དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 24 February 2014

༧བསྐལ་བཟང་མེ་ཏོག་ལ་གདམས་ངག་རིན་ཆེན་བྷ་ག་ཞེས་བྱ་བ།།

ན་མོ་གུ་རུ་དྷེ་བ་ཌྰ་ཀི་ནི།།


བཅོམ་ལྡན་རྒྱལ་དབང་ཤྰཀ་ཐུབ་པད་འབྱུང་དང་།།
ཉེ་སྲས་བརྒྱད་དང་རྗེ་འབངས་གྲོགས་གསུམ་དང་།།
གནས་བརྟན་བཅུ་དྲུག་གྲུབ་ཆེན་བརྒྱད་ཅུ་སོགས།།
འཕགས་བོད་མཁས་གྲུབ་བླ་མའི་ཚོགས་ཀུན་རྒྱལ།།
བསྐལ་བཟང་མེ་ཏོག་ཐོག་དང་སེར་བས་བཅོམ།།
དད་དང་ངེས་འབྱུང་ནམ་མཁའི་པད་ཟླར་མཚུངས།།
ཕྱག་རྫོགས་དབུ་གསུམ་དྲི་ཙམ་མ་ཚོར་པའི།།
དོན་མེད་དབུ་རེག་དེ་ཚོ་ཤ་རེ་ཚ།།
སྟོན་མཆོག་བསྟན་པའི་སྙིང་པོ་མ་ཤེས་ནས།།
རྟགས་ཙམ་འཛིན་པའི་བསྟན་པ་བྱེད་འདོད་ན།།
ཕ་ཁྲི་དོལ་ཚོགས་དཔུང་གི་སྒོར་ཞུགས་དང་།།
འཁོན་འཛིན་མེད་དོ་འབི་རྒོད་མེ་ཏོག་མ།།
ཀུན་ཏུ་བཟང་དང་རྡོ་རྗེ་འཆང་ཆེན་ནས།།
བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་བཅས་དང་།།
ཉེ་སྲས་བརྒྱད་དང་གྲུབ་ཆེན་བརྒྱ་རྩ་ཡི།།
བཀའ་དྲིན་ལྟ་ཅི་སྐུ་དཔར་མ་མཐོང་ངམ།།
སྔོན་ཚེ་འཕགས་བོད་མཁས་གྲུབ་དམ་པ་དང་།།
བར་དུ་སྒྲུབ་བརྒྱུད་ཤིང་རྟ་རྣམ་བརྒྱད་སོགས།།
འཛམ་གླིང་མཛེས་པའི་ཆོས་རྒྱལ་རྗེ་འབངས་ལ།།
མཆོད་འོས་སྡེ་གཉིས་ཡོད་པར་མ་དགོངས་སམ།།
དང་པོ་སོ་ཐར་ངེས་འབྱུང་སྡོམ་པ་བླངས།།
བར་དུ་བྱང་ཆུབ་སེམས་ལ་མཉམ་པར་བཞགས།།
བསྐྱེད་རྫོགས་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པས།།
ནང་པའི་བསྟན་པ་སེམས་འདུལ་ཁོ་ན་ལགས།།
བལ་བོ་རྒད་པོའི་ཆོས་གོས་ཆང་རོལ་ཀྱང་།།
པོ་ཏྰ་ལ་ནས་སྤྱན་རིས་གཟིགས་དང་།།
དགོངས་པ་དབྱེར་མེད་ཡིན་པར་མ་གཟིགས་སམ།།
དགེ་བསྙེན་ཡང་དག་བསྟན་པའི་མདོ་ལས་གསུངས།།
དུས་གསུམ་རྒྱལ་བའི་ཐུགས་ཀྱི་བསྟན་པ་ལ།།
འཕྱ་དང་སྨོད་པའི་ཆོས་དྲེད་ལས་ངན་དང་།།
སོར་བྱང་སྔགས་ཀྱི་གནས་ལུགས་མ་རྟོགས་ན།།
དབུ་ཟླུམ་ཆོས་གོས་གྱོན་ཀྱང་སྙིང་པོ་དབེན།།
དད་པའི་མྱུ་གུ་ལང་ཚོའི་ལྕང་ལོ་ལ།།
མཁའ་འགྲོ་རྒྱ་མཚོའི་བསྟི་གནས་སྨུག་ཤིག་ཤིགས།།
དག་སྣང་སྣོད་བཅུད་བདེན་པའི་དོན་གཟིགས་རྣམས།།
ཆོས་གོས་རྣམ་གསུམ་གྱོན་པ་གསལ་བའི་རྒྱན།།
བདག་ཅག་སྟོན་པས་བདེན་བཞི་བྱང་སེམས་དང་།།
གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་བ་ཀུན།།
སེམས་འདུལ་སེམས་སྲུང་རྟུལ་ཞུགས་མ་གཏོགས་པའི།།
ངོ་མེད་སྒྲོ་འདོགས་དགོས་པར་གང་ནས་གསུངས།།
ང་དང་ང་འདྲ་འདྲས་ཁྱོད་རྒྱུས་མི་ཤེས་ཀྱང་།།
རྟོག་གེ་བ་ནི་ཀུན་མཁྱེན་འདྲ་གསུངས་ཕྱིར།།
རང་གི་ངོ་གདོང་ཙམ་ཡང་མི་སྟོན་པར།།
སྒེར་འཁོན་མི་ཚོད་འཛིན་པ་ཅི་ཡིས་ནོངས།།
ཤན་པ་སྨད་ཚོང་བྱ་དང་རི་དྭགས་སོགས།།
འགྲོ་བའི་རྒྱུད་ཀྱི་དེ་ཉིད་རྟོགས་པ་མང་།།
དུག་གསུམ་སྐུ་གསུམ་གྲོལ་བའི་རིག་འཛིན་དང་།།
མཆོག་གསུམ་ངེས་དོན་ཤེས་པའི་དགེ་འདུན་སྡེ།།
གང་ན་བཞུགས་ཀྱང་སྟོན་པའི་རྒྱལ་ཚབ་དངོས།།
ཡང་དག་གནས་ལུགས་སོམས་ཤིག་གཟུགས་མེད་མ།།
རྟགས་ཙམ་འཛིན་པའི་བསྟན་པ་བསྟོད་དྲག་ནས།།
གངས་རིའི་བསྟན་པ་མུན་པའི་ཟླ་རུ་བཟོས།།
ངེས་དོན་སྙིང་པོ་རི་མོའི་གཟུགས་སུ་བསྒྱུར།།
ཐུགས་དམ་སྙིང་རྗེ་བྲལ་ལམ་རྡོ་རྗེ་ཅན།།
སྤྲུལ་སྐུ་དམ་པ་གསང་སྔགས་བསྟན་འཛིན་འདི།།
གངས་ལྗོངས་ཡུལ་གྱི་པན་ཆེན་གཉིས་པ་ཡིན།།
སྤྱིའི་སྐྱོན་སྒེར་ལ་གཡོགས་ན་ཁྲེལ་མེད་རེད།།
གཞི་མེད་སྒྲོ་འདོགས་མ་མང་གངས་ཅན་པ།།
དཔེར་ན་པན་ཆེན་བལ་ཡུལ་ཕེབས་དུས་སུ།།
ཚོང་རྒྱག་ཟེར་ནས་དྲི་ཆེན་དར་གཡུགས་བཞིན།།
ཕྱོགས་ཞེན་གདོན་གྱིས་ཟིན་པའི་མི་ནག་བཞིན།།
ཉེས་མེད་སྒྲོ་བཀུར་མ་འདེབས་ཉ་མགོ་ཅན།།
སྐྲ་དང་སྨྲ་ར་བསྟན་པའི་སྐྱོན་ཡིན་ན།།
ཚེ་དཔག་མེད་མགོན་འཕགས་མཆོག་སྤྱན་རས་གཟིགས།།
འཇམ་དབྱངས་གསང་བདག་སྒྲོལ་མ་པད་འབྱུང་དང་།།
མར་མི་ཐང་རྒྱལ་གཏེར་བདག་གླིང་སོགས་བཞུགས།།
རྒྱལ་དང་རྒྱལ་སྲས་སེམས་དཔའི་ཚོགས་རྣམས་དང་།།
གྲུབ་ཆེན་བརྒྱད་ཅུ་གནས་བརྟན་བཅུ་དྲུག་སོགས།།
བསྟན་དང་འགྲོ་ལ་གཅིག་ཏུ་ཕན་བཞེད་པའི།།
སྐྱེས་མཆོག་ཕལ་ཆེར་རང་བཞིན་རྣལ་འབྱོར་ལགས།།
མཆོག་ཉིད་སེམས་དཀར་ཡིན་པ་བདེན་སྲིད་ན།།
ཐོས་བསམ་སྒོམ་པའི་ཡོན་ཏན་ཡོད་པའི་ཚེ།།
དད་བརྩོན་དག་སྣང་ཡར་ངོའི་ཟླ་བཞིན་འཕེལ།།
བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྱིས་འགྲུབ།།
དབུ་མ་ཆེན་པོའི་རྟེན་འབྲེལ་གོ་བ་སྐྱེ།།
ཕྱག་རྒྱ་ཆེན་པོའི་བདེ་ཆེན་མྱོང་བས་ཚོར།།
རྫོགས་པ་ཆེན་པོའི་དེ་ཉིད་ལེགས་རྟོགས་ནས།།
རིག་འཛིན་རྣམ་བཞིའི་འབྲས་བུ་མཐར་ཕྱིན་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་གྱི་སྐབས་སུ་བསྐལ་མེས་མཆོག་སྤྲུལ་གསང་སྔགས་བསྟན་འཛིན་སོགས་སྔགས་རིགས་ཡོངས་ལ་སྨད་པར་མཐོང་ནས་གང་ཤར་དུ་ཤྲྰིཿཨེ་མ་ཧོས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཡུམ་ཀ་བདེ་ཆེན་རྒྱལ་མོའི་བསྙེན་མཚམས་སུ་ནས་ངོ་དེབ་ནང་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།།

0 comments:

ཟིན་བྲིས་འཚོལ་ཡུལ