དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 10 December 2013

ཆོས་བརྒྱུད་ཀྱི་མིང་ཁུར་པའི་སྐྱབས་རྗེ་ཚོ་ལ་སློབ་གཉེར་དགོས་པའི་གཞེན་བསྐུལ།


ཆོས་ཀྱི་ཉི་མ།
ཞི་བའི་སྨན་ལྗོངས་རྐང་འཐུང་འཁྲིགས་པའི་ཡུལ།།
འཇོལ་མོའི་གསུང་སྙན་སྒྲོག་པའི་བས་མཐའ་རུ།།
རྩྭ་དང་ལྡུམ་བུའི་འཚོ་བར་ལོངས་སྤྱོད་པའི།།
དྲང་སྲོང་རྣམས་ལ་གུས་པས་ཕྱག་འཚལ་ལོ།།
དོན་མེད་མི་ཡི་ཚེ་ནི་སྐད་ཅིག་ལ།།
འཆི་བའི་འཕྲང་ལ་རྒྱུགས་པའི་ངང་ཚུལ་འདི།།
ཡང་ཡང་བསམ་ན་ཡི་ཆད་སྣོན་མ་ཏེ།།
དོན་ལྡན་བྱ་བ་སྣ་གཅིག་བསྒྲུབ་མ་ནུས།།
འོན་ཀྱང་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི།།
མི་བསྲུན་གདོལ་སྤྱོད་སྡིག་ལ་རྔམས་པ་ཡི།།
ཆོས་བརྒྱད་ཁོ་ནར་མགོ་བོ་མ་འཁོར་པར།།
ཐོས་བསམ་ཕྲན་ཙམ་བགྱིས་པར་ཡི་རང་སྐྱེས།།
ཞེས་མཆོད་པར་བརྗོད་ནས་གང་ཞིག་གླེང་བར་བྱ་བའི་དོན་ནི་བསྟན་པ་ཐམས་ཅད་འགལ་ མེད་དུ་རྟོགས་ཤིང་གསུངས་རབས་མ་ལུས་པ་གདམས་པར་ཤར་བའི་སྐྱེས་བུ་འགའ་ཤས་ཀྱི་ དེ་ལྟ་བུ་བྱུང་བ་བརྗོད་པར་འདོད་པས། སྔོན་གྱི་དུས་སུ་བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་སྐྱེས་ཆེན་གྲངས་མེད་པ་ བྱོན་པ་ཡིན་ནའང་བོན་པོ་དང་འགལ་མེད་རྟོགས་རྒྱུ་མེད་པ་ཞིག་ཡིན་པས་དམར་མཆོད་ སྲོལ་རྒྱུན་དེ་མེད་པར་བྱས་ཤིང༌། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པའི་དོན་དེ་རྒྱ་ཁྱབ་ཏུ་སྤེལ་བས་དཀར་འཇམ་ཞི་བ་ཉག་གཅིག་གི་ལམ་དུ་ བསྐྱོད་རྒྱུའི་ཕུག་རེ་བཅངས་ནའང་དོན་ཐོག་ལག་ལེན་ཇི་མ་ཇི་བཞིན་འགེལ་མ་ཐུབ་པར་ དེང་སང་གི་བར་དུ་སྒོ་ཕྱུགས་དང་རི་དྭགས་གསོད་པའི་སྲོལ་དེ་གསོན་པོ་ལ་གནས་ཡོད།
དེ་ཡི་ཕུག་དེ་ཆོས་ལུགས་ཞིག་ལ་ཐུག་མིན་དེ་ངས་ཁ་ཚོན་གཅོད་ནས་བཤད་མི་ཐུབ་ལ་ བཤད་པའི་དགོས་པ་གང་ཡང་མེད། འོན་ཀྱང་དེ་དུས་བོན་པོའི་ཆོས་ལུགས་དེ་ད་ལྟའི་བོན་པོ་ནང་བཞིན་གྱི་ཕྱི་སོ་ཐར་ གྱི་སྡོམ་པས་སྐུ་བཙུན་ཞིང༌། ནང་བྱང་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་གཏམས་པ་ཞིག་ཡིན་ན་རྒྱ་གར་ནས་ཆོས་ བསྒྱུར་བའི་དགོས་པ་གང་ཡང་མེད་པར་སེམས་པ་ནི་དངོས་བྱུང་ལོ་རྒྱུས་ཀྱི་གཏིང་མ་ མྱུལ་པའི་ཟུར་བལྟས་ཀྱི་མཐོང་ཚུལ་ཙམ་ཞོར་འཕྲོས་སུ་གླེང་བ་ཡིན་པས་དགོངས་འགལ་ མེད་པར་ཞུ།
ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་རབས་མཇུག་བསྒྲིལ་བ་ནས་བཟུང་འགྱུར་ལ་ སྔ་འགྱུར་དང་ཕྱི་འགྱུར་ཞེས་པའི་རྣམ་བཞག་བྱུང་བ་དང་སྔགས་ཁས་ལེན་པའི་སྡེ་ཚན་ འགའ་ཤས་ཀྱིས་མདོ་ཁས་མི་ལེན་པ་དང༌། མདོ་ཁས་ལེན་པའི་སྡེ་ཚན་འགའ་ཤས་ཀྱིས་སྔགས་ཁས་མི་ལེན་པ་དང༌། མདོ་སྔགས་གཉིས་མེ་ཆུ་ལྟར་འགལ་བ་ཁོ་ནར་འཛིན་པའི་སྡེ་ཚན་བྱུང་བའི་ལོ་རྒྱུས་ གསལ་ལ་མི་གསལ་བ་མང་པཽ་བྱུང་བ་དང༌། སྐབས་དེ་ཤེད་དུ་སྔགས་རྙིང་མ་པ་ཞེས་པའི་སྡེ་ཚན་གཅིག གསང་སྔགས་གསར་མ་བ་ཞེས་པའི་སྡེ་ཚན་གཉིས་བྱུང་བ་དང༌། དེ་ནས་ཇོ་བོ་བཀའ་གདམས་པ་ཞེས་པ་དང༌། དཔལ་ལྡན་ས་སྐྱ་པ་ཞེས་པ་དང༌། འགྲོ་མགོན་བཀའ་བརྒྱུད་པ་ཞེས་པ་དང༌། ཞི་བྱེད་པ་དང༌། ཤངས་པ་བཀའ་བརྒྱུད་སོགས་ཕྱག་སྲོལ་ཅུང་ཟད་མི་འདྲ་བའི་རྣམ་བཞག་གི་ཆ་ནས་བཞག་ པའི་ཆོསབརྒྱུད་རྣམས་སྤང་ལ་ཤ་མོང་བརྡོལ་བ་ལྟར་དུ་བྱུང། འདི་རྣམས་ཀྱི་བྱུང་རིམ་དང་གནས་ཚུལ་ལ་བལྟས་ན་རྒྱ་གར་དུ་ཉན་ཐོས་སྡེ་པ་བཅོ་ བརྒྱད་ཀྱི་བྱུང་རིམ་ལྟ་བུ་ཞིག་ཡོད།
གང་ཡིན་ཞེ་ན་རྩ་བའི་ལྟ་གྲུབ་ཀྱི་ཆ་ནས་ནང་པ་གཅིག་པ་ཡིན་ཀྱང༌། ན་བཟའ་དམར་པོ་མཆོད་པའི་ཆ་ནས་གོས་དམར་སྡེ་བ་དང༌། གནས་བརྟན་བགྲེས་པོ་རྣམས་ཕྱོགས་གཅིག་ཏུ་བཞུགས་པས་གནས་བརྟན་སྡེ་པ་སོགས་རིགས་ བསྒྲེ་ན་ཤིན་ཏུ་ནས་མཚུངས་པ་ཡོད། གནས་སྐབས་ཐ་དད་དུ་བྱུང་བའི་བསྟན་པ་རྣམས་རྩོད་པ་ཧ་ཅང་ཆེན་པོ་འཕེལ་ནས་ཕན་ཚུན་ གྱི་བར་དུ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་དམག་འཁྲུག་དང་འཁོན་འཛིན་རྒྱུན་ མ་ཆད་པར་བྱུང་བ་ནི་སྔོན་གྱི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན་སྐྱུགས་བྲོ་བའི་ གནས་ཚུལ་བཤད་མི་ནུས་པ་དེ་འདྲ་མང་པོ་ཡོད། མི་ཞིག་གིས་བླ་མ་ག་གེ་མོའི་གསོལ་འདེབས་ཞིག་བཏོན་ན་ཡང་ཞེན་གོག་རེད་བསམ་མཁན་ དེ་འདྲ་སྔར་ནས་ད་ལྟའི་བར་དུ་བྱུང་བ་རེད། དེ་དག་གི་བརྒྱུད་རིམ་ལ་བསམ་བློ་བཏང་ན་ཆོས་བཤད་མཁན་གྱི་བླ་མ་རྣམས་ཀྱི་བྱེད་ པ་ལ་བརྟེན་ནས་བྱུང་བ་གསལ་པོ་རེད། དུས་དེང་སང་ཡང་༧སྐྱབས་མགོན་རིན་པོ་ཆེའི་ཆོས་ལུགས་ཚང་མ་གནད་འབབ་ས་གཅིག་པ་ ཡིན་པའི་སྒྲུབ་བྱེད་ཇི་ཙམ་བཀོད་ན་དེ་ཙམ་གྱི་གོ་བ་མི་སྐྱེ་བ་འདི་ག་རེ་ཡིན་ན་ བསམ་ནས་བློ་དོགས་རང་བཞིན་གྱིས་ཡོང་བ་རེད།
འོན་ཀྱང་སྔར་གྱི་བླ་མ་རྣམས་ཀྱིས་རང་ལྟ་མཆོག་འཛིན་ཆེ་དྲགས་པ་དང༌། གཞན་གྱི་ཆོས་རྒྱུས་ཆུང་དྲགས་པའི་རང་གི་ནང་ཆ་དེ་གསལ་པོར་བསྟན་ནས་ཡོད་པ་སློབ་ མ་རྣམས་ཀྱིས་ཇི་བཞིན་མ་གོ་ནས་ལམ་དང་ལུགས་སྲོལ་དེད་ནས་སོང་བའི་དབང་གིས་ཞན་ཆ་ འདི་སླེབ་པ་གསལ་པོ་ཡིན་པས་ཐོས་བསམ་ཕྱོགས་སུ་མ་ལྷུང་བ་ཞིག་གིས་བློ་མིག་དག་ པར་བྱས་ནས་ལྟ་དགོས་པ་ཤིན་ཏུ་ནས་གལ་ཆེ་བའི་གནས་ཤིག་ཏུ་སླེབས་ནས་ཡོད།
སྔར་གྱི་དུས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་ལུགས་སོ་སོ་རང་འཇག་ལ་ འཇོག་དགོས་པའི་བཀའ་ལུང་ཕབས་པས་བོད་ཁམས་བདེ་ལ་བཀོད་པ་དང༌། རྒྱལ་མཆོག་དགེ་འདུན་གྲུབ་ཀྱིས། ལར་ད་ལྟ་གངས་རི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཅིང༌། །གཞན་བསྟན་འཛིན་དགྲ་བོའི་དང་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེ། ཞེས་དེ་ལྟ་བུའི་གསུང་སྐད་ཤོར་བ་རེད། །རྒྱལ་མཆོག་དགེ་འདུན་རྒྱ་མཚོས་རིས་མེད་གནང་ཞིང་རིས་མེད་ཀྱི་ཞྭ་སེར་མོ་བ་ ཞེས་པའི་མཚན་གྱི་ཅོད་པན་དབུ་ལ་བཅིངས་བའི་ལོ་རྒྱུས་ཡོད། དེའི་རྗེས་ནས་ཆོས་བརྒྱུད་ཕན་ཚུན་བར་ཏུ་གུ་ཡང་གི་ལྟ་བ་ཕྱག་ལེན་ལ་བསྟར་མཁན་ པཎ་ཆེན་བློ་བཟང་ཆོས་རྒྱན་བྱོན་ནས་བོད་གངས་ཅན་ལྗོངས་སུ་བཞུགས་པའི་ཆོས་ བརྒྱུད་ཆེན་པོ་རྣམས་ཀྱི་མཐར་ཐུག་གི་བབ་ས་ལྟ་བའི་གནད་གཅིག་ཏུ་འབབ་པའི་མི་ འཇིགས་པའི་སྒྲ་ཆེན་པོ་བསྒྲགས་ནས་ཆོས་སྤང་གི་ལས་ངན་བསགས་རྒྱབ་ཆུང་རུ་བཏང་ བའི་གསུང་ཡིག་ཐོག་ཏུ་ཕབ་པ་ནི། དགེ་ལྡན་ཕྱག་ཆེན་ལས། ལྷན་སྐྱེས་སྐྱེས་སྦྱོར་གྭའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་པའི། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབས། ཞེས་གསུངས་ནས་རིས་མེད་ཀྱི་གནད་སློང་བའི་བསྟན་པ་ལ་སྲི་ཞུ་ཆེན་པོ་ཞིག་མཛད། ཁོང་གི་བླ་མ་སངས་རྒྱས་ཡེ་ཤེས་ཀྱང་དེ་ལྟར་ཉམས་སུ་ལེན་པའི་གསུང་རབས་མ་ལུས་པ་ གདམས་པར་ཤར་བའི་གང་ཟག་ཞིག་ཡིན་ནམ་སྙམ།
པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། ཞེས་གསུངས་པ་དང༌། དེ་ནས་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡོད་པའི་དབང་དུ་བཏང་ན་ཆོས་རྒྱལ་ཚངས་པ་ལྷ་ ཡི་མེ་ཏོག་བསམ་བཞིན་སྲིད་པ་བཟུང་བ་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་རིག་ འཛིན་གང་ཤར་རང་གྲོལ་ལམ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོས་རིས་མེད་ཀྱི་གཞུང་ ལུགས་ལ་ཐོས་བསམ་རྣལ་མ་བགྱིས་ཤིང་དཔལ་ལྡན་ས་སྐྱ་བའི་བསྟན་པའི་གནད་སྟོན་པའི་ ལམ་འབྲས་སྐོར་ཆད་པ་ཁ་བསྐངས་ཤིང་གསལ་བར་མཛད་པའི་བསྟན་བཅོས་ད་ལྟ་ཡང་མཇལ་དུ་ ཡོད་པ་དང༌། དེ་བཞིན་རྫོགས་ཆེན་གྱི་སྐོར་དག་སྣང་རྒྱ་ཅན་ཉེར་ལྔ་དང༌། དམིགས་བསལ་དེ་དག་གི་དགོངས་གནད་སྙིང་པོར་དྲིལ་བ་རིག་འཛིན་ཞལ་ལུང་བརྩམས་པ་ དང༌། རི་བོ་དགེ་ལྡན་པའི་ཕྱོགས་སུ་ལམ་རིམ་འཇམ་དཔལ་ཞལ་ལུང་བརྩམས་པ་དང༌། དེ་དག་བརྩམས་པའི་སྐབས་སུ་ཆོས་བརྒྱུད་སོ་སོའི་ཐ་སྙད་མ་འདྲེས་པ་གསལ་བར་མཛད་ ནས་བསྲེ་བསླད་མེད་པའི་བསྟན་པ་འཛིན་པར་མཛད་པ་དང༌། དེའི་སྐབས་སུ་བཀའ་བརྒྱུད་པ་ཕལ་ཆེ་བ་འཇིག་རྟེན་ཆོས་བརྒྱད་ཀྱི་ཡོ་ལང་འཁྲུགས་ ནས་སྔར་གྱི་བཀའ་བརྒྱུད་པ་གོང་མའི་རྣམ་ཐར་གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བཀུར་བའི་ལྡོག་ཕྱོགས་ཁོ་ན་ཕྱག་ལེན་ལ་བསྟར་ནས་ཡོད་ པས་ངོ་གདོང་ལ་དགོས་པའི་དབང་གི་དགག་པ་མཛད་ནས་བཀའ་བརྒྱུད་པའི་བསྟན་པ་མ་འོངས་ རྒྱུན་གནས་ཐུབ་པའི་མཛད་རྗེས་ཆེན་པོ་ཞིག་བཞག་ཡོད་ཀྱང་བཀའ་བརྒྱུད་པ་རྣམས་ཀྱི་ བཀའ་དྲིན་ཇི་བཞིན་ངོ་ཤེས་མཁན་དཀོན་ཞིང་བླུན་པོ་ཅ་ཅོ་སྒྲོགས་ལ་དགའ་བ་རྣམས་ ཀྱིས་རྟག་ཏུ་ཁྱད་གསོད་ཁོ་ན་བྱེད།
གང་ལྟར་ཡང་རྒྱལ་དབང་ལྔ་པ་ཆེན་པོ་ནི་ཆོས་སྤྱན་ལྡན་པའི་གང་ཟག་གཟུ་བོར་གནས་ པ་ཞིག་གིས་བལྟས་ན་༧གོང་ས་མཆོག་གིས་ཡང་དང་ཡང་དུ་གསུངས་པ་བཞིན་རྒྱུ་མཚན་དང་ ལྡན་པའི་ཆོས་ལུགས་རིས་མེད་གནང་ཞིང༌། ནང་པ་སངས་རྒྱས་པའི་བསྟན་པའི་སྲོག་འཛིན་མཁན་ཞིག་ཏུ་གྱུར་ནས་ཡོད། དེའི་སྐབས་སུ་སེ་འབྲས་དགེ་གསུམ་འཐོར་ཞིག་ཏུ་སོང་ནས་ཡོད་པས་ནཱ་ལེན་དྲའི་ཆོས་ བརྒྱུད་རིགས་པའི་ལམ་ནས་ཤེས་རབ་ཀྱིས་གདར་ཤ་གཅོད་དགོས་པའི་གནད་རྣམས་ནུབ་པར་ ཐེ་ཚོམ་ཏིལ་འབྲུ་ཙམ་མི་དགོས།
གང་ཡིན་ཞེ་ན། ཐོས་བསམ་ལ་དགྲ་རུ་ལྟ་ཞིང་བྱས་པའི་ཆོས་ཀྱི་སངས་རྒྱ་མི་ཐུབ་པར་བཤད་ནས་མ་བྱས་ པའི་ཆོས་ཀྱིས་སངས་རྒྱ་རེད། མི་རྟོག་པ་སྒོམ་དགོས་རེད། རྣམ་རྟོག་དགག་དགོས་རེད། སྨྲ་བསམ་བརྗོད་བྲལ་རེད། བདེ་གསལ་མི་རྟོག་པ་སྒོམ་དགོས་པ་རེད་ཅེས་སེམས་ལ་ཁ་དོག་མདོག་དབྱིབ་གཟུགས་ཅན་ གྱི་དངོས་པོ་མཐོང་རྒྱུ་མེད་པ་ཙམ་དེ་སྒོམ་གྱི་དངོས་གཞི་རུ་འཛིན་ནས་གསང་སྔགས་ ཀྱི་ཆོ་ག་གྱེར་ཤེས་པ་ཙམ་ལ་སྐྱབས་བཅོལ་ནས་འདུག་དགོས་པའི་དགེ་རྒན་ནམ་བླ་མ་མང་ པོ་ས་དར་རྡོ་དར་དུ་བྱུང་ཞིང་། དེ་དག་ལ་སྐྱེ་བོ་ཕལ་པ་ལ་དགོས་པའི་གྲུབ་རྟགས་དང་རྫུ་འཕྲུལ་ཡོད་པར་སྒྲོ་བཏགས་ ནས་མཛད་པ་དང་འཕྲིན་ལས་དགེ་སློང་ལྷ་ཆེན་པོ་ལྟ་བུ་བྱུང་བས། ང་ཚོའི་ཆོས་དེ་ཧིན་རྡིའི་ཆོས་ལུགས་ནང་བཞིན་ཚོགས་མཆོད་འབུལ་དང་སྦྱིན་སྲེག་ གི་ཆོ་ག་ཙམ་གྱིས་ཚིམ་ནས་འདུག་རྒྱུ་མ་གཏོགས་མེད་པར་གྱུར་བའི་རྒྱུ་ཕལ་ཆེར་ཚང་ ཚར་བའི་སྐབས། སླར་ཡང་མཁས་པའི་འབྱུང་གནས་ཀྱི་ཆོས་སྡེ་རྣམས་བསྐྱར་གསོ་མཛད་པས་ས་སྟེང་རྒྱལ་ བསྟན་ཡོངས་རྫོགས་གི་མངའ་བདག་རུ་བཞེངས་ནས་ཡོད་པ་འདི་དྲན་འོས་པ་ཞིག་ཡིན། དྲིན་ལན་ལོག་མཇལ་བཟོ་མཁན་རྣམས་ལ་སྙིང་དང་གློ་བ་ཡོད་མེད་ཐེ་ཚོམ་སྐྱེ་བའི་ གཞི་ཙམ་རེད།
༧གོང་ས་ལྔ་པའི་དགའ་ལྡན་ཕོ་བྲང་ནི་རྒྱུན་འཛིན་བཟང་ངན་གྱིས་གནས་བབ་འཕོ་ འགྱུར་ཕྲན་བུ་སོང་ཀྱང་ལྷག་བསམ་རྣམ་དག་གིས་བརྒྱུད་པ་འཛིན་མཁན་རྣམས་ས་ཕྱོགས་ གང་དུ་སོང་ཀྱང་མཆོད་རྟེན་མགོ་འཇུག་ལོག་ན་བང་རིང་འཕྲེད་ལ་ཞེས་པའི་དཔེ་ལྟར་ ཡོད་པ་འདི་མཐོང་ཆོས་སུ་ཡོད་པ་གསལ་པོ་རེད། དཔལ་ལྡན་ས་སྐྱའི་ཕྱོགས་ནས་གནས་གསར་བ་མཁྱེན་བརྩེཌྷི་དབང་ཕྱུག་གིས། ངསསྦྱངས་པ་དེ་ས་སྐྱའི་གཞུང་ལ་སྦྱངས་ཀྱང༌། །མཁས་པ་དེ་གསང་སྔགས་རྙིང་མ་ལ་མཁས་པ། །འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་མིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང༌། ངས་བསྒོམ་པ་དེ་གསང་སྔགས་ལམ་འབྲས་ལ་བསྒོམ་ཀྱང༌། །རྟོགས་པ་དེ་རྫོགས་པ་ཆེན་པོ་ལ་ཤར་བ། འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་མིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང༌། ངས་གསོལ་བ་དཻ་རྣལ་འབྱོར་དབང་ཕྱུག་ལ་བཏབ་ཀྱང༌། བྱིན་རླབས་དེ་ཨོ་རྒྱན་པདྨ་ཁོས་གནང་བ། །འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་མིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང༌། ཞེས་གསུངས། དེ་བཞིན་དུ་ཀུན་མཁྱེན་གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང༌། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག། །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང༌།
ཤར་སྐལ་ལྡན་རྒྱ་མཚོས། ཆོས་རང་རང་མོས་པའི་དོན་ཟབ་དེ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །ལྕང་སྐྱ་རྡོ་རྗེ་འཆང་གིས། རང་གཞན་ལྟ་སྒོམ་གྲུབ་མཐའྀ་ཁྱད་པར་རྣམས། །ལྟ་ཅི་ཐ་སྙད་ཙམ་ལ་རྨོངས་ན་ཡང༌། །གཞན་ལུགས་འབད་པས་སྨོད་ཅིང་སྡང་སེམས་བསྐྱེད། །དེ་ཉིད་བསྟན་པའི་ག་དར་ཡིན་པར་བསྒོམ། །ཅོལ་ཅུང་གཡམ་རྒྱུགས་མཁན་ལ་ཐུགས་རྗེའི་གཟིགས། །ཞེས་གསུང་ཤོར་བ་རེད།
དེ་བཞིན་རིས་མེད་ཀྱི་བསྟན་པ་དར་ནུབ་མང་པོ་ཞིག་བྱུང་ཞིང་རྙོག་འཛིང་ཆེ་ བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་བྱུང་བའི་མཇུག་ཏུ་མདོ་ཁམས་ཕྱོགས་སུ་ འཇམ་དཔལ་དཔའ་བོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་འཇམ་དབྱངས་མཁྱེན་བརྩེ་དབང་ པོ་བྱོན་ཞིང་རིས་སུ་མ་ཆད་པའི་བཤེས་གཉེན་ལྔ་བཅུ་རྩ་ལྔ་བསྟེན་ནས། སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དང༌། བྱང་ཕྱོགས་ཀྱི་བཤད་རྒྱུན་འདེགས་པའི་དཀའ་ཆེན་བཅུ་སོགས་ཀྱི་དགོངས་གནད་འགལ་ མེད་གཅིག་ཏུ་བབ་པར་གཟིགས་ནས་ཕྱོགས་མཐའ་ཁག་ཏུ་ཕེབས་ནས་བྱ་བྲལ་གྱི་རྟུལ་ཞུགས་ ཁོ་ནས་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་ནས་གསན་བསམ་དང་འཆད་སྤེལ་རྒྱ་ཆེ་ལ་ རྒྱུན་མི་འཆད་པ་གནང་བས། བོད་གངས་ཅན་ལྗོངས་སུ་བྱུང་བའི་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པའི་ ཕྱག་བཞེས་དང་། ཐ་ན་མི་ཤེས་པ་རྣམས་ཀྱི་ཆོས་ལུགས་ཀྱི་ཁྱད་པར་ཞྭ་ཡིས་འབྱེད་པའི་གང་ཟག་རྣམས་ ཀྱི་ངོར་ཕྱོགས་མཐའ་ཁག་ལ་ཕེབས་པའི་སྐབས་སུ་པཎ་ཞྭ་སེར་པོ་དང༌། དམར་པོ། རྙིང་ཕྱོགས་ཀྱི་ཨོ་རྒྱན་པད་ཞྭ། བཀའ་བརྒྱུད་པའི་དྭགས་ཞུ། ས་སྐྱ་པའི་ས་ཞུ་དང་གཏེར་ཕྱོགས་ཀྱི་ཞྭ་ཡ་མ་ཟུང་མི་འདྲ་བ་རྣམས་བསྣམས་ནས་ཕེབ་ པའི་ཕྱག་སྲོལ་ཡོད་པ་དང༌། ཆོ་ག་ཕྱག་བཞེས་རྣམས་སོ་སོའི་ལུགས་སྲོལ་ཇི་མ་ཇི་བཞིན་གནང༌།
ཁྲིད་དང་ཉམས་བཞེས་ཀྱི་སྐོར་སོ་སོའི་ལུགས་སྲོལ་ཉམ་པ་མེད་པར་བུ་སློབ་རྣམས་ལ་ གནང་བའི་སློབ་ཚོགས་ཀྱི་ས་ཁྱབ་པ་ལྟ་བུ་བྱུང་ཡང་གཙོ་བོ་རིགས་པའི་ལམ་ནས་རང་ ལུགས་དང་གཞན་ལུགས་ཀྱི་གནད་སློང་བའི་རིགས་པ་སྨྲ་བའི་ཁྱུ་མཆོག་ས་སྟེང་མཁས་པ་ ཡོངས་ཀྱི་གཙུག་རྒྱན། མཚན་ཡང་དག་པར་བརྗོད་པ་ལས། སྨྲ་བའི་སེངྒེ་ཚུགས་པ་མེད། །ཅེས་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་རྗེ་རིན་པོ་ཆེའི་མན་ངག་ གི་གནད་ཐམས་ཅད་རྟོགས་ཤིང་དགོངས་པའི་མཐིལ་ཟིན་པར་བྱས་ཏེ་མཁས་པའི་དབང་པོ་དཔལ་ རི་རབ་གསལ་དང་རིགས་པའི་ལམ་ནས་བགྲོ་གླེང་གནང་ཤིང་དབུ་མའི་ཟབ་གནད་ཀྱི་ཕྲ་ས་ ཉག་ས་ནས་ཆོས་དང་མཐུན་པའི་འབེལ་གཏམ་བགྱིས་ཤིང་མཐར་ཐུག་གི་བབ་ས་གཅིག་ཏུ་ དགོངས་པ་མཐུན་པར་གྱུར་ཏེ་གཅིག་ཡིད་གཅིག་གིས་འཕྲོག་ཞིང༌། སྐྱེ་བ་འདི་ཙམ་དུ་མ་ཟད་མ་འོངས་པར་སྐྱེ་བའི་ཕྲེང་བ་ཀུན་ཏུ་དག་པའི་ཞིང་རྣམས་ སུ་ཟབ་མོ་མཐར་ཐུག་གི་དོན་ལ་བསྒྲོ་གླེང་ཡོང་བའི་ཐུགས་སྨོན་བསྐྱོན་པ་དང༌། རྗེ་ཡི་དགོངས་པ་རྟོགས་མ་རྟོགས་ལ་རྩོད་པ་ལས་རྗེ་འགོག་པ་མ་ཡིན་པའི་ཚུལ་གསལ་ བར་གསུངས་པ་དང༌། གོང་འོག་གང་དུ་བལྟས་ཀྱང་ཁོང་རྣམ་པ་གཉིས་ཀྱི་རྩོད་པ་དེ་འདྲ་བོ་འཕགས་བོད་ གཉིས་སུ་དེ་སྔ་བྱུང་མ་མྱོང་བའི་ཆོས་ཀྱི་འབེལ་གཏམ་ཡང་དག་པ་ཞིག་རེད།
སྔ་ཕྱི་མཁས་པས་ལྟ་བ་གཏན་ལ་འབེབ་ཚུལ་ལ་ཁྱད་པར་བྱུང་བའི་སྐོར་བླ་མའི་བཀའ་ བཞིན་གསལ་བར་མཛད་པ་གཞུང་ཉིད་ན་གསལ་བ་དང༌། རང་ཉིད་ལ་ཕྱོགས་ལྷུང་གི་ཞེན་པ་མེད་པ་གསལ་བར་གསུངས་པ་སོགས་ཡོན་ཏན་དང་ཐུགས་ ཉམས་སུ་བཞེས་ཚུལ་གང་ལ་བལྟས་ཀྱང་འགྲན་པའི་ཟླ་དང་བྲལ་བ་མི་ཕམ་ཚང་གི་གཞུང་ ལུགས་ལ་ཐོས་བསམ་བྱས་ན་་ད་གདོད་ཤེས་ཡོང་རྒྱུ་ཞིག་ཡོད་པ་འདི་གསལ་པོ་ཡིན། རིག་པའི་གནས་སྤྱི་དང་ཐ་ན་ཇུ་ཐིག་བཀོད་སྟངས་ཙམ་ལ་ལུགས་སྲོལ་ཇི་ཡོད་ལྟར་གསལ་ བར་སྒྲོ་འདོགས་ཆོད་ཚུལ་ལ་བལྟས་ན་བློ་ཡུལ་ལས་འདས་པ་ཞིག་ཡིན། ང་ཚོའི་མི་ཚེ་ལ་ཐོས་བསམ་བྱས་ཀྱང་གཞུང་ལུགས་གཅིག་ལ་རྐང་ཚུགས་པ་ཡོང་མི་ཐུབ་པ་ རང་ཉིད་ཀྱིས་མཐོང་བཞིན་དུ་ཡ་ཀི་འགྲིགས་མི་འདུག་མ་ཀི་འགྲིགས་མི་འདུག་ཅེས་ བཤད་ན་ངོ་ཚ་བའི་གནས་ཡིན་ཀྱང་ང་ཚོ་ལ་རང་ངོ་འཕྲོད་པའི་གནས་ཤིག་ཡོང་ཨི་ཐུབ་ན་ བསམ་ནས་དོགས་པ་རང་བཞིན་གྱིས་ཟ་གི་འདུག
འཇམ་དབྱངས་མཁྱེན་བརྩེ་དབང་པོའི་མི་ཕམ་རིན་པོ་ཆེའི་རྣམ་ཐར་ཞིག་བྲིས་ན་ཤེར་ ཕྱིན་གྱི་མདོ་ལྟ་བུ་ཞིག་ཡོད་ཀྱང་ཁོང་མི་དགྱེས་པས་ད་ལྟ་མི་བྲི་གསུངས་ཚུལ་ལ་ བལྟས་ན་འཕགས་པའི་ས་ལ་བཞུགས་པ་ཞིག་ཡིན་པར་ངེས། ཁོང་གི་ཞལ་ནས་ང་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཞིག་ཡིན་པར་ཞལ་བཞེས་གནང་ཡོད། ཁོང་ལ་ཐོབ་དང་སྙན་གྲགས་ཆེ་བའི་སུན་པ་མ་གཏོགས་མེད་པའི་སུན་སྣང་དེང་དུས་ཀྱི་ བླ་སྤྲུལ་གྱི་མིང་འཛིན་ལྟར་མ་ཡིན་པ་གསལ་པོ་ཡིན་ལ་འདས་ཁ་ལ་མོ་དེ་ལྟར་གསུངས་ པ་ལ་དགོས་པ་གཞན་གང་ཡང་མེད་པ་རེད།
དེ་བཞིན་དུ་རྡོ་གྲུབ་མདོ་སྔགས་བསྟན་པའི་ཉི་མ་ཡང་གསར་རྙིང་གི་མཁས་པའི་ བཞེད་མཚམས་ཡོངས་རྫོགས་རྟོགས་པའི་སྒོ་ནས་དམིགས་བསལ་གྱིས་རྫོགས་ཆེན་དང་གསར་ ཕྱོགས་ཀྱི་རྒྱུད་སྡེའིདགོངས་པ་བཞེས་ཕྱོགས་ཐད་དགོངས་གནད་འགལ་མེད་གཅིག་ཏུ་ བསྒྲུབས་པར་མཛད་པའི་ཚུལ་ལ་༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་བསྔགས་བརྗོད་ རྒྱུན་མ་ཆད་པར་གནང་བ་དང༌། དེ་བཞིན་དུ་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནས་ཀྱང་རིས་མེད་གནང་ཞིང་ལེགས་བཤད་ གསེར་ཕྲེང་སོགས་ཀྱི་ཆོས་ཆར་ཕབ་པ་དང༌། ས་དགེ་རྙིང་བཀའ་བརྒྱུད་པ་ཚང་མས་ཁས་ལེན་པའི་བླ་མ་རིས་སུ་མ་ཆད་པར་གྱུར་པའི་ རྣམ་ཐར་བདག་གིར་བཞེས་པ་དང༌། དེ་བཞིན་དུ་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་ལས་བྱོན་པའི་སློབ་མ་སྙན་དགོན་ གསུང་རབས་ཀྱིས་ཐེག་པ་རིམ་པ་དགུ་ཡི་རྣམ་བཞག་བཤད་པའི་གསུང་རྩོམ་སོགས་ད་ལྟ་ མཇལ་དུ་ཡོད་པ་དང༌། ཕྱིས་ནས་རྒྱ་གར་དུ་བླ་མ་མང་པོ་ཞིག་ཕེབས་ཀྱང་ཡོངས་གྲགས་རིགས་པའི་ལམ་ནས་རིས་ མེད་གནང་མཁན་མཁན་རིན་པོ་ཆེ་རིན་ཆེན་མཆོག་ཙམ་ལས་ཤིན་ཏུ་ནས་དཀོན་པར་སྣང༌།
སོ་སོའི་ཆོས་བརྒྱུད་དེ་ཆེ་རབས་འཇིགས་རབས་བཤད་པ་དང་ལུང་ཐར་ཐོར་འདྲེན་ནས་མཁས་ པར་རློམ་པ་ཙམ་ལས་ཟབ་དོན་གྱི་གནད་འབྱིན་པའི་མཁས་པ་རིས་སུ་མ་ཆད་པ་ཉིན་སྐར་ ལྟར་དཀོན་པར་སྣང༌། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་སྐྱབས་རྗེ་མང་པོ་ཞིག་བྱོན་པར་ སྣང༌།
དེ་དག་ལས་༧གོང་ས་མཆོག་གིས་དབང་ལུང་མན་ངག་གི་བརྒྱུད་པ་ཞུས་པའི་གནས་ཚུལ་བྱུང་ བ་ཙམ་ལས་དེ་དག་གི་གསུང་པའི་གནད་འདི་རེད་གསུང་རྒྱུ་མེད་པ་འདི་ག་རེ་ཡིན་ན་ བསམ་ནས་དོགས་པ་སློང་མཁན་དེ་སྔ་བྱུང་མ་མྱོང་བ་ལྟ་བུ་རེད།
ང་འདྲ་བོ་ཞིག་གིས་བཤད་སྐབས་ལྟ་ལོག་རེད་དམ་ཉམས་རེད་མི་ལབ་པའི་ངེས་པ་མེད་ ཀྱང་ལབ་ཀྱང་ཁྱད་པར་གང་ཡང་མེད་པས་མ་འོངས་ཆོས་བརྒྱུད་ཀྱི་མིང་ཁུར་པའི་སྐྱབས་ རྗེ་ཚོ་ལ་སློབ་གཉེར་དགོས་པའི་གཞེན་བསྐུལ་གྱི་ཚུལ་དུ་བྲིས་པ་ཡིན། བློ་གྲོས་དང་ལྡན་པའི་གང་ཟག་མང་པོ་ཞིག་ལོག་ལམ་འགྲོ་མི་སྲིད་ཀྱང་བླང་དོར་ཇི་ བཞིན་འབྱེད་མི་ནུས་པའི་གཡམ་ལ་རྒྱུགས་པའི་གང་ཟག་མང་པོ་ཞིག་ཉམ་ང་བའི་གཡང་ལ་ འཁྲིད་པ་མཐོང་ཆོས་ལ་ཡོད་པ་གསལ་པོ་ཡིན་པས་ར་འཕྲོད་ན་ཡག་པོ་ཡོད་པ་རེད། དེང་དུས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ ཀྱི་སློབ་མ་མང་ཞིང་བསྟན་པ་ལ་བྱ་བ་རླབས་ཆེན་སྒྲུབ་བཞིན་ཡོད་པ་ལ་ཀུན་གྱི་ བསྔགས་བརྗོད་དང་ཡི་རང་ཞུ་བ་འདི་ནི་ང་ཚོ་གངས་ཅན་པའི་ཙམ་ཟན་ཡོངས་ཀྱི་གཟི་ བརྗིད་ཞིག་ཏུ་བརྩི་ཆོག
གངས་ཅན་གྱི་ལྗོངས་སུ་བཞུགས་པའི་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ ཆེའི་སྲིད་ཞུ་སྒྲུབ་པ་སྔ་མོ་པཎ་ཆེན་རིན་པོ་ཆེ་དང་མཁན་ཆེན་འཇིགས་མེད་ཕུན་ ཚོགས་གཉིས་ཀྱིས་མ་བསྒྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་སོ་སྐྱེའི་བློ་ཡུལ་ལས་ འགོང་པའི་བྱ་བ་མང་པོ་མཛད་པ་ནི་འཕགས་ཆེན་ཁོ་ནའི་སྤྱོད་ཡུལ་ལགས། རྫ་དཔལ་སྤྲུལ་རིན་པོ་ཆེས་དུས་རྒྱུན་གསུང་ལས་ཐོས་བསམ་ཕྱོགས་རེ་བ་ནི་བསྟན་པ་ བཤིག་པའི་རྒྱུ་ཡིན་ནོ། ཞེས་གསུངས་སྲོལ་ཡོད་པ་དེ་གསལ་པོ་ཡིན་པ་ད་ལྟ་གསར་བུ་ཚོའི་གནས་ཚུལ་ལ་བལྟས་ན་ གསལ་པོ་ཤེས་རྒྱུ་འདུག་པ་འདི་རེད།
དེ་བས་ན་རྒྱལ་བའི་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཞིག་བྱུང་ན་ རང་ཉིད་ཀྱི་བསོད་ནམས་ཀྱི་བསགས་རྒྱབ་ཆེ་རུ་གཏོང་བ་དང༌། མ་འོངས་པར་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་མཁན་ཞིག་ ཡིན་ན་གལ་གནད་ཧ་ཅང་ཆེ་བས་དེ་ལུགས་དགོངས་དབྱིངས་སུ་མངའ་བ་མཁྱེན་མཁྱེན།།
ཐ་མལ་དུག་ལྔའི་མངལ་རྒྱ་དམ་མོ་རུ། །
བླང་དོར་གོ་འཛོལ་སྤྱོད་པའི་འཁྱམ་པོ་དེས། །
བླང་དོར་སྟོན་པའི་གཏམ་འདི་མི་མཛེས་ཀྱང༌། །
ཁྱི་ཁོག་གསེར་ཆུའི་དཔེ་ལྟར་འགྱུར་སྲིད་སྙམ། །
འཇིག་རྟེན་ཕལ་པའི་གཏམ་གྱི་དཔེ་ཞིག་ཏུ། །
ངན་པས་ཚིག་སྨྲས་བཟང་པོའི་བློ་རྙེད་འགྱུར། །
ཞེས་པའི་ཚིག་དེ་མན་ངག་དམ་པ་རུ། །
གོ་ནས་འབད་པའི་སྦྱོར་བས་ཚིག་འགའ་བྲིས། །
ཕྱོགས་རེས་མིག་ཅན་བསྟན་སེལ་སྡེ་འཁྲུགས་ཀྱི། །
ལས་ལ་ཉིན་མཚན་གཞོལ་བའི་སྐྱེ་སྤྲུལ་མིང༌། །
འཛིན་པ་འགའ་ཞིག་འདི་འདྲར་མི་དགྱེས་ཡང༌། །
བསྟན་འཛིན་རྒྱ་མཚོ་དགྱེས་པའི་རྟེན་དུ་ཕུལ། །
ཞེས་པ་འདི་ཉིད་གསང་ཆེན་སྔ་འགྱུར་པའི་བསྟན་པའི་ཞབས་འོག་ཏུ་སྐྱེས་ཤིང་ བྲིས་ཀློག་དང་ཆོ་ག་ཆོས་སྤྱོད་ལ་འབད་རྩོལ་ཆེར་མ་དགོས་པར་ལུང་པའི་ལམ་དང་ལུགས་ སྲོལ་ལྟར་ཤེས་ཀྱང་ཕན་པ་མེད་པ་མཐོང་ནས་རང་ལུགས་ཀྱི་དཔེ་ཆ་ལ་ལོ་འགའ་ཤས་སྦྱང་ པའི་འབད་པ་བྱས་ཤིང་ཐོས་བསམ་ལ་བློ་ཁ་ཕྱོགས་པའི་སྐལ་པ་སྦོམ་པོ་ཞིག་ཏུ་གྱུར། ཁྱད་པར་དུ་ལས་སྨོན་བཟང་པོའི་བསགས་རྒྱབ་མི་དམན་པ་ཞིག་གིས་འཇམ་མགོན་རྒྱལ་བའི་ བསྟན་པ་དང་མཇལ་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་བག་ཆག་བཟང་པོ་ཞིག་འཇོག་རྒྱུའི་ སྐལ་པ་བཟང་པོ་བྱུང་བ་དང༌། དེ་བཞིན་དུ་སྐྱེད་བྱེད་ཀྱི་ཕ་དམ་པའི་དད་ཞེན་ཆེ་བ་དང༌། རྒྱུན་པར་ཉམས་བཞེས་གནང་བའི་འགྲོ་མགོན་བཀའ་བརྒྱུད་པའི་གཞུང་ལུགས་དང༌། མདོ་རྒྱུད་མན་ངག་བྱེ་བའི་གཏེར་མཛོད་དཔལ་ལྡན་ས་སྐྱ་པ་ཡབ་སྲས་སོགས་ཀྱི་གཞུང་ ལུགས་ལ་ཐོས་བསམ་ཕྲན་ཙམ་བགྱིས་པའི་གོ་སྐབས་བཟང་པོ་བྱུང་བ་འདི་ཡ་མཚན་དངོས་ བྱུང་ལྟ་བུར་མཐོང༌།
དེ་ཡང་ཆུ་ཕུག་གངས་གྱི་དཔེ་ལྟར་རྩོད་མེད་འཚེ་བྲལ་གྱི་ལམ་ལ་འགྲོ་བ་རྣམས་ དབུགས་དབྱུང་བའི་ཕྱི་ནང་གི་བསྟན་པའི་གནད་མཐུན་པར་སྒྲུབ་པའི་ཤིང་རྟའི་སྲོལ་ འབྱེད་ཆེན་པཽ་མ་འདྲེས་པའི་འགྲོ་བ་རྣམས་ཀྱི་མཛའ་བཤེས་༧སྐྱབས་མགོན་རིན་པོ་ ཆེའི་ཐུགས་རྗེ་ཉག་གཅིག་ལས་བྱུང་བས་བཀའ་དྲིན་རྗེས་སུ་དྲན་ནས་ཨེ་མ་ཧོ་དང་ཨ་ལ་ ལ་ཞེས་དགའ་བའི་ཅ་ཅོ་འབྱིན་པ་དང་ཆབ་གཅིག་རིགས་སློབ་རང་ཤག་རྒོལ་ངན་ཚར་གཅོད་ པའི་ལྡིང་ཁང་དུ། རིས་སུ་མ་ཆད་པའི་བསྟན་པའི་གནད་གཅིག་ཏུ་འབབ་པར་གཟིགས་པ་རྣམས་ཀྱི་དེ་ལྟ་བུ་ བྱུང་བ་བརྗོད་པ་འདི་དགོས་པའི་གནད་དུ་མ་མཐོང་ནས་རིས་མེད་རབ་འབྱམས་པའི་མིང་ ཙམ་འཛིན་པ་ཆོས་ཀྱི་ཉི་མ་ནས་བྲིས་པའི་དགེ་བས་རྩོད་རྙོགས་དགོས་མེད་རྣམས་ཞི་ བའི་རྒྱུར་གྱུར་ཅིག །

0 comments:

ཟིན་བྲིས་འཚོལ་ཡུལ