དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 12 January 2014

དགུ་རོང་སྤུན་གྲོལ་གྱི་ལོག་རྟོག


ཨོ་རྒྱན་ཉི་མ།
དེང་སང་བོད་ཀྱི་གཞོན་སྐྱེས་འདི་ཚོ་ཁ་ཡར་གྲགས་དུས་ཆེན་པོ་ཞིག་དང་། གཉན་པོ་ཞིག་ལ་ཁ་གཏོང་འགོ་རྩོམ་ཞིང་། མིང་ཞིག་དང་། ཕྱུག་པོ་ཞིག ད་དུང་སྙན་གྲགས་ཅན་ཞིག་ཆགས་སོང་ན་བསམ་པའི་རེ་འདུན་ནི་མཚོ་ལྟར་ཟབ་ཀྱང་། ངེས་པ་དོན་གྱིས་སྙན་གྲགས་སྒྲུབ་སྟངས་དེ་མ་ཤེས་པར། མཐོ་ལ་འགྲན་ཞིང་དམན་ལ་སྡང་། རང་གི་མི་རིགས་ལ་ཡོད་པའི་བྱས་རྗེས་ཅན་གྱི་མི་བུ་ཚོར་ཁྱད་སོད་དང་། ཕྲག་དོག་གིས་གཏམ་འཆལ་སྣ་ཚོགས་སྤུངས་ཏེ། མཚན་མོའི་གཉིད་དང་ཉིན་མོའི་ཟས་ཀྱང་དང་གར་མི་ཡོང་བར་མ་ཟད། ཐ་མ་རང་དོན་མ་འགྲུབ་དུས་རང་གི་གཅེས་པའི་སྲོག་ཀྱང་། རང་གིས་བཅད་པའི་གནས་ཚུལ་ཕྱི་གླིང་ལ་བྱུང་བ་དེ་བོད་ལ་ཡོང་ངེས་རེད། དེ་ཕྱིར་སྙན་གྲགས་ཟེར་བ་དེ་དོན་ངོ་མ་བསམ་ན་མི་ཚེ་སྡུག་བསྔལ་ལ་སྦྱོར་བྱེད་ཅིག་རེད། མཚན་སྙན་ཁོ་ན་དམིགས་འབེན་བཟུང་སྟེ་བསྒྲུབ་ན་འགྲུབ་རྒྱུ་ཞིག་མ་རེད། གལ་སྲིད་ད་དུང་མཚན་སྙན་དེ་དགོས་ཀྱིན་ཡོད་ན། ཁ་ཞེ་གཉིས་མེད་ཀྱིས་མི་རིགས་དང་། རིག་གཞུང་ལ་བྱས་རྗེས་བླ་མེད་ཅིག་ཞོགས་དང་། མཁས་པ་ཡིན་ན་མཁས་པ་འདུས་པའི་སོང་ལ་རྣམ་དཔྱོད་ངོམས། འབྱོར་ལྡན་ཡིན་ན་དབུལ་པོ་མོད་སར་སོང་ལ་གནང་སྦྱིན་གྱིས། དེ་གཉིས་མེད་ན་སེམས་གཏིང་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཨེ་སྐྱེ་ལྟོས་དང་། སྦྱོར་བ་ཕྱིན་དྲུག་ལ་སློབས། ནམ་ཞིག་ན་སྙན་གྲགས་ཟེར་བ་དེ་མ་འདོད་ན་ཡང་ཡོང་ངེས་རེད། དེ་མིན་མི་རིགས་དང་། ཆོས་ལུགས། སེམས་ཅན་སྤྱི་དང་བྱེ་བྲག་ལ་བྱས་རྗེས་སྐར་གང་མེད་པར། དམ་པ་རྣམས་ལ་བསྐུར་འདེབས་ཁོ་ནས་དུས་འདའ་བ་ནི། བསོད་ཆེན་ཁ་བཏང་ན་བསོད་ཆུང་ཚེ་ཟད་ཟེར་བ་ཡོང་ངེས་རེད། དེ་རིང་སྤུན་གྲོལ་ཟེར་བའི་དྲ་འབུ་དེས་མཁན་ཆེན་བསོད་དར་རྒྱས་ངན་སྨྲས་བྱས་པའི་རྩོམ་འཆལ་ཞིག མ་ལེ་ཤི་ཡ་ན་གཏན་སྡོད་བྱེད་བཞིན་པའི་ངའི་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་བསྐུར་སོང་། མགོ་ནས་མཇུག་པར་རོབ་ཙམ་བཀླགས་ཡིན་ཏེ། སྔོན་མ་ཞིག་ལ་ཚ་བ་མདའ་སྨྱུག་དང་། བོན་པོ་སྐལ་བཟང་ཟེར་བ་ཞིག་གིས་རང་གི་གྲགས་པ་སྒྲུབ་ཕྱིར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་རྒོལ་བ་དང་། འགྲོ་སྟངས་མཚུངས་ན་ཡང་། ཚིག་དོན་གཉིས་ཀའི་ཆ་ནས་ཚ་སྐལ་གཉིས་ཀྱི་རྣམ་དཔྱོད་ཀྱི་ཟུར་ཙམ་ཡང་མི་འདུག ད་དུང་ཤི་འཐམ་རོ་འཐམ་གྱིས་ཚིག་ངན་དང་། སྐྱོན་འདོགས་གང་ཐུབ་ཀྱིས་རྒན་མོའི་དམོད་ངན་ནང་བཞིན་སྡེབས་སྦྱོར་དང་། སྙན་འཇེབས་ཀྱིས་སྟོང་པའི་ཚིག་ཚོགས་སྤུངས་པ་ལ་ཤ་ཡང་ཚ་ལ། སྙིང་ཡང་རྗེ།
ཁོས་འདི་ལྟར་བཤད་འདུག་<<ཁམས་བྲག་མགོ་ནས་ཡིན་པའི་གསེར་རྟ་སྒར་གྱི་མཁན་པོ་བསོད་ནམས་དར་རྒྱས་ཞེས་ཞུ་པ་དེ་ནི། ནང་བསྟན་མཚན་ཉིད་རིག་པའི་བློ་སྦྱོང་ཞན་པའི་སྐྱེ་བོ་དག་གི་སྣང་ངོར་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ཆགས་འདུག་ལ། རྒྱ་ནག་གི་ཐིང་སཱིན་བླ་མའི་ཡང་སྤྲུལ་ལམ་ཡང་ན་བླ་རབས་གཉིས་པའི་ཆོ་ལོ་སོགས་ཀྱང་སྦྱོར་གྱིན་འདུག>>ཅེས་ཟེར། གང་ལྟར་ཡང་ཁྱོད་མ་གཏོགས་ཤར་ནུབ་སྐྱེ་བོ་ཕལ་མོ་ཆེ་རྣམ་དཔྱོད་ཀྱི་མིག་ཞར་སོང་བ་དང་། རྟོག་དཔྱོད་ཀྱི་ཡིད་ལྐུགས་སོང་བ་མིན་ན། ཨ་རི་དང་། དབྱིན་ཇི། འཇར་མན་སོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་། མཚོ་སྔོན་དང་། པེ་ཅིན། ཤང་ཀང་སོགས་སློབ་གྲྭ་ཁག་གིས་གདན་དྲང་བ་ལ་དུས་ཚོད་མི་རག་པའི་དཀའ་ངལ་ལས། མཁན་པོ་ཁོང་ཕྱག་རྫོགས་ལ་དད་པ་དང་། ཁྲིད་ལུང་མེད་ནའང་ཡོད་མདོག་གིས་འཆད་ས་དང་། འཁྲིད་ས། འགྲོ་ས་མི་རག་པའི་དཀའ་ངལ་ཡོད་མཁན་དེ་འདྲའི་རིགས་མ་རེད་ལ། ད་དུང་ཁོང་གིས་སློབ་གྲྭ་གསར་རྒྱགས་ཀྱིས་སློབ་ཕྲུག་སྟོང་ཕྲག་ལས་བརྒལ་བ་གསོ་སྐྱོང་བྱེད་བཞིན་པ་དང་། ལོ་ངོ་ཉི་ཤུ་ལྷག་ལ་གསེར་རྟའི་ཆོས་སྒར་གྱི་རྒྱའི་སློབ་མ་ཚོར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་བས། ད་ལྟ་རྒྱའི་མཁན་པོ་དང་། མཁན་མོ་དག་གིས་བོད་པ་ནང་བཞིན་བོད་སྐད་དང་། བོད་ཡིག་ཤེས་པར་མ་ཟད། ནང་ཆོས་ཀྱང་གསུངས་ཐུབ་ཀྱི་ཡོད། དེ་ཕྱིར་ཁོང་ཚོས་མཁན་པོ་ལ་མཚན་ཇི་ལྟར་གསོལ་ཡང་ཁྱེད་རང་སེམས་ན་དགོས་དོན་མི་འདུག་ལ། དོན་གྱིས་མཚན་དེ་འདོགས་འོས་པར་སེམས།
ཡང་ཁོས་<<ཁོ་བོས་ཁོང་གི་དཔོད་འབྲིའི་དེབ་གཟུགས<<དུས་ཀྱི་ཟླ་འོད>>དང<<དུས་ཀྱི་སྒྲོན་མེ>>གཉིས་བམ་ཀློག་ཐེངས་གཅིག་བྱས་པ་ཡིན། དེ་གཉིས་ངེད་ལ་གྲོགས་པོ་ཞིག་གིས་ལེགས་སྐྱེས་སུ་སྤྲད་པས་བཀླགས་པ་ཡིན། དེ་གཉིས་བཀླགས་སྐབས་ཀྱི་ཚོར་པ་ནི་ཤིང་ཏོག་སྐྱ་རྡོ་ཞིག་ཟོས་པའི་མྱོང་ཚོར་དང་གཉིས་སུ་མ་མཆིས། གང་ལ་ཞེ་ན། གང་དེས་བརྗོད་ཚུལ་ནི་ཨོ་གྷོ་སི་ཀྲིན(354-430)གྱིས་ཕི་ལཱ་ཐྲོའི་རྟོག་དཔྱོད་སྨྲ་པའི་རིགས་ལམ་སྤྱད་དེ་ཡེ་ཤུ་ཆོས་ལུགས་ཀྱི་ལྷའི་རིག་པ་སྟེ། མཆོག་གྱུར་སྡེ་སྣོད་ལ་རིགས་དཔྱད་སྒྲུབ་དཔང་མཛད་ཅིང་གདོད་མའི་ཉེས་ལྷུང་སྨྲ་པའི་ལྷ་སྒྲུང་བྲིས་ཏེ། ལྷ་ཆོས་ཀྱིས་མི་ཉིད་བྲན་དུ་བསྒྱུར་པའི་ལྟར་སྣང་གཞུང་ལུགས་ཀྱི་སྒྲུབ་དཔང་མཁོ་འདོན་བྱེད་ཚུལ་དང་གཅིག་པ་རེད། ཁོང་གི་དཔོད་འབྲིའི་དེབ་གཟུགས་དེའི་བསྟན་དོན་གྱི་བརྗོད་ཚུལ་ཡང་ཨོ་གྷོ་སི་ཀྲིན་གྱི་<<ལྷ་མཆོག་གི་ཞིང་ཁམས>>(the city of God)ནང་གི་བརྗོད་སྟངས་དང་འདྲ་པོ་རེད།>> ཅེས་ཟེར། ཡེ་ཤུ་པས་ལྷ་སྒྲུང་བཤད་ཀྱང་འཛམ་གླིང་གི་ཆོས་ལུགས་པ་གྲངས་འབོར་མང་ཤོས་ཀྱིས་ཁས་བླང་བྱ་ཞིག་རེད། ཁྱོད་འདྲ་བོ་གནས་ལུགས་མེད་མཁན་གང་ཟག་ཅིག་གིས་གནས་ལུགས་མི་ཚེ་གཅིག་ལ་བཤད་ཀྱང་། རྗེས་འབྲང་མི་གཅིག་ཀྱང་མི་རག་ཁོ་ཐག་ཡིན། དེ་ནི་བཤད་རྒྱུ་ལ་གནས་ལུགས་ཡོད་མེད་གང་ལྟར་ཡང་། འཆད་མཁན་རང་ལ་ལྷག་བསམ་དང་། ཆོད་སེམས། གཞན་ཕན་ཡོད་མེད་ལ་རག་ལས་པ་རེད། གང་ཟག་རང་ཉིད་ལ་ལྷག་བསམ་མཚུངས་མེད་ཅིག་དང་། འབད་བརྩོན་ལྷོད་མེད་ཅིག་ཡོད་ན། བྱ་བ་ཆེ་ཆུང་གང་ཡིན་ཡང་། མཁས་བླུན་ཇི་ལྟར་ཡང་མཇུག་འབྲས་ཡོད་ངེས་པ་དང་། རང་ཉིད་ལོག་ལམ་དུ་འགྲོ་བཞིན་པའི་གང་ཟག་ཅིག་གིས་ལམ་བཟང་པོ་སྟོན་ཁུལ་བྱས་ཀྱང་། སུ་ཡིས་ཡིད་རྟོན་བྱས་ཏེ་གཏན་ནས་མི་སྲིད་དོ། །ལུས་ངག་ཡིད་གསུམ་གྱི་སྦྱོར་བ་གཅིག་མཚུངས་སུ་སོང་ན། གོམ་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་མི་འགྲུབ་པའི་བྱ་བ་ཞིག་གཏན་ནས་མེད་པའི་བདེན་དཔུང་བྱ་ཐུབ། ལྷ་སྒྲུང་དང་། ཀླུ་སྒྲུང་གང་ལྟར་ཡང་སེམས་ཅན་མོས་པ་སྣ་ཚོགས་ཡིན་དུས་རྩ་ནས། རང་རང་ལ་ཕན་བདེ་སྟེར་བའི་ནུས་པ་དང་། རེ་འདོད་བསྐང་བའི་ཐབས་ལམ་ཆ་ཤས་སུ་དབྱེ་ན་འགྲིགས་པ་རེད། རྫུན་མ་ལ་དགའ་བའི་གང་ཟག་ལ་བདེན་པ་ཇི་ལྟར་བཤད་ཀྱང་། རྣ་བར་མི་སྙན་པ་དེ་སེམས་ཅན་གྱི་ལས་སྣང་རེད། དེ་ཕྱིར་དྲང་དོན་རྫུན་མའི་གདུལ་བྱ་ལ་ངེས་དོན་སྟོན་མི་རུང་བ་དང་། ངེས་དོན་གྱི་གནས་ལུགས་དེ་དྲང་དོན་པའི་ཁོང་དུ་མི་ཆུད་པའང་གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཡོད་དམ་བསྙམ།
ཡང་ཁོས་<<ནང་བསྟན་ཆོས་ལུགས་ཀྱིས་དེང་དུས་ཀྱི་མིའི་དགོས་མཁོ་སྐོང་ཐུབ་ཚུལ་སོགས་ཀྱིས། ཁོང་གི་སྐད་ཆ་ཤོད་སྟངས་དེ་ཡང་ཏཱ་ལའི་བླ་མ་མཆོག་གིས། བརྒྱ་ལོ་ཉེར་གཅིག་པའི་ནང་སངས་རྒྱས་པའི་གཞུང་གི་དགོངས་དོན་འགྲེལ་བཤད་སྐྱོན་སྟངས་དང་འདྲ་པོ་རེད།>>ཅེས་ཟེར། ནང་བསྟན་རིག་གཞུང་གིས་འཛམ་གླིང་སྤྱི་ལ་བག་ཆགས་བཞག་པ་ནི་ཧ་ལས་པ་ཞིག་རེད། འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་ལ་ནང་ཆོས་ལ་སློབ་ཁུལ་བྱས་ཤིང་། མཐར་ཤར་ནུབ་ཀྱི་གྲོང་འཁྱེར་ཆེ་ཆུང་འདྲ་མིན་ཉུལ་ཏེ། མི་རིགས་འདྲ་མིན་དང་། ཆོས་ལུགས་འདྲ་མིན་གྱི་ལྟ་གྲུབ་དང་། བསམ་བློ། བླང་དོར་བྱ་བའི་བརྒྱུད་རིམ་ལ་བསམ་གཞིག་བྱེད་དུས། ངོ་མ་སྟོན་པ་ཤཱཀྱ་ཐུབ་པ་དང་། བསྟན་པ་ལུང་རྟོགས་གཉིས་ལ་དད་གུས་སྔར་ལས་ཆེ་ཞིང་། ཡིད་ཆེས་ལྡོག་མེད་ཅིག་སྐྱེ་ཡོང་གི་འདུག གང་ཡིན་ཞེ་ན་གཞན་ཕན་འབའ་ཞིག་དོན་དུ་གཉེར་བ་དང་། དེ་ཡང་གཞན་ལ་ཕན་པ་སྒྲུབ་སྟངས་དང་། སྡུག་བསྔལ་སྤོང་ཚུལ་དེ་དག་དབང་པོ་རབ་འབྲིང་ཐ་གསུམ་ལ་དགོངས་ཏེ། ཐབས་ཚུལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བསྟན་པ་དང་། དེ་ཡང་སེམས་ཅན་ཉི་ཚེ་བ་དང་། རང་ཕྱོགས་གཅིག་པུ་མ་ཡིན་པར་སེམས་ཅན་ཐམས་ཅད་བློའི་ཡུལ་དུ་བྱ་དགོས་ཚུལ་གསུངས་པ་ནི། བླ་ན་མེད་པའི་ཐུགས་བསྐྱེད་ཅིག་ལོས་ཡིན། གང་ཟག་ཕྱོགས་རེ་བའི་དོན་སྒྲུབ་པར་འདོད་པའི་ཆོས་ལུགས་པ་མང་ཡང་། སྐྱེ་འགྲོ་ཡོད་དོ་ཅོག་བློའི་ཡུལ་དུ་བཟུང་སྟེ་སེམས་བསྐྱེད་དགོས་ཞེས་གདམས་ངག་སྟོན་མཁན་ནི་བདག་ཅག་གི་སྟོན་པ་ཁོ་ནའོ། །དེ་ཕྱིར་མཁན་པོ་མཆོག་གིས་ནང་བསྟན་ཆོས་ལུགས་ཀྱིས་མིའི་དགོས་མཁོ་སྒྲུབ་ཐུབ་པར་གསུངས་པ་དེ་དོན་མཐུན་རེད། སྔོན་མ་ཞིག་ལ་བཤད་མྱོང་བ་དང་། དེ་དང་འདྲ་བ་ཙམ་གྱིས་བཤད་མི་ཆོག་པ་ཡིན་ན། ཁྱོད་རང་གིས་ཁ་ལྕགས་གཟེར་རྒྱག་དགོས་ཐུག་ས་རེད། ཁྱོད་ཀྱི་ངག་ནས་ཐོན་པའི་ལུགས་གཉིས་ཀྱི་གཏམ་དང་། ཐ་ན་ཟ་ཉལ་འགྲོ་འདུག་གི་བྱ་བ་དང་འབྲེལ་བའི་བརྡ་ཆད་མཐའ་དག བོད་པའི་མེས་པོ་ཚོས་བརྗོད་ཟིན་པ་དང་། བཤད་མྱོང་བ་ཤ་སྟག་ཡིན་པས་སོ། གོང་ས་མཆོག་གིས་ཀྱང་བདེན་བཞིའི་དོན་སྟོན་མི་རིགས་ཏེ། ཤཱཀྱ་ཐུབ་པ་དང་། ཡོངས་འཛིན་རྣམ་པས་སྔོན་མ་ནས་གསུངས་ཟིན་པའི་ཕྱིར། ཟེར་ན་སུའི་རྣ་བར་འགྲོ་སྟེ་འགྲོ་མི་སྲིད་དོ། །
ཡང་ཁོས་<<མདོར་ན། ཁོང་གི་དཔོད་འབྲིའི་དེབ་གཟུགས་དེ་གཉིས་ནང་བསྟན་གྱི་གཞུང་དང་། ཏཱ་ལའི་བླ་མའི་གསུང་བཤད་ནང་ནས་ཡར་བཅད་མར་བཅད་དང་། ལ་བཏུས་ལུང་བཏུས་ཀྱིས་གྲུབ་པའི་ཕུང་པོ་ཞིག་རེད་འདུག་པས། དེའི་ནང་ན་སྐད་ཆ་གསར་པ་ཞིག་བཙལ་ཡང་རྙེད་དུ་མེད། ཡིན་ནའང་གོང་དུ་བརྗོད་པ་བཞིན། རང་བསྟན་མཚན་ཉིད་རིག་པའི་བློ་སྦྱོང་ཞན་པའི་མི་ཞིག་ལ་མཚོན་ན་ཁོང་གི་དཔེ་གཟུགས་དེ་དག་ནི་དུས་ཀྱི་སྒྲོན་མེ་དང་ཟླ་འོད་རང་ཡིན་པ་རེད། དེ་ནི་དོན་དག་གཞན་ཞིག་སྟེ་རྒྱ་ནག་ན་དེའི་སྐོར་གྱི་ཚོང་ར་ཆེའོ།།>> ཞེས་ཟེར། ཁྱེད་རང་གིས་བཤད་པ་དེ་ཕྱོགས་གཅིག་ནས་བདེན་པ་རེད། ཁོང་གིས་བྲིས་པའི་དེབ་གཉིས་པོ་དེ་ཡང་བློ་གྲོས་གསར་བུ་བ་དང་། ཆོས་དང་། དཀོན་མཆོག་ལ་དད་པ་ཡོད་མཁན་གྱི་བོད་མི་ངོ་མ་དང་། མི་རིགས་གཞན་པ་དགེ་བློ་ཅན་ཚོའི་ཆེད་དུ་ཡིན་པ་ལས། ཁྱོད་འདྲ་བའི་ཆོས་དྲེད་བསྡུས་རྟགས་བློ་གསུམ་གྱིས་ཡིད་ཚིམ་ཞིང་། སྒོར་མོའི་རིན་ཐང་ལས་མི་ཤེས་པ་ཚོའི་ཆེད་དུ་བྲིས་པ་ཞིག་གཏན་ནས་ཡིན་རྒྱུ་མ་རེད། ཁོང་རྒྱ་ནག་ལ་ཆོས་འཚོང་དུ་འགྲོ་མི་དགོས་པར། དད་ལྡན་སློབ་མ་ཚོས་ཡར་འཚོལ་ནས་ཡོང་བཞིན་པ་རེད། ཁྱོད་ཀྱིས་བལྟས་ན་མཁན་པོ་མཆོག་ཀྱང་དོན་མེད་དོན་ལོག་གི་ཆོས་སྟོན་བཞིན་པའི་རྒྱ་བླ་རྒྱུ་འབྲས་མེད་པ་དེ་ཚོ་དང་འདྲ་བོ་མཐོང་གི་ཡོད་ས་རེད་དེ། དེ་ནི་ཁྱོད་རང་གིས་ཡིད་ཚོད་ཙམ་ལས་བླ་རུང་ལ་རྒྱུས་ལོན་གཏན་ནས་མ་མྱོང་བའི་ལོག་རྟོག་འབའ་ཞིག་རེད། བླ་རུང་གི་མིང་ཁུར་མཁན་ཚང་མ་མི་ཤེས་མོད། དེར་བཞུགས་པའི་མཁན་ཆེན་རྣམ་པ་ནི་རྒྱའི་སློབ་མ་ཚོས་གོང་དུ་བཀུར་བ་ལས། ཁོང་རྣམ་པ་རྒྱ་སློབ་འབྱོར་ལྡན་འཚོལ་དུ་སོང་སྟེ། མ་ཡིན་ན་ཡང་ཡིན་མདོག་གིས་མགོ་བསྐོར་གཏོང་སྡོད་མཁན་དེ་འདྲ་གཏན་ནས་མ་རེད།
ཡང་ཁོས་<<དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་གྱི་རྩ་ཚིག་ལ་རིགས་དཔྱོད་སོང་ཟིན་པའི་མི་ཞིག་ལ་མཚོན་ན། བསོད་དར་གྱི་ནང་བསྟན་མཚན་ཉིད་རིག་པའི་ཤེས་རྟོགས་ལ་དེ་ཙམ་ཧ་ལས་དགོས་རྒྱུ་མི་འདུག ཁོང་རང་དེ་སྔོན་མདོ་ཁམས་འཇང་དགུན་ཆོས་སྟེང་གི་དབུ་མའི་བགྲོ་གླེང་དུ་ཕེབས་སྐབས། བདག་ནི་རྟགས་གསལ་གྱི་རིགས་ལམ་ལ་བྱང་ཆ་མེད་ཟེར་ནས་མཉམ་བཞག་གི་ཚུལ་དུ་གནས་འདུག་པ་ནི། ཏག་ཏག་དེའི་ཐད་ཀྱི་ཤེས་ཚད་ཞན་པོ་ཡིན་པ་མཚོན་ཐུབ། སྐབས་དེར་དེ་སྔོན་རྒྱ་ནག་གི་སློབ་ཆེན་ཁག་གི་འཆད་སྟེགས་སྒང་གི་གདེང་སྤོབས་དེ་མཐོང་རྒྱུ་དང་མངོན་རྒྱུ་མེད་སོང་པ་རེད། ཁོང་གི་ཤེས་རྟོགས་ཀྱི་གདེང་སྤོབས་དེ་ཡང་ངེད་ནི་སྙན་ངག་པ་ཡིན་ཟེར་མཁན་དག་གལ་ལ་ཐུག་ན་ཚོར་པ་འགག་འགྲོ་བའི་སྣང་ཚུལ་དང་གཅིག་པ་རེད།>>ཅེས་ཟེར། ཁྱོད་རང་མ་ཤེས་ན་ཡང་ཤེས་མདོག་སྟོན་པ་ལ་དགའ་བའི་གང་ཟག་ཅིག་ཡིན་པ་ཅི་ལ་མི་རྟོགས། ཚད་མ་རྣམ་འགྲེལ་གྱི་རྩ་འགྲེལ་ཁོང་དུ་ཆུད་པའི་གང་ཟག་ཅིག་གིས་གཏམ་འདི་འདྲ་བཤད་མི་སྲིད་པས། ཁྱོད་རང་ཁ་རོག་ལ་བསྡད་ན་ལེགས་པར་སེམས། ཚད་མ་རྣམ་འགྲེལ་ལ་ངེས་ཤེས་དེ་འདྲ་ཞིག་ཡོད་ན། སྟོན་པ་ཚད་གྲུབ་ཀྱི་གྲུབ་དོན་ཡིད་ལ་མེད་པ་ཇི་ལྟར་ཆགས་སོང་། མངོན་གྱུར་གྱི་ཆོས་ལས་ལྐོག་གྱུར་རྩ་བ་ནས་ཁས་མི་ལེན་པའི་རྒྱང་འཕེན་པ་ནང་བཞིན་གྱུར་པ་དེ། རྗེས་དཔག་གི་རྟགས་དང་། གཏན་ཚིག ཚད་མ་ལ་ཡིད་ཆེས་རྙེད་ནས་རེད་པས། ངོ་མ་དགོད་ཁ་འཆོར་བའི་གཏམ་རང་རེད། ཡང་ན་དང་པོ་གཏམ་མ་བཤད་པའི་སྔོན་ནས་ཁྱོད་རང་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པ་ཁས་ལོངས་ཤིག མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་བྱིན་རླབས་སྙིང་ལ་འཕོས་པའི་གང་ཟག་ཅིག་ཡིན་ནས་བཟུང་། རྫུན་དང་གཡོ་སྒྱུའི་སྐོར་མགོ་མེད་པ་དེ་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་བར་སྤོབས། དེ་ཕྱིར་མཁན་པོ་ཁོང་གིས་ཀྱང་ཁེངས་བསྐྱང་ངམ། ཡང་ན་རིགས་ལམ་ལ་བྱང་བ་དེ་ཙམ་མེད་པའི་རྒྱུ་མཚན་གྱིས་དྲང་མོར་གསུངས་པ་ཡིན་རྒྱུ་རེད། དེ་མིན་གང་ཡང་མི་ཤེས་ན་ཡང་ཅིར་ཡང་སྨྲ་འདོད་པ་ཁྱོད་རང་འདྲ་བོ་ཡིན་ན་ཞབས་འདྲེན་རེད། དེང་སང་ཁྱེད་ཅག་སྙན་ངག་ཁ་ཆག་མ་གྱེར་མཁན་ཚོ་མཁས་པའི་འགྲམ་ལ་བསླེབ་དུས་ཚོར་བ་འགག་འགྲོ་བ་ཁག་ཅི་ཡོད། གཞུང་ལུགས་དང་། ལྟ་གྲུབ་མེད་པའི་འཆར་ཡན་པའི་གཏམ་འཆལ་ཞིག་རེད། དེ་ནི་མཁས་པའི་ཚོགས་སུ་དབྱུང་རུང་བའི་གཏམ་ཞིག་གཏན་ནས་མ་རེད། དཔེར་ན་སེང་རྡོར་མཚོ་སྔོན་རྒྱང་འཕྲིན་ཁང་དུ་སྐད་བཏང་སྟེ། སྙན་ངག་གསར་བའི་ཁྱད་ཆོས་འདྲི་དུས། ཉག་ཕ་གིར། ཉག་ཕ་གིར། ཞེས་ཐེངས་འགའ་ཞིག་བཀླག་ནས་བུད་སོང་། དེ་ནི་སྙན་གསར་ཁ་ཆག་མ་ལ་གཞུང་ལུགས་དང་། ལྟ་གྲུབ་མེད་པའི་རྒྱུ་མཚན་གྱིས་རེད།
ཡང་ཁོས་<<ཡང་ཁོང་དེ་སྔོན་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་ཕེབས་ནས་འཆད་ཁྲིད་འདྲ་པོ་དང་ཞིག་དང་། དྲི་བ་དྲིས་ལན་གྱི་ཆོ་ག་འདྲ་པོ་ཞིག་སྤེལ་བའི་སྐབས་དེར་ཁོང་གི་ཞལ་འཛུམ་ཁྲོད་ནས། དོགས་སྣང་མ་བདེ་བའི་ཚོར་པ་ཞིག་ལྷན་གྱིས་མངོན་འོང་ལ། དྲིས་ལན་དག་ལ་ཞིབ་ཀྱིས་ཉན་ནས་འོངས་ནའང་། རྒྱ་ནག་ཏུ་སྐད་གྲགས་ཆོད་པའི་མཁན་པོ་ཞིག་གི་ལན་འདྲ་བོ་ཞིག་གི་ཉམས་སྣང་ཁྱོན་ནས་སྤྲད་མ་སོང་། ཏག་ཏག་ཁོང་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་ཕེབས་ནས་ཨོ་གྷོ་སི་ཀྲིན་གྱི་སྐད་ཆ་ཤོད་སྟངས་ལྟར་བྲན་བསྒྱུར་གྱི་སྐད་ཆ་བཤད་སོང་།>> མདོར་ན། གལ་སྲིད་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་རྣམ་པས་གདན་ཞུས་ཀྱི་མཁན་པོ་དེ་ཁྱེད་རང་ཡིན་ན། ཇི་ལྟར་བཤད་ས་རེད། ཁྱོད་རང་གིས་ནམ་རྒྱུན་དྲ་ཐོག་ཏུ་བྲིས་པའི་རྩོམ་འཆལ་འདི་ཚོ་ལ་བལྟས་ན། དེ་འདྲའི་འཆད་སྟེགས་སྟེང་ལ་བསླེབ་སོང་ན་ཁ་གྲགས་འགུལ་མེད་པར་ངག་ལྐུགས་པ་དང་། སེམས་ལ་དྲན་རྒྱུ་མེད་པར་ཡིད་ལྐུགས་པ་ཞིག་ཏུ་འགྱུར་ངེས་སོ། །
ཡང་ཁོས་
<<ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་ནི་བོད་པའི་མི་གཞིའི་གས་ཁ་འཆོར་བྱེད་ལྟ་བུ་ཞིག་བཤད་སོང་། བོད་པའི་ན་གཞོན་ཕོ་མོ་མང་ཤོས་ལ་ཀུན་སྤྱོད་ཡག་པོ་མེད་པ་དང་། དེའི་གནད་ནི་ཆོས་ལུགས་ཀྱིས་བསྐྱེད་ཅིང་བོད་ཀྱི་སྲོལརྒྱུན་རིག་གནས་སུ་གྱུར་པའི། རྒན་པར་བཀུར་བཟོ་བྱེད་སྟངས་དེ་ཉམས་ཆག་ཏུ་ཕྱིན་པ་དེར་ཐུག་ཡོད་ཚུལ་བཤད། བོད་པའི་ན་གཞོན་ཕོ་མོ་མང་ཤོས་ལ་ཀུན་སྤྱོད་ཡག་པོ་མེད་པ་དེ། ཁྱིམ་ཚང་གི་ཁོར་ཡུག་སྒེར་གཅོད་ཀྱིས་གྲུབ་ཅིང་སློབ་གྲྭའི་ཁོར་ཡུག་རུལ་སུངས་ཀྱིས་གྲུབ་པའི་གནད་དེར་ཐུག་ཡོད་པ་ལས། ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་ཀྱིས་དེ་འདྲ་ཞིག་བཟོས་བཞག་པ་ཞིག་ག་ནས་ཡིན་ཏེ་མ་ཡིན་ནོ། །
ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་དང་། བོད་ཀྱི་ནང་བསྟན་མཚན་ཉིད་རིག་པའི་ཐད་ནས་ངེད་གཉིས་ངོ་འཕྲད་ནས་རྩོད་སྒྲུབ་བྱེད་དགོས་པ་རེ་འདུག་ཀྱང་། མདོ་ཁམས་འཇང་དགུན་ཆོས་སྟེང་ནས་ལྕེ་ཡོད་ཀྱང་སྐད་ཆ་མེད་པའི་རང་གཟུགས་མངོན་པ་དེ་རྟོགས་འོང་དུས། ངེད་ཀྱིས་ཁོང་གི་ཤེས་ཚད་ག་འདྲ་ཞིག་ཡིན་པ་གཞི་ནས་གསལ་བོར་ཤེས་ཐུབ། ཡིན་ནའང་། གོ་སྐབས་ནམ་འགྲིག་ལ་གོང་དུ་བརྗོད་པ་དེ་དག་གི་ཐད་ནས་དྲི་བོ་རྣོ་ངར་ཅན་སྐོར་ཞིག་ཡོད་ལ་ཁོང་ལ་གདོན་ངེས་ཀྱང་ཡིན།>>ཞེས་ཟེར། ནུབ་ཕྱོགས་པའི་རང་དབང་རིང་ལུགས་ཟེར་བ་དེ་རྫུན་མ་ཞིག་རེད། ཁ་ནས་རང་དབང་ཞེས་བཤད་པ་ལས། ཆབ་སྲིད་ཀྱི་གནད་འགག་ལ་ཐུག་ཡོང་དུས། རང་དབང་ངོ་མ་དེ་སུ་ལ་ཡང་སྤྲད་མི་སྲིད། དེ་མིན་ཕན་གནོད་ཆེན་པོ་མེད་པའི་རིགས་ལ་རང་དབང་ཡོད་པའི་རྣམ་པ་ཙམ་ཡོད། དབྱིན་ཇིའི་རྒྱལ་རྒྱུད་ཡིན་ནས་བཟུང་སྔོན་མ་ཡེ་ཤུ་གསར་མ་ལས་བྱས་མི་ཆོག་པ་དང་། དེང་སང་ཡེ་ཤུ་གསར་རྙིང་གཉིས་ལས་འདའ་མི་ཆོག་པར་ཁྲིམས་སུ་བཅས་ཡོད། སྤྱིར་བཏང་ནུབ་ཕྱོགས་སུ་ཆོས་ལུགས་འདྲ་མིན་ཉམས་སུ་ལེན་པ་དང་། སྒྲུབ་ཆོག་པ་དེ་ཡོངས་གྲགས་རེད། ཡིན་ན་ཡང་སྲིད་གཞུང་རང་ལ་རང་གི་སྲོལ་རྒྱུན་གྱི་ཆོས་ལུགས་ལས་མེད་པ་རེད། གང་ལྟར་ཡང་ཆོས་དང་། འཇིག་རྟེན་གང་ཡིན་ན་ཡང་ཁྲིམས་དང་། ལུགས་སྲོལ་ཞིག་གི་ར་བ་ལས་མ་འདས་པར་བྱས་དགོས། ཁྲིམས་མེད་ལུགས་མེད་ཀྱི་སྲོལ་གསར་རྙིང་གང་ལྟར་ཡང་རྙིང་པོ་མེད་པའི་ལུགས་སྲོལ་རེད། དཔེར་ན་དབྱིན་ཇིའི་མི་སེར་བྱེ་བ་དྲུག་བཅུའི་ཕྱེད་ཀ་མྱོས་བྱེད་ཀྱི་རྫས་ངན་བསྟེན་བཞིན་པ་རེད། དེ་ཡང་རང་དགར་བཤད་པ་མ་ཡིན་པར་དབྱིན་གཞུང་གི་རྩ་ཁྲིམས་ཐོར་བུའི་ནང་ཐོ་འགོད་བྱས་ཡོད་པ་རེད།
ཆབ་སྲིད་ཕྱོགས་ནས་བཤད་ན་ལྟར་སྣང་ལ་གུ་ཡངས་ཀྱི་རྣམ་པ་མཐོང་ཐུབ་ཀྱང་། དོན་དངོས་ལ་བསམ་ན་རྒྱ་ནག་ལས་བརྒྱ་འགྱུར་གྱིས་དམ་པོ་རེད། ནུབ་ཕྱོགས་པའི་ཆབ་སྲིད་ནི་ཤར་ཕྱོགས་པའི་རྒྱལ་ཁབ་ཁག་ལ་ལྟོས་ན་སྲ་བརྟན་དུ་གྱུར་ཟིན་པ་དང་། རྒྱ་ནག་གི་ཆབ་སྲིད་ནི་ད་དུང་ནར་མ་སོན་པའི་བྱིས་པ་དང་གཅིག་པས། ད་ལྟ་གང་དུ་འགྱུར་ངེས་པ་གཏན་མེད་རེད། གནའ་བོའི་རྒྱ་ནག་པའི་ཆབ་སྲིད་ཀྱི་འཛམ་གླིང་འདིའི་གོང་ལ་གྲགས་པ་ཡོད་ཀྱང་། གསར་བརྗེ་བ་ཚོས་ཡོད་ཚད་བསྒྱུར་བཅོས་ཀྱིས་གསར་བའི་ལམ་དུ་བསྐྱོད་བཞིན་པ་ཡིན་པས། རང་གི་ལུགས་སྲོལ་འདོར་ཏེ་གཞན་ལ་ལད་མོ་བྱེད་པ་ནི། གཞན་གྱི་རྗེས་སུ་འབྲང་བ་ལས། རང་ལུགས་ཤོར་ཚར་བ་རེད་ཅེས་བཤད་ན་ཆོག རང་ལུགས་མ་འཆོར་ན་ལྟར་སྣང་རྣམ་པ་རྡུག་ཀྱང་དོན་ལ་རང་ཚུགས་ཟིན་པ་རེད། རང་ཉིད་ཀྱི་ལམ་ལུགས་ཡོངས་རྫོགས་གཏན་མེད་དུ་སོང་རྗེས། རྣམ་པ་ལ་ཆོས་དཔལ་སྲིད་གསུམ་ཇི་ལྟར་རྒྱས་པ་ལྟར་མཐོང་ཡང་། དོན་ལ་ལུགས་གཉིས་ཀྱི་ཕམ་ཁ་ངོ་མ་ཉོས་པ་རེད། ཕམ་ཁ་དེ་ད་ལྟ་མངོན་གྱུར་མེད་ཀྱང་། དུས་རབས་གཅིག་འདས་པ་དང་ད་གཟོད་མཐོང་ཐུབ། དེ་དུས་འགྱོད་ན་ཡང་སླར་བཅོས་སུ་མེད་པའི་སྡུག་བསྔལ་རེད། དེ་ཕྱིར་འཛམ་གླིང་གཅིག་དང་། འཁྲུལ་སྣང་གཅིག་ཟེར་བ་དེ་ནི་ནུབ་ཕྱོགས་པའི་བསྒྲགས་པའི་གཏམ་ཞིག་རེད། ཡོད་ཚད་ནུབ་ཕྱོགས་པའི་ཆབ་དཔལ་ཚན་གསུམ་གྱི་འོག་ཏུ་ལྷུང་ཚར་དུས། བསུབ་མེད་ཀྱི་ནག་ཉེས་ཤིག་དང་། སངས་མེད་ཀྱི་སྡུག་བསྔལ་ཞིག་གི་ནོན་ནས་འདུག་རྒྱུ་ལས་ཐབས་ལམ་གཞན་གཏན་མེད་རེད། གཞན་གྱི་བྲན་དུ་ལྷུང་ན་ཡང་ནང་གི་ལྟ་གྲུབ་དང་། ཕྱིའི་སྐད་ཡིག་དང་། ཆས་གོས་མ་ཉམས་པ་ཡིན་ན། ནམ་ཞིག་ན་རང་ཉིད་ཀྱི་རྒྱལ་ཁ་ལོན་ངེས་ཡིན། དེ་མིན་ཇི་ལྟར་བཤད་ཀྱང་སྟོང་བ་རེད། གང་ལྟར་སེམས་ཀྱང་སྡུག་བསྔལ་རེད། ཀུན་སྤྱོད་བཟང་ངན་ཟེར་བ་དེ་སློབ་གྲྭ་ནས་རྙེད་རྒྱུ་ཞིག་མ་རེད་ལ། ཆོས་ལུགས་པས་སྤྲོད་ཆོག་ཆོག་ཅིག་མ་རེད། དེ་ནི་བྱམས་པ་དང་། སྙིང་རྗེའི་གཞི་རྩར་བྱས་པའི་ལྟ་གྲུབ་ཡོད་མེད་ལ་རག་ལས་པ་ཞིག་རེད། དེ་ལྟ་བུའི་ལྟ་གྲུབ་དེ་ཡུལ་མི་བྱིངས་ལ་མེད་ཀྱང་། ཡུལ་གྲུ་དེར་དབང་བསྒྱུར་བའི་ཆོས་པ་དང་། ཆབ་སྲིད་པ། འབྱོར་ལྡན་གང་རུང་ལ་ཡོད་ན་ཡང་ཕན་པ་ཞིག་རེད།
དེ་མིན་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་རྩ་བ་ནི་འགྲན་རྩོད་རེད། འགྲན་རྩོད་ཀྱི་རྩ་བ་ནི་ང་བདག་རེད། ང་དང་བདག་ཁོ་ན་གཙིགས་སུ་འཛིན་པའི་ལྟ་གྲུབ་ཇི་ལྟར་མཐོ་ན། འཇིག་རྟེན་འདིའི་ཕན་བདེ་ཟེར་བ་དེ་མིང་ཙམ་ལས་མེད་པ་རེད། འཇིག་རྟེན་འདིའི་མི་འདོད་པ་ཐམས་ཅད་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་ལས་བྱུང་བ་ཡིན་པ་ཤེས་ཐུབ་སོང་ན། ད་གཟོད་མི་དེ་མི་གསོན་པོ་དང་། རྣམ་དཔྱོད་ཅན་ཞིག་ཏུ་འཇོག་ཏུ་རུང་བར་སེམས། དེ་མིན་སེམས་ལ་དྲན་རྒྱུ་ང་། ཁ་ནས་བཤད་ན་ང་། ལུས་ཀྱིས་ལས་ན་ང་། སེམས་ཅན་ཚང་མས་རང་མ་གཏོགས་གཞན་ལ་བསམ་བློ་མ་བཏང་ན། མི་དེ་ནི་དུད་འགྲོ་ལས་ཀྱང་ལོད་པ་ཞེས་སྨྲ་བར་འདོད། དེ་ཕྱིར་གཞན་ཕན་དང་། བྱང་ཆུབ་ཀྱི་སེམས། སྙིང་རྗེ་རྣམས་ཀྱི་གང་ཟག་སུ་ཞིག་གི་རྒྱུད་ལ་ཡོད་ན། ཆེས་གཞལ་དུ་མེད་པའི་ཡིད་བཞིན་གྱི་ནོར་བུ་དང་། དེ་ལ་སེམས་པ་ཙམ་ཡོད་ནའང་འཇིག་རྟེན་གྱི་རྒུད་པ་བསལ་བའི་སྨན་མཆོག་དང་། བྱམས་སེམས་དེའི་སྦྱོར་བ་ལུས་ངག་ལ་མ་འཕོས་ཀྱང་འཇིག་རྟེན་ན་རིན་ཐང་གཞལ་དུ་མེད་པའི་དངོས་པོ་ཞིག་རེད། ཁྱོད་རང་མཁན་པོ་མཆོག་དང་ལྷན་དུ་བདག་མེད་དང་། བདག་ཡོད་སྨྲ་བའི་ལྟ་གྲུབ་གཉིས་ཕན་ཚུན་རྩོད་འདོད་ན་རང་གིས་འདོད་པ་རེད།
ཡང་ཁོས་
<<དེ་རིང་བྱེ་བྲག་གི་བརྗོད་དོན་ནི་བསོད་དར་གྱི་མགོ་བདེ་དྲན་འཕྲུལ་སྐོར་ནས་ཡིན་ཙ་ན། དེ་ཉུང་བསྡུས་ཀྱིས་བཤད་པར་བྱ། ཁ་སང་དགོང་མོར་གསེར་རྟ་སྒར་གྱི་ཇོ་མོའི་ཤག་སྒར་ལ་མེ་སྐྱོན་བྱུང་བས། སྟེང་ནས་གནས་ཚུལ་ཛ་དྲག་ཏུ་བརྩིས་ནས་ཀུན་གྱིས་བརྒྱུད་བསྐོར་སྣ་ཚོགས་བྱས། དེ་མཚམས་སུ་བསོད་དར་གྱིས་མེར་འབར་བའི་འདྲ་པར་དག་དྲ་ལམ་ནས་གང་སར་མ་བསྐུར། དེ་ནི་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་ཡོད་རབས་བཤད་འདུག ཁོང་གི་སྐད་ཆ་དེས་ངེད་ནི་ལྷབ་སེ་བཏང་སོང་། གང་ལ་ཞེ་ན། ཁོང་ནི་བདེན་པ་བརྗོད་མཁན་ཞིག་དང་མི་གཞི་དྲང་པོ་བྱེད་དགོས་ཟེར་མཁན་གྱི་མཁན་པོ་ཞིག་རེད་པས། དེ་རེབ་ཤག་སྒར་མེར་འབར་བའི་བདེན་པ་མངོན་གསལ་ཅན་འདི་དྲ་ལམ་ནས་མ་བརྗོད། ཟེར་བའི་སྐད་ཆའི་དོན་ག་རེ་ཡིན་ནམ་ཞེས་པའི་དོགས་པ་དེ་སྐྱེས་པས་སོ། །ཞིབ་འདང་རེ་བརྒྱབ་ན། འདང་མི་དཔོག་པ་ཞིག་མ་རེད། ཁོང་གིས་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་འདུག་ཟེར་བའི་རྒྱུ་མཚན་ཙམ་པོ་བ་དེ་ལ་གོ་དོན་གཉིས་ཡོད་པ་འདྲ།
གཅིག་ནི། སྤྱིར་རྒྱ་ནག་གི་ས་གནས་གང་དུ་མེ་སྐྱོན་བྱུང་ན་མེ་གསོད་རུ་ཁག་ཟེར་བའི་ཚོགས་པ་དེས་གནོད་འཚེ་ཕོག་ཡུལ་དེའི་མི་རྣམས་ཀྱི་འདོད་པ་ཡེ་ནས་སྐོང་མི་ཐུབ། ཁོ་ཚོའི་ལས་ཀ་མ་གཞི་ནས་དལ་ལྷོད་ཅན་ཡིན་པའི་སྒང་ལ་མེ་གསོད་འཕྲུལ་འཁོར་ཡང་ཉུང་ངུ་ལས་མི་གཏོང་། བར་སྐབས་དེར་མེ་འབར་བའི་མཇུག་འབྲས་ཚབས་ཆེན་ཡིན། རྒྱ་མི་རྣམས་ཀྱིས་དེ་ལ་ཅང་ཟེར་མི་ཐུབ། ཡིན་ནའང་། གསེར་རྟའི་ཡུལ་ནི་དེ་ལས་ལྡོག་སྟེ་དེའི་ཐད་ནས་རྒོལ་གཤིས་ཤུགས་དྲག་ལྡན་པས། ལྡོག་ཕྱོགས་ཀྱི་སྣང་ཚུལ་འབྱུང་སྲིད་ངེས་ཡིན། ད་རེབ་ལྡོག་ཕྱོགས་ཀྱི་སྣང་ཚུལ་བྱུང་ཚེ་འབྱུང་འགྱུར་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཟེར་བས་བསྐྱར་འཛུགས་ཀྱི་རོགས་དངུལ་ལ་ཚོད་འཛིན་བྱེད་སྲིད། དེ་ནི་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་ཡོད། དེའི་སྒྲུབ་དཔང་གཅིག་ནི། མཁན་པོ་འཇིགས་མེད་ཕུན་ཚོགས་བཞུགས་པའི་སྐབས་སུ་རྒྱ་གཞུང་གིས་གསེར་རྟ་སྒར་གྱི་སྡོད་ཤག་གཏོར་བཤིག་ཚབས་ཆེན་བཟོས་ཀྱང་མཁན་པོ་ལས་སྣེ་རྣམས་ཀྱིས་གྲྭ་དམངས་ལ་ངོ་རྒོལ་མ་བྱེད་ཅེས་གསུངས་པས་ལྡོག་ཕྱོགས་ཀྱི་སྣང་ཚུལ་བྱུང་མེད་པ་དེའོ། །
དེར་བརྟེན། དེའི་རྗེས་ཀྱི་བསྐྱར་འཛུགས་ནི་ཡག་ཐག་ཆོད་བྱུང་ཡོད་རབས་ཁོ་ཚོས་ངག་ནས་བྱུང་བས་མཚོན།
>>ཞེས་ཟེར་། ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་མཚན་དེ་པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་གིས་གནང་བ་ཞིག་རེད། ཆོས་སྒར་དེ་བོད་མིའི་རིག་གཞུང་གི་བསྟི་གནས་དང་། ཆོས་ལུགས་ཀྱི་འབྱུང་ཁུངས། རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཏུ་གྱུར་ཡོད་པས། ཁྱེད་ཅག་ཕྲག་དོག་ཅན་རྣམས་ཀྱིས་བསམ་འཆར་དང་། རྒོལ་བརྡུང་། ཇི་ལྟར་བྱེད་ཀྱང་དོན་དངོས་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཁོང་རྣམས་ཀྱིས་སྤྱི་མོས་བྱས་པ་ལ་བརྟེན་ནས། འདྲ་བར་ཕྱོགས་མཐའ་ཁག་ལ་མ་བཀྲམས་ཞེས་བརྒྱུད་བསྒྲགས་བྱས་པ་རེད། འདྲ་པར་བཀྲམས་མཁན་ཚོས་པར་དེ་བརྒྱུད་ནས་ཆབ་སྲིད་དང་། དཔལ་འབྱོར་འདུ་འགོད་ཕྱོགས་སུ་བསྒྱུར་བའི་ཉེན་ཁ་ཆེ་བས་བཀག་པ་རེད། བླ་རུང་ལ་དཔལ་འབྱོར་ཆར་བཞིན་འབབ་བཞིན་པ་ཡིན་པས། ཕྱོགས་མཐའ་ཁག་གི་སློང་མོ་བ་ཚོས་ཞལ་འདེབས་འབུལ་མི་དགོས། བླ་རུང་ལ་ཆོས་པ་ལས་ཆབ་སྲིད་པ་མེད་པས་ཆབ་སྲིད་ཅན་ཏུ་བསྒྱུར་མི་འོས། དེ་ཕྱིར་འགྲེམས་སྤེལ་བྱ་མི་རུང་བར་བཤད་པ་རེད། གནས་ཚུལ་འདི་འདྲ་བྱུང་དུས་སྲིད་གཞུང་དང་ཆོས་སྒར་བར་དཀྲུག་ཤིང་བཞག་སྲིད་པས། ཚང་མས་ཤིན་ཏུ་ནས་ཀྱང་གཟབ་དགོས། བླ་རུང་ན་བཞུགས་པའི་དགེ་འདུན་པ་གྲྭ་བཙུན་གཉིས་པོས་དུས་ནམ་ཡང་ཡིད་ལ་འཇག་དགོས་པ་ནི། མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་དང་། སྟོན་པའི་བཀའ་དྲིན་རེད། དེ་མིན་ལོག་ལྟ་ཅན་ཚོས་ཇི་ལྟར་བཤད་ཀྱང་ཁ་ཡ་མ་བྱེད་ན་ལེགས་པར་སེམས།
ཡང་ཁོས་<<གཉིས་ནི། གསེར་རྟ་སྒར་གྱི་ཇོ་སྒར་དེའི་ནང་ན་ཇོ་མོ་སྟོང་ཕྲག་བདུན་ཙམ་ཡོད། མང་ཤོས་དགེ་བསྙེན་གྱི་སྡོམ་པ་བཞེས་མཁན་རྐྱང་རེད། ཁོ་ཚོས་བན་དེ་ཟེར་བའི་དགའ་པོ་གཅིག་བཙལ་ཆོག་ས་རེད། ཁྱོད་ལ་བན་དེ་ཨེ་ཡོད་ཟེར་བ་ལྟ་བུ་ནི་ཁོ་ཚོའི་ཁ་པར་གཏོང་སྐབས་རྒྱུན་པར་དྲི་ཆོག་པའི་ལུགས་སྲོལ་དུ་གྱུར་ཚར་འདུག དེར་བརྟེན། གསེར་རྟ་སྒར་ནི་བརྩེ་དུངས་ཀྱི་གླིང་ཚོམས་ལྟར། ཇོ་མོ་དང་བན་དེ་གཉིས་ཀྱི་བརྩེ་དུང་མངོན་པའི་དེང་གི་སློབ་གླིང་ལྟ་བུ་ཞིག་ཏུ་གྱུར་ཡོད། ཉེ་འདབ་ཀྱི་རྫོང་མཁར་དེའི་སྨན་ཁང་དུ་ཇོ་མོ་བྱིས་པ་འདེད་མཁན་མང་པོ་ཆགས་ཡོད། དེ་ནི་རྒྱ་ནག་གིས་ཨེ་ཙའི་ནད་པའི་གྲངས་འབོར་གསང་བ་བཞིན་ཁོ་ཚོས་ཀྱང་བྱ་ངན་དེ་གསང་བ་བྱེད་ཀྱི་ཡོད། ཉེ་སྔོན་ངེད་ཀྱི་གྲོགས་པོ་ཞིག་གསེར་རྟ་སྒར་དུ་ཕྱིན་ནས་འདྲ་པར་མང་པོ་བརྒྱབ་འདུག དེའི་ཁྲོད་ནས་གསེར་རྟ་སྒར་གྱི་དེའུ་འབུར་ཆུང་ཆུང་ཞིག་གི་འགབ་ན། ཕོ་མཚན་མགོ་ལ་བསྐོན་རྒྱུའི་འགྱིག་ཤུབས་སམ་ཡང་ན་སྲུང་ཤུབས་ཀྱི་ཕུང་པོ་ཞིག་ཡོད་པ་དེ་པར་བླངས་འདུག དེའི་མཚོན་རྟགས་ནི། གསེར་རྟ་སྒར་དུ་སྲུང་ཤུབས་སྤྱོད་པའི་གྲངས་ཚད་མཐོ་རུ་ཕྱིན་པ་དེ་མཚོན་ཐུབ་པར་མ་ཟད། གསེར་རྟ་རྫོང་གི་སྲུང་ཤུབས་ཀྱི་ཚོང་ནི་བྲིན་ཤོས་སུ་གྱུར་སྐད་འདུག དེར་བརྟེན། གསེར་རྟ་སྒར་གྱི་ཁྱིམ་པ་སུན་འབྱིན་གྱི་སྣང་ཚུལ་དེ་དག་དད་ལྡན་མང་ཚོགས་ཀྱིས་ཤེས་ཐུབ་པའི་མཐུན་རྐྱེན་མང་ནས་མང་དུ་འཕེལ་གྱིན་ཡོད། ལྷག་ཏུ་དེ་རེབ་ཀྱི་སྣང་ཚུལ་དེ་དྲ་ལམ་ནས་ཤུགས་ཆེན་པོར་གླེང་ན་དེའི་ཞོར་དུ་གསང་བ་ཆེན་པོ་དེའི་རྐུབ་ཀྱང་རང་བཞིན་གྱིས་མངོན་འོང་སྲིད། གལ་སྲིད། སྣང་ཚུལ་དེ་དག་དད་ལྡད་མང་ཚོགས་ཀྱིས་ཤེས་ན་དེ་ནི་ཏག་ཏག་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་ཡོད། དར་རྒུད་ཁ་ལ་འཁྱེར་ནས་གཞུང་ལ་ངོ་སྲུང་དང་དམངས་ལ་གཅམ་གསག་སྨྲས་ཏེ། གསེར་རྟ་སྒར་གྱི་ནང་སྙིང་རྫོབ་རོ་དེ་སྦས་གྲབས་བྱེད་ཀྱིན་ཡོད་པ་རེད།>>ཅེས་ཟེར། ད་འདི་ནས་ཁྱོད་ནི་བོད་མི་རིགས་ལ་དུང་སེམས་དཀར་བའི་ལ་རྒྱ་ཅན་ཞིག་དང་། རིག་གཞུང་ལ་དུང་བ་ཟབ་པའི་བོད་ཀྱི་མི་བུ་ཞིག་མ་ཡིན་པ་གཞི་ནས་རྟོགས། ཁྱོད་ནི་ངོ་མ་མི་རིགས་ཀྱི་ཞབས་འདྲེན་དང་། བོད་ཀྱི་རིག་གཞུང་དང་། དགོན་སྡེ་ཡོད་ཚད་ནས་ཡོད་ཚད་མེད་ན་བསམ་པའི་ཞེ་ངན་འཆང་བའི་གང་ཟག་ཅིག་ཡིན་པ་ཅིས་མི་རྟོགས། གསེར་རྟ་སྒར་ལས་ལྷག་པའི་ཆོས་སྒར་ཞིག་དང་། གྲྭ་བཙུན་གཙང་བ། ཕྱི་ནང་གཉིས་ལྡན་ཞིག་འཇིག་རྟེན་འདིར་མེད་ངེས་པས། ཁྱེད་རང་ཕྲག་དོག་གིས་སྨྱོས་པའམ། ཡང་ན་ཕྲག་དོག་ཅན་ཞིག་གིས་གཞེན་བསྐུལ་ཐེབ་པ་འདྲ་བས། དོན་དངོས་ཁྱེད་རང་གི་བསམ་བློ་ནོར་ཡོད་མེད་ལ་བརྟགས་ན་ལེགས། ཁྱོད་ལ་གསེར་རྟའི་ཆོས་སྒར་གྱི་རི་མགོ་ནས་བཏབ་པའི་པར་ཞིག་ཡོད་ན། ཁྱོད་དང་ཁྱོད་ཀྱིས་གྲོགས་པོ་གཉིས་ཀྱིས་བསམ་བཞིན་དུ་བྱས་པ་ཐག་བཅད་དེ་སྨྲ་བར་སྤོབས། ཁྱོད་གཉིས་ཀྱིས་སྲུང་ཤུབ་ཁུར་ཏེ་གསེར་རྟ་ལ་སོང་། དེ་ནས་པར་བླང་ཁུལ་བྱས། ད་འགྲེམས་སྤེལ་བའི་ཆེད་དུ་གོ་སྐབས་བསྒུག་ནས་བསྡད་ཡོད་རྒྱུ་རེད། སུ་ཞིག་གིས་ཁྱོད་ལ་སྒོར་མོ་སྤྲད་སོང་། གང་ཞིག་གིས་བསྐུལ་མ་བྱས་སོང་། ངོ་མ་ཁྲེལ་མེད་རེད་ཡ།
ཡང་ཁོས་<<དེ་བས། བསོད་དར་ནི་མགོ་བདེ་དྲན་འཕྲུལ་ཅན་ཞིག་རེད། ཁོང་དེ་སྔོན་ཡོ་རུབ་ཏུ་ཕྱིན་ནས་རྒྱའི་ཉན་ཐོས་རིགས་ཁྱུ་ཞིག་དང་ལྷན། ཏཱ་ལའི་བླ་མ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཡོང་བའི་རེ་བ་ཤུགས་དྲག་ཞུས་འདུག་མོད། གཟིམ་ཆུང་གོ་སྒིག་ཚོགས་ཆུང་དེས་ཁོང་ལ་རྒྱང་མཇལ་མ་གཏོགས་ཉེ་མཇལ་གྱི་གོ་སྐབས་ཁྱོན་ནས་སྤྲད་མི་འདུག ཁོང་གི་དམིགས་ཡུལ་དེ་ཤེས་སླ་སྟེ་ཁོང་གིས་ཏཱ་ལའི་བླ་མ་མཆོག་དང་ལྷན་འདྲ་པར་བླངས་ནས། ཕྱིར་རྒྱལ་ནང་དུ་ལོག་སྟེ་རྒྱའི་ཉན་ཐོས་རྣམས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏང་རྒྱུ་ཡིན་པ་དེའོ།།>>ཞེས་ཟེར། མཁན་པོ་མཆོག་ཡུ་རོབ་དུ་ཕེབས་དུས་གོང་ས་མཆོག་དེར་ཕེབས་ཡོད་པ་ངས་ཤེས་མ་སོང་མོད། གལ་སྲིད་ཡོད་པའི་དབང་བཏང་རུང་། ཁོང་གོང་ས་མཆོག་མཇལ་དུ་ཕྱིན་རུང་། དེ་ལ་ཉེས་འགལ་ཆེན་པོ་ཞིག་ཡོད་པར་མི་སེམས། ཁྱོད་ཀྱིས་འདི་ནས་སྲིད་གཞུང་དང་གསེར་རྟ་སྒར་གཉིས་བར་དཀྲུག་ཤིང་བཞག་འདོད་པ་དེ་ལྷང་ལ་བུད་འདུག་མོད། སྲིད་གཞུང་གིས་ཆོས་ལུགས་དད་པ་རང་མོས་རེད། སུ་ལ་དད་ན་ཡང་ཆོས་ཀྱི་ཕྱོགས་ནས་དགག་བྱ་མེད་པར་བཤད་བཞིན་པ་རེད། ཁོང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་པར་དད་པ་དང་། མཇལ་བ་ལ་ཧ་ལས་དགོས་དོན་གང་ཡང་མི་འདུག ད་བསམ་བཞིན་བསམ་བཞིན་ཁྱོད་ནི་བོད་ཀྱི་སྲོག་རྩ་གཅོད་པའི་གཤེད་མ་ཞིག་དང་། གསེར་རྟའི་ཆོས་སྒར་རྒྱས་པ་ལ་མི་དགའ་བའི་གང་ཟག་གསོན་པོ་ཞིག་ཡིན་པར་ངེས་སོ། །
ཡང་ཁོས་<<ཡིན་ནའང་། ཁོ་བོས་ལྡོག་ཕྱོགས་ཀྱི་སྐད་ཆ་ཞིག་བཤད་ན། བསོད་དར་ནི་རྗེས་མ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པའི་སྤྲུལ་སྐུ་འདེམས་བསྒྲིགས་ཨུ་ཡོན་ལྷན་ཁང་གི་འཐུས་མི་སྟོབས་ལྡན་ཞིག་ཆགས་པའི་ཉེན་ཁ་ཡོད། གང་ལ་ཞེ་ན། ཁོང་ལ་ནང་བསྟན་ལ་རྒྱུས་མངའ་ཆེན་པོ་མེད་པའི་བོད་ནང་གི་རིག་གནས་པ་དག་གི་བློ་སྣ་བསྒྱུར་པའི་སྟོབས་རྩལ་འཛོམས་ལ། བོད་ཡིག་མི་ཤེས་ཤིང་རྒྱ་ཡིག་ཤེས་པའི་བོད་པ་མང་ཤོས་ཀྱིས་ཀྱང་ཁོང་ལ་བཀུར་ བསྟི་བླ་མེད་བྱས་དང་བྱེད་ཀྱིན་ཡོད། བོད་ནང་དུ་བོད་ཀྱི་མང་ཚོགས་དང་ཤེས་ལྡན་པ་གཉིས་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་ནི་གསེར་རྟ་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་ནམས་དར་རྒྱས་གཉིས་ལས་གཞན་མེད། འདི་གཉིས་ད་ལྟ་ནས་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པས་རྗེས་མར་ཁོང་གཉིས་ལག་ཆར་བཀོལ་ན། བོད་ལ་ནང་འཁྲུག་ཆེན་པོ་ཞིག་འབྱུང་ངེས། དེ་བས། འདི་གཉིས་ཀྱི་མགོ་བདེ་དྲན་འཕྲུལ་གྱི་རིགས་ལ་གཟབ་དགོས་པ་འདྲ།>> ཞེས་ཟེར། ད་འདི་ནས་ཁྱོད་ལ་ཞེན་པ་ལོག་ཅིང་། ལན་འབྲི་སྙིང་མི་འདོད་པ་ཆགས་སོང་མོད། ཨུ་ཚུགས་ཀྱིས་ཅུང་ཟད་བཤད་ན་བསམ། མཁན་པོ་ཁོང་རྣམ་པ་གཉིས་ཀྱིས་བོད་དང་། བོད་མི་རིགས། སེམས་ཅན་ཐམས་ཅན་ཆེད་དུ་འབད་བརྩོན་གནང་བཞིན་པ་ལ། ཁྱོད་སྙིང་མི་དགའ་བ་ཇི་ལྟར་འགྱུར་སོང་། གོང་ས་མཆོག་སྐུ་འཕྲེང་བཅོ་ལྔ་པ་ལ་ཁོང་གཉིས་ཀྱིས་ལག་པ་མི་འཆང་བ་ངས་ཐག་བཅད་དེ་སྨྲ་ཆོག ཁོང་གཉིས་ཀྱིས་བོད་བྱིངས་ལ་ཤུགས་རྐྱེན་ཆེན་པོ་འཐེབས་བཞིན་པ་ཡོངས་གྲགས་རེད། དེ་ལ་ཕྲག་པ་དོག་དགོས་པ་འདུག་གམ། བོད་པ་ཞིག་གིས་བོད་ལ་ཕན་ཐོགས་སོང་ན་འགྲིགས་པ་རེད། ཁོང་གཉིས་བོད་ལ་སྐྱེ་བ་བླངས་པའི་དོད་དུ་དྲིན་ལན་འཇལ་བ་ལས། ཐུགས་ན་ནམ་རྒྱུན་ནས་སེམས་ཅན་ཐམས་ཅད་ཡོད་པ་ལས། བོད་གཅིག་པུ་དང་། བོད་རང་ལས་གཞན་ལ་ཕན་ཐོགས་རྩ་བ་མི་བྱེད་ཟེར་མཁན་དང་། བོད་ལ་ཆགས་ཤིང་། རྒྱ་ལ་སྡང་བའི་ཆགས་སྡང་ཅན་གྱི་གང་ཟག་ཅིག་གཏན་ནས་མ་རེད། ངས་བསམ་ན་ཁྱོད་རང་གིས་སྐད་ཆ་འདི་དག་གིས་ཁྱོད་རང་གི་རང་གཤིས་ངོ་མ་དེ་ལྷང་ལ་ཕུད་འདུག་བསྙམ། བོད་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་ན་བཟང་བས། ད་ཕན་ཁ་རོག་ལ་འདུག་རོགས་ཞུ། །
སྤྱི་ལོ་༢༠༡༤ ཟླ་བ་༡ ཚེས་༡༡ ལ་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མས་དབྱིན་ཇིའི་བྱང་ཕྱོགས་ནས།

0 comments:

ཟིན་བྲིས་འཚོལ་ཡུལ