུས་ ཡོད་པ་རེད། དེ་དག་བསྟན་པའི་གནད་མཁྱེན་མཁན་ཤ་སྟག་གིས་ལོ་རྒྱུས་རེད་མ་གཏོགས་བསམ་གནག་དང་ ཕྱོགས་ལྷུང་བཟོས་ནས་བྱས་པ་ཞིག་ཡིན་མི་སྲིད་པ་རེད། གལ་སྲིད་ཇོ་བོ་དང་འབྲོམ་སྟོན་པ་གསང་སྔགས་ལ་མི་དགྱེས་པ་ཡིན་ན་ཁོ་རང་ཚོའི་ སྦས་ནས་ཉམས་སུ་ལེན་དགོས་དོན་མེད་པ་རེད། དེའི་སྐབས་སུ་དེང་སང་ནང་བཞིན་གསང་སྔགས་ཟེར་རྒྱུའི་ཚིག་ཙམ་ལ་དོགས་པ་མ་ཞུགས་ པར་ཟབ་མོའི་མཐར་ཐུག་ཏུ་རློམས་ནས་གཟུགས་བརྙན་ལ་སྐྱབས་བཅོལ་བས་བོད་ཡུལ་ཁེངས་ ཡོད་པ་གསལ་པོ་རེད།
དེང་དུས་བླ་མ་ཤེས་ལ་མི་ཤེས་པ་ཞིག་གི་དང་པོ་སྐུལ་སློང་འཇིག་རྟེན་ཆོས་བརྒྱད་ གི་སྨྱོ་ཆུ་འཐུང་འཐུང་ནས་སྨྱོན་སྤྱོད་བྱུང་རྒྱལ་དུ་བྱེད་པའི་ཉམས་དང་རྟོགས་ པ་སྤྲོས་བྲལ་གྱི་ཀློང་དུ་ཐིམ་ཟིན་པ་ཞིག་གིས་སློབ་མ་ཡང་ཅི་ཡང་མི་ཤེས་པར་ལམ་ སེང་དབང་ཞིག་ཐོབ་ན་རང་ཉིད་ཚེ་རིང་བ་དང་ནད་མེད་པ། ཚོང་དང་ཁེ་དྲག་ལ་སྐྱབས་བཅོལ་བའི་མི་ལུས་ཙམ་པོ་བ་ཞིག་གིས་བུམ་པ་མགོ་ལ་བཞག་ ཙམ་གྱིས་དབང་ཐོབ་སོང་བསམ་པའི་བླང་དོར་ལ་འཐོམ་བསྡད་པ་ཞིག་གིས་དེ་རིང་སྔ་དྲོ་ དབང་ཞུས་ནས་དོ་ནུབ་དགོངས་མོ་བླ་མ་དེ་ག་འདྲ་ཡིན་ན་སྐད་ཆ་དྲི་མཁན་ཁེངས་བསྡད་ པ་འདི་དག་ནི་སྔོ་ལོའི་རྒྱལ་མཚན་ཕྱར་པ་གསལ་པོ་རེད།
ཡང་བསམ་བློ་གཞན་པ་ཞིག་བཏང་ན་ཁོ་ལ་དབང་ཞུ་བའི་སྐབས་དད་པ་ཤུགས་དྲག་པོ་དབང་ ཞུ་བའི་ཆ་རྐྱེན་དུ་ཚང་དགོས་པ་གང་ཡང་མེད་པའི་ཐོག་ནས་ཞུས་པས་དད་ལོག་དང་དམ་ ལོག་གང་ཡང་མི་འགྱུར་བར་ལུགས་སྲོལ་ངན་པའི་བག་ཆག་བཞག་པ་ཙམ་ཞིག་ཡོང་བ་རེད། ས་པཎ་གྱིས་ཞུས་ལ་མ་ཐོབ་པའི་མུ་བཞག་པ་དེ་རེད་དྲན་གྱི་ཡོད། ཁོ་ངོ་སྲུང་གི་དབང་ཞུ་བའི་ལུགས་སྲོལ་བོད་པ་ལ་མང་པོ་འདུག ངའི་གྲོགས་པོ་འགའ་ཤས་ཀྱིས་བཤད་ཀྱི་འདུག བླ་མ་འགའ་ཤས་ཀྱིས་ཕྱི་རྒྱལ་དེ་འདྲ་ལ་དབང་བསྐུར་བའི་སྐབས་ཁྱོད་རང་མཉམ་དུ་ དབང་ཞུ་དགོས་པ་རེད་དེ་མ་བྱས་ན་ང་ལ་དད་པ་འཇོག་གི་མ་རེད་ལབ་ནས་ཞུ་མཁན་དེ་འདྲ་ ཡོད་པ་རེད་འདུག དེའི་རིགས་དེའི་གསང་སྔགས་ཀྱི་ཆོ་ག་ཕྱིན་ཅི་ལོག་ཏུ་བེད་སྤྱོད་པ་རེད། དོན་ལ་ཕྱི་རོལ་པ་ཡིན་ནའང་བྱ་བ་དང་སྤྱོད་པའི་ཆ་ནས་གང་དུའང་ངོས་མི་ཟིན་པ་མང་ པོ་ཞིག་བྱུང་བ་རེད། དེ་དག་གི་བེད་སྤྱོད་རྒྱུ་དེ་གསང་སྔགས་ཡིན་དུས་གུང་ཐང་རིན་པོ་ཆེའི་ཞལ་ནས། གསང་སྔགས་དེ་ཡང་ཚེ་འདིས་ནོར་བསྒྲུབ་དང༌། །དབང་སྡུད་སོགས་ལ་བེད་སྤྱད་པ་དེ་ནོར་བ་རེད་གསུངས་ནས་སྐད་ཤོར་བ་རེད། རིམ་གཉིས་ཀྱི་རྣམ་བཞག་སོགས་ལ་གོ་བ་མ་ཆགས་པ་ཞིག་གིས་གསང་སྔགས་ཀྱི་ཆོ་ག་ སྐྱོར་འདུག་པ་དེ་གསང་སྔགས་བོན་དུ་གྱེར་ཞེས་པ་དེ་རེད།
དེ་ལས་སྐྱབས་འགྲོ་རྣལ་མ་ཞིག་རྒྱུད་ལ་སྐྱེ་ཐབས་ལ་འབད་ན་ཚེ་འདིར་ལས་ངན་གྱི་ སྒྲིབ་པ་འདག་ཞིང་ཕྱི་མ་མངོན་མཐོ་ངེས་ལེགས་ཀྱི་ས་བོན་མ་ནོར་བ་ཞིག་འཇོག་པ་ལ་ ཐེ་ཚོམ་མི་དགོས་པ་རེད། སྐྱབས་སུ་འགྲོ་བ་ལ་དང་པོ་ཆོས་དཀོན་མཆོག་དངོས་འགོག་པའི་བདེན་པ་དེ་ཤེས་པ་ཞིག་ བྱ་དགོས་པ་རེད། འགོག་བདེན་ཞེས་པ་ནི་ཉོན་མོང་པ་དང་ཤེས་བྱའི་སྒྲིབ་པ་སྤང་བའི་བྲལ་བ་ཡིན་པས་ དང་པོ་ཉོན་མོངས་ཤེས་དགོས་པ་རེད། ཉོན་མོངས་ཤེས་པ་ལ་ཤེས་པ་གསལ་རིག་ལ་གོ་བ་ཞིག་ཆག་དགོས་རེད། ཤེས་པ་གསལ་རིག་མི་ཤེས་མཁན་རྫོགས་ཆེན་ཤེས་ལབ་མཁན་མང་པོ་ཡོད་པ་རེད། དེ་ཚོ་ངོ་མཚར་ཆེན་པོ་རེད་ཤེས་པ་ཟེར་རྒྱུ་ཅིག་ར་མ་འཕྲོད་པ་ལ་གསེར་མཐོང་མྱོང་ མེད་གསེར་ཞྭ་གྱོན་པ་ཡིན་ཞེས་པ་ལྟ་བུ་རེད། འདོད་ཆགས་འདྲ་བོ་ལ་ཆ་བཞག་ན་ཁོ་རང་ཡུལ་གང་ལ་དམིགས་དགོས་པ། དེ་མ་ཐག་རྐྱེན་དང༌། བདག་རྐྱེན་གང་ཡིན་པ་སོགས་གསལ་པོ་ཤེས་དགོས་པ་རེད། དེ་བཞིན་ཉོན་མོངས་གཞན་པ་ལ་རིགས་འདྲེ་དགོས་པ་རེད།
དེ་ནས་དེ་དང་རྣམ་པ་འགལ་བའི་ལམ་སྒོམ་རྒྱུ་ཡོད་དང་མེད་རྩད་གཅོད་ནས་དེ་དང་ འགལ་བའི་གཉེན་པོ་ཡོད་པ་ཤེས་དུས་ཐར་ལམ་གྱི་ཕྱོགས་སུ་བློ་ཁ་ཕྱོགས་པ་རེད། དེ་ནས་ཐར་ལམ་ཡོད་པ་ཤེས་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ་བ་ཞིག་གིས་འབད་པ་བྱས་ ན་རླབས་ཆེ་བའི་དོན་ཞིག་ཡིན་པ་རེད། དེ་ཙམ་ཡོང་བ་ལ་ཚད་གཞི་མཐོ་བའི་ཐོས་པ་བྱ་དགོས་པ་རེད། ཐོས་པ་མ་བྱས་ན་གཞི་ནས་ཡོང་རྒྱུ་མེད་པ་ཞིག་རེད། ཐོས་པ་བྱ་བའི་དུས་སུ་ཐོས་པའི་སློབ་མཁན་ཚད་ལ་ལོང་པ་ཞིག་གི་མདུན་ནས་རྒྱ་ཆེ་ལ་ རྒྱུན་རིང་བ་ཞིག་དགོས་པ་རེད། སྔོན་གྱི་གྲུབ་ཆེན་དུ་གྲགས་པ་ཕལ་མོ་ཆེ་དང་པོ་རྒྱ་ཆེ་བའི་གཞུང་དོན་ལ་ཐོས་པ་ རྣལ་མ་བགྱིས་ཤིང་དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་ཚད་ དང་ལྡན་པ་མནོས་ཤིང་མི་གྲལ་ནས་བུད་ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ་ཞེས་པ་ལྟར་དམན་པའི་སྤྱོད་པ་དང་དུ་བླངས་ནས་དཀའ་བ་དཔག་ཏུ་མེད་པ་ སྤྱད་ནས་སྒོམ་པས་ཉམས་སུ་བླངས་པ་ལས། སྐྱིད་པོ་དང་རྒྱག་པའི་སྒོ་ནས་གྲུབ་པའྀ་གོ་འཕང་མཐོན་པོ་ལ་གཤེགས་པའི་བྱ་བ་དང་ མཛད་པ་ཞིག་མེད་པ་ལོ་རྒྱུས་ལ་བལྟས་ན་ཧ་གོ་རྒྱུ་ཡོད་པ་འདི་རེད།
དེང་སང་འགའ་ཤས་ཀྱི་ཆོས་ལ་དགག་པ་བརྒྱབ་འདུག་ཟེར་ནས་ཧ་ལས་ལས་བཟོ་གི་ཡོད་པའི་ བཟོ་འདྲ་བོ་འདུག་ཀྱང་དེ་ལ་དེ་ཙམ་གྱི་ཧ་ལས་དགོས་པའི་རྒྱུ་མཚན་གང་ཡང་མཐོང་མ་ སོང༌། ང་རང་ཚོ་ཆོས་ཁས་ལེན་པའི་རྣམ་འགྱུར་སྟོན་ནས་ཆོས་ཀྱི་ཚོང་ཟུང་བཟོ་བའི་ལུགས་ སྲོལ་ངན་པ་འདི་ལ་བསམ་བློ་ཞིག་བཏང་ན་དོན་མེད་ཀྱི་བྱ་བས་ལས་ངན་བསགས་པའི་རྒྱུ་ དོན་མེད་པར་བསགས་པ་ཡིན་པས་དེ་ཧ་མ་གོ་བའི་རྒྱུ་མཚན་ཡིན་ནམ་གོ་བཞིན་དུ་ཁྱད་ དུ་གསོད་པ་འདི་ཧང་སང་དགོས་པ་ཞིག་རེད། ང་ཚོ་བོད་པའི་བླ་མ་དང་སྤྲུལ་སྐུའི་མིད་ཡོད་པ་ཞིག་ལ་ཆ་མཚོན་ཞིབ་ཏུ་བསམ་བློ་ བཏང་ན་སྐྱབས་གནས་དཀོན་མཆོག་གསུམ་ངོ་མི་ཤེས་པར་དབང་བསྐུར་པའི་ཧམ་པ་རི་རབ་ཙམ་ ཁུར་ནས་བུམ་པ་ལ་འཇུ་ཐུབ་པ་ཚམ་གྱིས་ཞེ་བོ་ཞིག་ཡིན་བསམ་པ་འདི་དོན་ངོ་མ་ལ་བསམ་ བློ་བཏང་ན་བཤད་མི་ཤེས་པ་རེད། སྐུ་ཚེ་སྔ་མའི་ཌཱ་མ་རུ་དང་དྲིལ་བུ་སོགས་ཅ་ལག་རྩར་ཆེན་པོའི་རིགས་གང་ག་ངོ་ ཤེས་པར་བཤད་དང༌། སྔ་མ་ཤེས་པའི་ཡི་གེ་ཀློག་རྒྱུ་ཙམ་ཡང་དྲན་པ་བརྗེད་ནས་མི་ཤེས་པ་འདི་མོ་སྟོན་ ཕག་མགོའི་བྱུང་བ་ལྟ་བུ་ལས་ཧ་ལས་དགོས་པའི་དོན་གང་ཡང་མེད་པ་རེད།
མངོན་ཤེས་དང་གྲུབ་རྟགས་ཡོད་ན་ཡི་གེ་ཙམ་མི་ཤེས་པའི་རྒྱུ་མཚན་གང་ཡང་མེད་ཀྱང་ ཡི་གེ་དང་པོ་ནས་ཤེས་པའི་དེང་དུས་སྤྲུལ་སྐུ་གཅིག་ཀྱང་མེད་པ་རེད། འདི་ཡིས་ག་རེ་སྟོན་གྱི་ཡོད་པ་རེད་ཅེས་བཤད་ན་དགོས་པའི་རྣམ་མཁྱེན་གྱི་རྒྱུ་ སྒྲུབ་པའི་ཆ་ལག་ཡག་ཤོས་དེ་མི་ཤེས་པར་མི་དགོས་པར་མངོན་ཞེན་སྐྱེ་བའི་ཅ་ལག་གི་ རིགས་ངོས་འཛིན་པ་འདི་བསམ་ཤེས་གཡམ་རྒྱུགས་མི་བྱེད་མཁན་ཞིག་གིས་བལྟས་ན་གད་མོ་ ཤོར་བའི་གནས་སུ་མཐོང་བཞིན་པ་འདི་རེད།
ད་མ་འོངས་པར་ང་ཚོའི་ག་རེ་དགོས་པ་རེད་ཞེ་ན་སྤྲུལ་སྐུའི་ལམ་སྲོལ་འདིའི་ བསྟན་ལ་གནོད་པ་ཆེ་ཤོས་སུ་མཐོང་བས་འགན་ཡོད་པའྀ་གང་ཟག་རྣམས་ཀྱིས་བྱ་སྤྱོད་ འདིའི་རིགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་མི་འཛིན་པར་ཆོས་ལུགས་རང་ལ་གཙིགས་མཐོང་ གནང་མཁན་ཞིག་ཡིན་ན་བསྟན་རྩ་འདུལ་བའི་ལུགས་སྲོལ་དེ་གཞིར་གཞག་པའི་ཐོག་ནས་ བསྟན་པ་ལ་ཕན་པ་ཞིག་མཛད་ན་གལ་ཆེན་པོ་ཡིན་པ་རེད་ཅེས་མ་བསྒྲོས་བསམ་པ་གཅིག་ མཐུན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ལྟ་བུ་ལ་མཚོན་ན་ང་ཡི་བསྟན་པ་ལ་རིགས་ མི་གཙོ་རུས་མི་གཙོ་ལམ་བསླབ་པའི་བསླབ་པ་གསུམ་སུས་རྒྱུད་ལ་ཡོད་ན་དེ་གཙོ་ཆེ་ བའི་བསླབ་བྱ་ཡང་ཡང་གནང་བ་ང་ཚོའི་ངག་ལ་སྐྱོར་རྒྱུ་ཡོད་པ་རེད་དེ་ལག་ལེན་ལ་རྩ་ བ་ནས་མི་འདེབས་པ་འདི་འདི་ལྟར་འཇོག་ཐབས་མེད་པ་རེད། རིགས་གནས་གསར་བརྗེ་ཞིག་བཟོ་དགོས་ན་འདིའི་རིགས་ལ་བཟོ་དགོས་པ་གསལ་པོ་རེད།
འདི་དག་ལ་བསམ་བློ་བཏང་ན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་དེ་དོན་སྙིང་དང་ ལྡན་པ་ཆག་ཡོད་པ་རེད། གང་ཡིན་ཞེ་ན་དེའི་རིགས་དེ་མི་ཡིས་ལམ་སེང་གདོང་ལེན་མ་ཐུབ་པ་ལྟ་བུ་ཆག་ཡོད་ ཀྱང་དོམ་ངོ་མའི་ཐོག་ཛ་དྲག་གིས་གཞན་དོན་ཁུར་དུ་ཁྱེར་ནས་བྱས་པ་དོན་ཡོད་པ་ཞིག་ བྱས་འདུག དེ་ལྟ་བུ་བཤད་ཀྱང་དེང་དུས་རྒྱུ་མཚན་ལ་བསམ་བློ་མི་གཏོང་མཁན་མཁྲེགས་འཛིན་ཅན་ རྣམས་ཀྱི་རྣ་བར་འགྲོ་ཤིན་ཏུ་ནས་དཀའ་བ་ཞིག་ཡིན་པ་གསལ་པོ་ང་རང་གིས་མཐོང་བ་ གྲངས་མེད་པ་ཡིན་པས་ངས་གང་ལ་གང་འཚམ་གདོང་ལེན་བྱེད་མྱོང་ཡོད། དོན་དེ་ལྟ་བུ་རེད།
མི་ཐོག་གཅིག་ལ་སྡུག་བསྔལ་མྱོང་བ་དེའི་མི་རབས་ཕྱི་མ་མང་པོ་ཞིག་ལ་ཕན་ཐོག་ ཆེན་པོ་བྱུང་ཡོད་པ་རེད། དེ་མ་ཡིན་པར་སྔ་མོ་ནང་བཞིན་བསྡད་བསྡད་ན་ད་ལྟ་ཡང་འགྱུར་བ་གང་ཡང་མ་སོང་བར་ སྡུག་རྩུབ་དང་བཙན་ཤེད་གནས་བསྡད་ཡོད་པ་རེད། བོད་ཀྱི་མི་རིགས་འདི་ང་རྒྱལ་དང་ཁེངས་དྲེགས་ཆེ་བའི་ཐོག་རང་ཁེ་གཞན་ཕམ་གྱི་ བསམ་བློ་ཤུགས་ཆེན་པོ་ཡོད་པ་ཞིག་ཡིན་དུས་སྐུ་དྲག་ལམ་ལུགས་དེ་མི་རབས་འགའ་ཤས་ ནང་ལ་འགྱུར་བ་འགྲོ་ཆོག་ཆོག་ཞིག་མེད་པ་གསལ་པོ་རེད། བཙན་བྱོལ་དུ་ཡོང་དགོས་ཐུག་ནས་མི་ལོ་ལྔ་བཅུའི་རིང་ལ་སྡོད་པའི་སྐབས་འདིར་སྐུ་ དྲག་ལམ་ལུགས་དེ་བརྟན་རྗིད་ལྷུན་ཆག་ནས་གནས་ཡོད་པ་གསལ་པོ་རེད། སྐུ་དྲག་གི་རྒྱུད་པ་འཛིན་མཁན་ཚོ་ཕྱི་ཡི་རྒྱལ་ཁབ་ག་ས་ག་བ་རྐང་པ་བཙུགས་ནས་ བསྡད་བསྡད་པའི་སྒང་ལ་མང་ཚོགས་དཀྱུས་མ་ཚོ་རང་ཁ་རང་གསོ་མི་ཐུབ་པའི་དཀའ་ངལ་ འཕྲད་བཞིན་གནས་ཡོད་པ་འདི་གསལ་པོ་རེད།
སྟབས་ལེགས་པ་ཞིག་ལ་སྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་རྒྱུ་དེ་འགྲིགས་ཙམ་ བྱུང་བའི་རྒྱུ་མཚན་གྱིས་ད་ལྟ་མངས་གཙོ་ཞེས་ཁ་གཡང་ཙམ་འབོད་རྒྱུ་འདི་བྱུང་བ་ གསལ་པོ་རེད། ཀྲུང་གོའི་གསར་བརྗེའི་སྐབས་མེ་སྟག་ཆུང་ཆུང་གིས་སྤངས་ལྗོངས་བསྲེགས་ཞེས་བཤད་ པ་བཞིན་རིག་གནས་གསར་བརྗེ་ཞི་བའི་སྒོ་ནས་སྲོལ་འཛིན་མཁན་སྐྱབས་མགོན་རིན་པོ་ ཆེའི་ང་ཚོ་གངས་ཅན་ལྗོངས་ཙམ་མ་ཡིན་པའི་འཛམ་བུ་གླིང་འདིར་ཞི་བདེའི་ས་བོན་མི་ དམན་ཙམ་འཇོག་རྒྱུ་བྱུང་བ་རེད། དེའི་བྱིན་མཐུའི་མང་ཚོགས་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་གསལ་པོ་རེད། ཡང་སྐབས་རེ་མང་ཚོགས་ནང་ནས་ཡར་དོན་པའི་མི་འགའ་ཤས་ཀྱིས་ཝ་སྐྱེས་དཔོན་དུ་ བསྐོས་པ་ནང་བཞིན་བཟོ་གི་ཡོད་པ་རེད། དེ་འདྲ་བོ་ལ་དགོངས་ནས་བདག་ཉིད་ཆེན་པོ་ཞི་བ་ལྷས། མ་རབས་རྣམས་ནི་མཐོ་ཐོབ་ཅིང༌། །ང་རྒྱལ་དག་ཅིང་བཅོམ་པར་ཤོག གསུངས་ནས་ཐུགས་སྨོན་གནང་བ་རེད།
དེང་དུས་བོད་ཀྱི་བླ་སྤྲུལ་དེ་ཚོ་བཀའ་གཏོང་མཁན་འདྲ་བོ་དང་གྲྭ་པ་ཚོ་བཀའ་ གཏོང་ས་འདྲ་བོ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ང་དང་འདྲེས་གཤིབ་ཆེ་བའི་སྤྲུལ་མིང་དང་བླ་མ་འགའ་ཤས་དང་པོ་རབ་ཏུ་ བྱུང་ནས་གྲོང་སྔགས་པ་རྣམས་ལ་ཁ་གཏོང་ཞིང་ཁྱད་དུ་གསོད་པའི་ཐ་སྙད་གང་སྡུག་ སྡུག་རྣམས་བེད་སྤྱོད་གཏོང་རྐྱང་བྱེད། རྗེས་སུ་རང་ཉིད་ཀྱང་དེ་ལས་དམན་པའི་སྤྱོད་པ་ཐ་ཤལ་ལས་ཀྱང་ཐ་ཤལ་དང་པོ་སློབ་ དཔོན་ཁྱད་དུ་གསོད། དེ་ནས་ཕ་མ་སྤུན་མཆེད་ཞེ་ཐང་གཅོད། བུ་མོ་མང་པོ་བླ་མའི་མིང་དེ་བེད་སྤྱོད་ནས་འཕྲོ་བརླགས་ལ་གཏོང༌། མི་ཚེའི་ནང་ལ་མིང་ཆད་དང་འགྲོ་སྟངས་མི་ཤེས་པ་ཡུལ་སྡེས་ཁྲེལ་འདུག་དགོས་པ་ཞིག་ བཟོ། ཐ་ན་ཁོ་རང་གི་རྒྱུད་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་རགས་པ་ཞིག་ཕར་བཞག་ཁྱིམ་ པ་ཡ་རབས་ཞིག་གི་སྤྱོད་པ་མེད་པར་ད་དུང་ཡང་སློབ་དཔོན་རིན་པོ་ཆེའི་རྗེས་འཇུག་ ཡིན་མདོག་སྟོན་པ་འདིའི་སློབ་དཔོན་རིན་པོ་ཆེ་ལ་ལོག་སྒྲུབ་དེ་ལས་ཆེ་བ་མེད་པ་ རེད། སློབ་དཔོན་རིན་པོ་ཆེའི་བཀའ་དང་འགལ་བ་རེད། ནམ་ཉིན་མཚན་ལ་བུ་མོ་དང་དཔེ་ཤག་མིང་གྲགས་གསུམ་དེ་མ་གཏོགས་དྲན་རྒྱུ་མེད་པ་ འདྲ་བོ་བྱས་ནས་རྒྱལ་ཁམས་ཉུལ། ཉི་མ་གཅིག་ལ་ཆོས་ངོ་མ་གི་བསམ་བློ་སེམས་གཏིང་ལ་མི་ཡོང་བ་འདི་ཚོ་གུ་རུ་རིན་ པོ་ཆེས་ང་ཡི་གསང་སྔགས་འདི་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་བག་པོ་ཁ་འབྱམ་ བདུད་ཀྱི་བསྟན་པ་ཡིན། ཞེས་བཀའ་བཏགས་ཕྱག་རྒྱས་བཏབ་པ་འདི་ལས་འདའ་ས་མེད་པ་རེད།
ང་ཚོའི་མཐོང་ཆོས་ལ་ཡོད་པའི་སྡིག་ལྟ་ཅན་དགེ་སྡིག་མེད་པ་བཤད་མཁན་ཡོད་ཡོད་པ་ རེད། ཆང་འཐུང་ཤིང་བུད་མེད་གཅིག་ཉར་བ་ཙམ་གྱིས་མི་ཕན་པར་མི་ཚེ་ལ་བུད་མེད་ཀྱི་དོན་ དུ་རྙོགས་འཛིངས་རྒྱུན་མ་ཆད་པ་ཉམས་སུ་ལེན་པའི་བླ་མ་སྤྲུལ་སྐུ་སྔགས་པའི་མིང་ ཁུར་ནས་མིག་ནམ་མཁའ་ལ་བསྐོར་ནས་ཕྱག་དབང་ཟེར་འུད་པོ་ཆེ་དེ་དང་བཀའ་བསྒོ་ཟེར་ བའི་བགེགས་དང་བར་ཆད་ཐམས་ཅད་ཕྱོགས་མཚམས་ཐམས་ཅད་ལ་གནས་མི་བཅུག་པའི་བྱིན་ བརླབས་མཛད་པའི་ཕོད་པ་ཅན་རང་ཉིད་ཀྱི་རྒྱུད་ཚོད་གང་དུ་ཡོད་རང་ལ་རྒྱུས་ཡོད་ བྱས་ནས་བློ་ནང་དུ་བཀུག་ནས་བསམ་བློ་གཏོང་མྱོང་མེད་པའི་གད་མོ་སློང་མཁན་དེ་ཚོ་ ལ་བལྟས་ན་ཤེས་རྒྱུ་ཡོད་པ་འདི་རེད། འདི་ཚོ་གུ་རིན་པོ་ཆེ་ལ་དད་མཁན་ཞིག་ཡིན་ན་གུ་རུ་རིན་པོ་ཆེ་ལ་བསྐུར་འདེབས་དང་ ལོག་ལྟའི་རྒྱུ་འདི་མ་བསྒྲུབ་ན་རང་དྲིན་རང་ལ་ཆེ་བ་ཡིན་ཀྱང་འཇིག་རྟེན་འདིར་ སྙན་གྲགས་ཀྱི་དོན་དུ་ཡིན་ནམ་ལྟོ་གོས་ཀྱི་དོན་གང་ཞིག་ཡིན་པའི་རྒྱུ་མཚན་གྱིས་ སྤངས་མི་ཐུབ་པ་གསལ་པོ་ཞེ་བོ་ཆགས་པ་རེད་འདུག
ངས་འདིའི་སྐོར་ལ་ག་དུས་ཡིན་དགག་པ་རྒྱག་རྐྱང་བཟོ་བའི་གོམ་གཤིས་ཞིག་ཆགས་ ནས་ཡོད་དུས། ངའི་སྤུན་མཆེད་ཕ་ཡུལ་དུ་བླ་རྒན་གྲོང་ཆོག་ལ་མི་ཚེ་སྐྱེལ་མཁན་ཞིག་ཡོད་ཁོང་ གིས་ང་ལ་ཨ་ཕོ་ད་ཞེ་དྲག་མ་བཤད་ཁྱོད་རང་ལ་ཁ་འདི་ཡོད་རེད་ད་ཟེར་ནས་ང་ལ་སེམས་ གཏིང་གིས་སྐད་ཆ་བཤད་ནས་བསླབ་བྱ་བརྒྱབ་བྱུང༌། གནས་ཚུལ་དེ་འདྲ་བོ་རེད། དེ་ཚོ་ལ་མཐའ་གཅིག་ཏུ་སྡོམ་ཞིག་རྒྱག་དགོས་ན་ཁག་པོ་ཡིན་གྱི་རེད། འོན་ཀྱང་ཟུར་བལྟས་ལེབ་མཐོང་འདྲ་བོ་རེད། བོད་དུ་དར་བའི་གསང་སྔགས་འདི་ནང་པའི་ཆོས་ཞིག་ཡིན་མིན་དུ་དོགས་པ་མི་དགོས་ཀྱང་ ཆོས་བྱེད་མཁན་གྱི་གང་ཟག་རྣམས་ཀྱི་བྱེད་པ་དེ་ནི་ངོ་ཐོག་ཏུ་བལྟས་ན་བླ་མའི་ ཆོས་ལུགས་ཟེར་ནས་མིང་ཆད་ངན་པ་ཞིག་ཆག་པ་འདི་ཁག་མེད་པ་ཞིག་ཆགས་པ་རེད། བླ་མས་ཆོས་ཤེས་དང་མི་ཤེས་ཞིབ་འཇུག་རྒྱག་མཁན་སུ་གཅིག་མེད་པ་རེད།
བླ་མ་ཟེར་བའི་མིང་ཞིག་ཐོག་པ་ནས་བཟུང་ཁོ་རང་ཡང་ཡིན་སྣང་ཞིག་ཤར་ནས་ཁྲི་ཐོག་ ཏུ་འགྱིངས་ཤིང་དབང་གི་བུམ་པ་དེ་མགོ་ཐོག་ཏུ་འཇོག་ཤེས་ན་ཚད་ལས་བརྒལ་བ་ཞིག་ཏུ་ རློམ་ནས་ཡོད་པ་རེད། དང་པོ་ནས་དགེ་རྒན་རྣམས་ཀྱི་ཡི་གེ་མ་ཤེས་གོང་ནས་བུམ་པ་མགོ་ལ་འཇོག་སྟངས་སློབ་ པ་རེད། སྐབས་རེ་ཁོས་སློབ་པ་ནང་བཞིན་མི་ཤེས་ནས་འཇོག་སའི་གནས་ནོར་ཡང་ནོར་སོང་ཅེས་ བཤད་ཐུབ་ལ་མྀ་ཐུབ་པ་ཞིག་བྱེད་ནས་མཛད་པ་རེད་མདོག་མདོག་བཟོ་ཡི་ཡོད་པ་རེད། ཁོ་རང་གི་ངོས་ནས་གསང་སྔགས་ཀྱི་ཆོ་གའི་གོ་རིམ་མི་ཤེས་ཀྱང་མི་ཤེས་པའི་སྐྱོན་ དེ་གལ་ཆེན་པོ་ཞིག་ཏུ་མི་བརྩི་བར་མིག་བཙུམ་ནས་སྡོད་པ་རེད། ལྷ་བསྐྱེད་ཚུལ་དང༌། ལྷ་ཡི་སྐུ་མདོག་ཕྱག་མཚན་སོགས་ཤེས་རྒྱུ་ཕར་བཞག དེ་དག་གི་དྲང་མོ་བཤད་ན་སྐྱབས་འགྲོ་སེམས་བསྐྱེད་རྗེས་མཐུན་པ་ཙམ་རེ་ཨི་ཤེས་ མི་བྱེད་པར་དབང་གི་ཡོན་དང་འཁོར་སློབ་མ་རེ་ག་ཚད་ཡོང་ན་བསམ་ན་བསྡད་ཡོད་པ་རེད།
དེ་ལྟར་བྱུང་བའི་སྐབས་སུ་དཔལ་འབྱོར་དེ་དགྲ་འདུལ་གཉེན་སྐྱོང་བྱེད་པའི་མ་ རྩ་ཞིག་བཙུགས་ནས་དོན་མེད་མི་དང་མི་ཡི་བར་དུ་ཟློས་གར་རིང་མོ་ཞིག་འཁྲབ་ནས་མི་ རབས་ཚ་རྒྱུད་བར་དུ་རྒྱུན་མ་ཆད་པ་ཞིག་གི་ལམ་དུ་འགྲོ་བ་འདི་ང་ཚོའི་མཐོང་ཆོས་ མྱོང་གྱུར་དུ་ཡོད་པ་འདི་གསལ་པོ་ཡིན་པས་མང་ཚོགས་རྣམས་ཀྱི་ཇི་བཞིན་མི་ཤེས་པ་ འདི་ཡ་ང་དགོས་པ་ཞིག་རེད། ང་གི་ངོ་ཤེས་པ་བླ་མའི་མིང་ཡོད་པའི་ཁྲོད་དུ་ངོ་མཚར་བ་དེ་འདྲ་ཡོད་པ་རེད། བོད་དུ་བྱུང་བའི་ང་གི་གོ་མྱོང་ཡོད་པའི་བླ་སྤྲུལ་མང་པོ་ཞིག་ལ་ཞིབ་འཇུག་བྱས་ ན་རང་གི་བཞེངས་པའི་དགོན་པ་ཆུང་ཆུང་ཞིག་བརྩེགས་ནས་དེ་ཧ་ལས་པའི་གལ་ཆེན་དང་ དོན་ཆེན་ཡིན་པ་བཤད་ནས་སངས་རྒྱས་ཀྱི་བསྟན་པ་བཞེངས་རབས་ཀྱི་ལོ་རྒྱུས་མང་པོ་ བཤད། དེར་ཡོང་བ་དང་མཇལ་བ་སོགས་བྱུང་ན་སྐལ་པ་བཟང་རབས་བཤད་པས་མི་མང་པོ་ཞིག་མགོ་ སྐོར་ཐེབས་ནས་དེ་དེ་བཞིན་ནོ་ཞེས་པ་ལྟར་གྱུར་ནས་ལམ་དང་ལུགས་སྲོལ་དེ་དེད་ རྐྱང་བྱེད་པའི་ངང་ཚུལ་འདི་ནི་ཆེས་མུན་ནག་དང༌། ཆེས་ཀླ་ཀློ་ཞེས་པའི་སྐད་ཆ་དེའི་ས་བོན་འདྲ་བོ་ཞིག་ཏུ་གྱུར་ནས་ཡོད་པ་ཧ་གོ་ན་ ཡག་པོ་ཡོད་ཀྱང་དེ་ཇི་བཞིན་མི་ཤེས་པ་འདི་དཀའ་ངལ་ཆེ་ཤོས་དང་ཤོལ་རྡོ་ཆེ་ཤོས་ དེ་ཡིན། དབང་གི་དོན་དེ་དོན་ངོ་མའི་ཐོག་ནས་བསམ་བློ་ཞིག་བཏང་ན་ང་ཚོ་ལ་དཀའ་ངལ་དེ་དག་ གི་རིགས་ལ་གདོང་ལེན་ཇི་བཞིན་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཡོད་པ་གསལ་པོ་རེད།གང་ ཡི་ཞེ་ན།སྤྱིར་གསང་སྔགས་དེ་དག་ལས་དགོས་སུ་བོད་དུ་དར་བའི་གསང་སྔགས་འདི་མི་ ཞིག་གིས་མི་ལ་མཐོང་ཆུང་རྒྱག་པའི་ལག་ཆ་འདྲ་བོ་ཞིག་ཏུ་བེད་སྤྱོད་བཏང་བ་རེད།
དབང་གི་དོན་དེ་བུམ་པ་མགོ་ཐོག་ཏུ།།
འཇོག་པ་ཙམ་ལ་ངོས་འཛིན་བྱེད་པ་ཡི།།
གསང་སྔགས་བོན་དུ་གྱེར་བའི་ངང་ཚུལ་འདིས།།
ཡིད་ཚིམ་སྐྱེ་བའི་སྐྱོ་གར་བསམ་མི་ནུས།།
གྲོང་ཆོག་པ་ཡིས་གཏོ་དང་གཏོར་མ་སོགས།།
དམིགས་ཡུལ་དགྲ་དང་བགེགས་ལ་དམིགས་དམིགས་ནས།།
མགོ་མཇུག་བསྒྱུར་ཏེ་འཕེན་པའི་བྱ་བ་འདི།།
བྱིས་པས་རྩེས་པའི་གད་མོ་ཤོར་བའི་རྒྱུ།།
རང་རྒྱུད་ཤིང་ལྟར་གྱོང་པའི་ངང་ཚུལ་འདི།།
རང་གི་རང་ལ་ཞུ་དག་མི་བྱེད་པར།།
མཐུ་དང་མནན་པ་ཟོར་དང་སྲེག་པ་སོགས།།
རང་དོན་ཁོ་ནས་བརྩམས་པའི་སྔགས་མིང་རྣམས།།
ཡང་ཡང་བསམ་ན་སྙིང་རྗེ་བསྐུལ་བའི་རྒྱུ།།
དོན་མེད་ཁ་ལྟོ་ཙམ་གྱིས་རང་དོན་དུ།།
ཉིན་མཚན་དཀོར་ལ་སྤྱོད་ནས་མི་ཡི་ནོར།།
གཡོ་རྒྱུའི་རྟེན་བཞེངས་ཟོང་དུ་ལེན་པ་དང༌།།
བུ་ཚ་བུ་མོ་སྐྱོང་བའི་ལྷ་ཁང་མཚར།།
ད་དུང་ངོ་མཚར་ཆེ་བའི་གནས་ཤིག་ཏུ།།
རང་གིས་དམ་ཚིག་སྡོམ་པ་སྣ་གཅིག་ཀྱང༌།།
སྲུང་མི་ནུས་ཤིང་མི་ལ་སློབ་སྟོན་མཁན།།
གདོང་ལྤགས་ལྕགས་ལས་གྲུབ་པའི་བླ་མིང་མང༌།།
མགོ་མེད་ཉམས་ཐག་སྐྱེ་འགྲོའི་སྡུག་བསྔལ་ལ།།
སྙིང་ནས་བརྩེ་བ་ལན་གཅིག་མི་སྐྱེ་ཤིང༌།།
སྙིང་རྗེ་ཁ་ནས་བཤད་པའི་ཁྲམ་པའི་བུ།།
དབང་བསྐུར་ཆོས་བཤད་བྱེད་པའི་ཁྲི་ལ་འགྱིངས།།
ཉམས་ཆུང་མི་ཡི་མགོ་བོར་རྐང་པ་རྐྱོངས།།
འགྱིངས་ཉམ་དྲེགས་པས་བསྒྱིངས་པའི་ཆོ་རིགས་སྲུང༌།།
ཕ་མ་བླ་མའི་བུ་ཕྲུག་བླ་མ་ཡིས།།
བྲམ་ཟེ་བཞིན་དུ་ཆོ་རིགས་བསྲུང་བ་འདི།།
བསམ་ཞིང་དཔྱད་ན་ཡི་ཆད་སྐྱེ་བའི་རྒྱུ།།
ཤཱཀྱ་ཐུབ་པའི་བསྟན་ལ་གནོད་པ་ཡི།།
སྨྱོན་པའི་རིགས་ཅན་རྡོ་རྗེ་འཆང་སྤྲུལ་མིང༌།།
གཅིག་རྒྱབ་གཅིག་གིས་སྐྱོངས་བའི་ངང་ཚུལ་འདི།།
ལུང་དང་རིགས་པའི་ལམ་ནས་སྐལ་པ་ཕྲ།།
ཐོས་བསམ་ཕྲན་ཙམ་བྱས་པའི་ངོ་སོ་ཁུར།།
དོན་མེད་མི་ཚེ་དཀོར་ལ་སྤྱོད་པ་ཡིས།།
ངན་འབྲས་ཚེ་འདིར་སྨིན་པའི་སྡིག་ལྟོ་ཅན།།
སྟོང་ཁམས་ཧོབ་ཀྱིས་ཟོས་ཀྱང་ཚིམ་པ་དཀའ།།
གོ་བོས་སྐྱེ་འགྲོ་མ་ལུས་ཤི་གྱུར་ནས།།
རུས་པའི་ཚོགས་རྣམས་བདག་གི་བཟའ་བྱ་རུ།།
སྒོམ་པའི་བློ་ངན་རྒྱུན་མི་འཆད་པ་རུ།།
སྐྱེས་པའི་དབང་གི་གོ་ལྟོག་སེམས་ཞེས་གྲགས།།
དེ་བཞིན་དེང་དུས་སྐྱེ་སྤྲུལ་མིང་འཛིན་རྣམས།།
སྐྱེ་བ་ཕྱི་མ་ཡོད་པའི་དབང་སོང་ན།།
ཐུར་ནས་ཐུར་དུ་འགྲོ་བའི་ལམ་རིང་ལས།།
གདམས་ཀ་གཞན་མེད་པར་ནི་མཐོང་བར་འགྱུར།།
དོན་མེད་སྟོང་འདིང་བཏིང་བའི་བྱེད་པོ་རྣམས།།
འཇིག་རྟེན་ཁམས་འདིར་ཇི་སྲིད་གནས་ཀྱི་བར།།
བསྟན་པའི་སྙིང་པོ་འཕེལ་བའི་ཐབས་མེད་པ།།
མི་ཚེ་སྙིང་པོ་ལོན་པའི་སྐལ་པ་ཕྲ།།
བོད་དུ་བྱུང་བའི་ལམ་སྲོལ་འདིར་་ཡི་མི་རང་བའི་རང་གི་གྲོགས་པོ་ཞིག་གིས་ བསྐུལ་མ་ལན་མང་གནང་བ་དང། དོན་དག་ངོ་མའི་ཐོག་བསམ་བློ་བཏང་ན་དོན་མེད་ཞིག་རེད་མི་བསམ་མཁན་གྱི་ཤེས་ལྡན་ སུ་ཡང་མེད་པས། དེ་དག་ཡིག་ཐོག་འབེབ་ཐུབ་མིན་ཅི་རིགས་བྱུང་བས་རང་གཤག་རྒོལ་ངན་ཚར་གཅོད་པའི་ ལྡིང་ཁང་དུ་༡༩༩༨། ༨ །༨། ལ་བྲིས་པ་ཞིག་ལ་སྣོན་ཕྲི་ཅུང་ཙམ་བྱས་ཏེ་ཆོས་ཀྱི་ཉི་མས་བྲིས་ནས་ཕུལ་བའོ།།

0 comments:

ཟིན་བྲིས་འཚོལ་ཡུལ