དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
༄༅།།བླ་རིར་མཆོད་པ།།
ལན་ཀྲོའུ་སློབ་དཔོན་ཆེན་མོ། འབྲུག་ཐར་གྱིས་བརྩམས། རྒྱལ་སྲས་ཚང་གིས་བསྒྱུར།
༄༅།།བོད་མི་རིགས་ཀྱིས་གནས་རི་ལ་བཅངས་པའི་འདུ་ཤེས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ལ་ཕྱི་རོལ་ཡུལ་གྱི་བྱེད་ནུས་ཐོན་པ་གླེང་བ།
འཛམ་གླིང་གི་ཡང་རྩེར་འབོད་པའི་མཚོ་བོད་མཐོ་སྒང་ནི་རི་རྒྱུད་མང་བོ་འཕྲེད་ཀྱིས་བཅད་ཅིང་། རི་བོ་མཐོན་པོ་དག་གིས་མཐའ་ནས་སྐོར་འདུག་ལ། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱིས་སྨི༤༥༠༠ཡིན་པ་དང་། ས་དབྱིབས་མཐོ་ཞིང་གནམ་གཤིས་འཁྱག་པས་མཐོ་སྒང་གི་སྐྱེ་ཁམས་ཧ་ཅང་གཉོམ་པོར་གྱུར་འདུག་པ་མ་ཟད། འདིའི་སྟེང་དུ་གནས་པའི་སྲོག་ཆགས་དང་རྩི་ཤིང་གི་རེ་བ་ཅུང་མཐོན་པོ་རེད། དེ་འདྲ་ཡིན་ཡང་བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ནི་སྔར་བཞིན་མཛེས་སྡུག་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག་ལ། མཐོ་སྒང་གི་རྒྱལ་ཁམས་དང་གླུ་གར་གྱི་རྒྱ་མཚོ་ཞེས་བརྗོད་བཞིན་ཡོད། བོད་ཁུལ་གྱི་རྩ་ཐང་ནི་ཡངས་ཤིང་རྒྱ་ཆེ་ལ་སྤུས་ཀ་ལེགས་ཤིང་ནགས་ཚལ་གྱི་ཐོན་ཁུངས་ཅུང་བཟང་སྟེ། ཐང་ཤིང་དང་གསོམ་སྡོང་། སྟག་པ་དཀར་བོ། ཤུག་སྟོང་སོགས་དང་། ད་དུང་གདོད་མའི་ནགས་ཚལ་ཁ་ཤས་ནི་རང་རྒྱལ་གྱི་ནགས་ལས་ས་ཁུལ་གཙོ་བོའི་གྲས་ཤིག་ཡིན། སྲོག་ཆགས་ལ་འབྲོག་ལུག་དང་ར་མ། གཡག མཛོ། མཚོ་རྟ། བྱ་མ་བྱི། སྤྲེའུ་འཇུག་རིང་། རྐྱང་། གཙོད་སོགས་ཡོད། བོད་ཁུལ་དུ་ད་དུང་དོམ་མཁྲིས། གླ་རྩི། ཤྭ་བའི་ཁྲག་རྭ། དབྱར་རྩྭ་དགུན་འབུ། མེ་ཏོག་གངས་ལྷ། ཀོ་ཤ་བཅས་སྨན་རྫས་རྩ་ཆེན་རྣམས་འབོར་ཆེན་ཐོན་ཡོད། བོད་ཁུལ་དུ་འཚོ་བ་རོལ་བཞིན་པའི་བོད་མི་རྣམས་ཀྱིས་སྔར་ནས་ད་བར་དུ་རི་བོ་མཐོན་པོ་གྲོགས་སུ་འཛིན་པ་དང་། དེའི་སྟེང་དུ་ཐེབས་པའི་ཆོས་ལུགས་ཀྱི་ཤན་ཤུགས་འོག་ནས་གནས་རི་ལ་དད་གུས་བྱེད་པའི་འདུ་ཤེས་མངོན་འགྱུར་བྱུང་། དེ་ནས་བཟུང་བོད་རིགས་མི་དམངས་ཀྱིས་གནས་རི་ཀུན་ལ་བཀུར་ཞིང་འཇིགས་པའི་རྣམ་པ་དེ་རྒྱུན་འཁྱོངས་བྱས་པ་ ཡིན་ལ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་གནས་རི་དང་འབྲེལ་བའི་མཐའ་སྐོར་གྱི་ཡོད་ཚད་ལ་སྲུང་སྐྱོབ་བྱེད་པར་མཉམ་འཇོག་བྱེད་ པས་གནས་རིའི་མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤན་ཤུགས་ཧ་ཅང་བཟང་བོ་འདུག ད་ལྟའི་སྤྱི་ཚོགས་ཀྱི་གནས་ཚུལ་འོག་མཛེས་སྡུག་ལྡན་པའི་རང་བྱུང་གི་ཐོན་ཁུངས་འདི་དག་ནི་ཕྱི་གླིང་སྤྲོ་གསེང་བྱེད་ཡུལ་དུ་གྱུར། བོད་ཁུལ་དུ་ད་དུང་རང་བྱུང་གི་ཁྱད་དུ་འཕགས་པའི་དད་གུས་ཀྱི་འདུ་ཤེས་སྐོར་མང་བོ་ཡོད་པ་དེ་དང་འབྲེལ་ནས་གནས་རིའི་འདུ་ཤེས་གཅིག་འདྲ་ཡིན་པས་མི་རྣམས་ལ་རང་ཤུགས་ཀྱིས་བཀུར་ཞིང་སྐྲག་པའི་ཚོར་བ་ཞིག་སྟེར་ངེས། དེའི་རྐྱེན་གྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཆེན་པོ་ཞིག་བྱིན་ཡོད། ད་ལྟ་རང་བྱུང་ཁོར་ཡུག་གི་སྐྱེད་ཚལ་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་གནས་ཚུལ་འོག་ཏུ་བོད་ཡུལ་གྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་མི་རྣམས་  ཀྱིས་མཐོང་ཆེན་དང་ཞིབ་འཇུག་བྱེད་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། ངས་བལྟས་ན་བོད་ཡུལ་གྱིརང་བྱུང་གི་ཁྱད་དུ་འཕགས་པའི་དད་གུས་ཀྱི་བསམ་བློ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ནུས་པ་ཧ་ཅང་ཆེན་པོ་ཞིག་ཐོན་འདུག་སྙམ། དེ་བས་ངས་ཆེད་དུ་གནས་རི་འདུ་ཤེས་ཀྱི་ཚབ་བྱས་ཏེ། རང་བྱུང་ཁོར་ཡུག་དང་གནས་རི་འདུ་ཤེས་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ཀྱི་བསམ་བློའི་ལྟ་ཚུལ་གསལ་བཤད་བྱེད་རྒྱུ་ཡིན་མོད། མི་མཐུན་ས་དང་མི་འགྲིག་ས་ཡོད་ན་ཁྱེད་ཅག་གིས་དག་བཅོས་བྱེད་རོགས།
༡.གནས་རིའི་འདུ་ཤེས་ཀྱི་འབྱུང་རྐྱེན། མདོ་དབུས་མཐོ་སྒང་ནི་རི་ཡི་འཇིག་རྟེན་ཡིན་ལ། རི་ནི་འཛད་མཐའ་མེད་ཅིང་ས་ངོས་ཆགས་ཚུལ་གྱི་གྲུབ་ཆ་གཙོ་བོ་ཡིན། བོད་ཡུལ་ན་རི་མང་ལ་མཐོ་ཞིང་ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ལས་སྨི༤༥༠༠ཡོད་པ་དེ་དག་ལས་ཆེས་མཐོ་བ་ནི་ཇོ་མོ་གླང་མ་ཡིན་ལ། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི༨༨༤༨ཡོད་ཅིང་། འདི་ནི་འཛམ་གླིང་གི་རི་རྩེ་དང་བོ་ཡིན། འདི་ལྟ་བུའི་ས་ངོས་ཆགས་ཚུལ་གྱི་བོད་ཁུལ་དུ་གནམ་གཤིས་ཧ་ཅང་འཁྱག་པ་དང་། དབྱར་ཁ་ཡིན་ནའང་སློག་པ་དང་བོད་ལྭ་གྱོན་ཏེ་ངལ་རྩོལ་བྱེད་དགོས་པས། དགུན་ཁ་ནི་བཤད་མི་དགོས་པ་ཞིག་སྟེ་རླུང་ཆེན་དང་ཁངས་ཆེན་རྒྱུན་དུ་འབྱུང་བཞིན་ ཡོད། དེ་མ་ཟད་ཉིན་མཚན་གྱི་དྲོད་གྲང་ལ་ཁྱད་པར་ཆེན་པོ་ཡོད་པས་སྲོག་ཆགས་དང་རྩི་ཤིང་མང་བོ་གནས་འདི་ནས་འཚར་ལོངས་བྱུང་མི་ཐུབ་པ་དང་། གནམ་ལ་ཟུག་པའི་རི་རྩེའི་སྟེང་དུ་ལོ་འཁོར་མང་བོར་འབབ་པའི་ཁ་བ་མ་ཞུ་བར་ལྷག་འདུག དེའི་སྟེང་དུ་ཕལ་ཆེར་སྐྱེ་དངོས་འཚོ་གནས་བྱེད་མི་ཐུབ་ལ་དུས་ཚོད་ཐུང་བའི་ནང་དུའང་གནས་མི་སྲིད། དེང་རབས་ཀྱི་མིའི་རིགས་དང་འདྲ་བར་ཆེས་མཐོ་བའི་ཡོ་བྱད་དང་རྒྱུ་ཆ། ཚན་རིག་ལག་རྩལ་ལ་མ་བརྟེན་ན་ཧ་ཅང་སྒྲུབ་དཀའ་བ་ཞིག་ཡིན། ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་དེ་ལྟར་མང་ཞིང་བརྗིད་ཆགས་ལྡན་པའི་རི་བོ་དག་རིམ་བཞིན་བོད་རིགས་མང་ཚོགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་ཁྱད་དུ་འཕགས་པའི་འདུ་ཤེས་སུ་གྱུར། ངའི་བསམ་པར་འབྱུང་རྐྱེན་ལ་ཕྱོགས་དུ་མའི་རྒྱུ་མཚན་ཡོད་དེ།
གཅིག རྒྱུ་རྐྱེན་དང་བོ་ནི་གནའ་མིའི་རང་བྱུང་དད་མོས་འདུ་ཤེས་དང་གཞི་བདག་གི་འདུ་ཤེས་ཁོ་ན་བྱུང་འོས་པ་ལས་བླ་རིའི་འདུ་ཤེས་འཛིན་སྟངས་མེད། གནའ་མི་ལ་ཤེས་རྟོགས་དང་ནུས་པའི་སྟེང་བཀག་རྒྱ་ཡོད་པའི་དབང་གིས་རང་བྱུང་ཁམས་ཆེན་པོ་ནི་ནམ་ཡང་ལྐོག་གྱུར་དང་བློ་ཡུལ་ལས་འདས་པ་ཞིག་ཡིན་པར་སྙམ་པ་དང་། རང་ལ་རང་བྱུང་ཁམས་ཆེན་པོར་ངོ་རྒོལ་བྱེད་པའི་ནུས་པ་དབེན་པས་རང་བྱུང་ཁམས་ལ་དད་གུས་ཀྱི་འདུ་ཤེས་ཤིག་སྐྱེ་དགོས་བྱུང་། བོད་ཁམས་ནི་བོད་ཀྱི་མེས་པོ་དག་གི་འཚོ་གནས་བྱེད་སའི་གནས་ཡུལ་ཡིན་ལ། རི་མཐོན་པོ་དེ་དག་ནི་བརྗིད་ཆགས་ལྡན་ལ་མི་རྣམས་ཀྱི་མདུན་དུ་ཀྲོང་ངེར་ལངས་འདུག་པས། མི་ལ་གཉའ་གནོན་གྱི་ཚོར་བ་ཞིག་སྟེར་བ་དེས་མི་རང་ཉིད་ནི་ཇི་འདྲའི་ནུས་མེད་ཉམ་ཆུང་ཞིག་དང་ནུས་པའང་གླེང་རིན་མེད་པ་ཞིག་ཡིན་པར་མ་ཟད། འཚོ་གནས་ཀྱི་ཆེད་དུ་རྒྱུགས་ནས་ཉིན་གང་པོར་རི་རྩེ་དག་ནས་མིག་ཅེ་རེར་ལྟ་དགོས་འདུག་སྙམ་ཡོད། རང་ཉིད་ཀྱི་འགྲོ་འདུག་སྤྱོད་ཚུལ་སོགས་མཐོ་ས་ནས་དམའ་སར་གནོན་པ་ཁོ་ཚོས་གསལ་བོར་མཐོང་ཐུབ། རྒྱུ་རྐྱེན་དེ་དག་གི་དབང་གིས་བོད་རིགས་ཀྱི་ཡབ་སྲས་མེས་པོ་གོང་མ་ཚོའི་བསམ་པར་རི་སྟེང་དུ་བླ་ན་མེད་པའི་དངོས་པོ་ཞིག་ཡོད་པར་སྣང་བ་དང་། དེ་ལ་ལྷ་ཞིག་གི་རང་བཞིན་ཡོད་པར་འདོད། དེ་ལ་བརྩི་བཀུར་དང་འཇིགས་སྐྲག་བྱེད་པ་ནི་མི་རྣམས་ལ་བཞག་པའི་ཚོར་བ་ཡིན་ལ་དེ་ལ་རི་ལྷའམ་བླ་རི་ཞེས་འབོད། བོད་ཡུལ་དུ་ཆུ་མང་བ་ནི་རི་སྟེང་དང་ལྷག་པར་དུ་གངས་རིའི་སྟེང་ནས་བཞུར་ཡོང་བའི་རྐྱེན་གྱིས་མེས་པོ་ཚོས་རི་རྩེ་དེ་དག་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པར་སྣང་བ་འདི་ཡང་ཁོ་ཚོ་མཐོ་རི་ལ་བསྙེན་བཀུར་བྱེད་པའི་རྒྱུ་རྐྱེན་ཡིན།
གཉིས། བོད་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་དུ་རི་རྩེ་གནམ་ལ་ཟུག་པ་དེར་མི་རྣམས་ཀྱིས་ས་གཞི་ཆེན་པོའི་ཡང་རྩེ་ཞེས་འབོད་ལ། དེ་ནི་དེ་འདྲའི་རྔམ་བརྗིད་ཆེ་བས་བོད་ཀྱི་མེས་པོ་ཚོས་དེ་ལ་ལྟ་སྟངས་གཞན་ཞིག་བཟུང་ཡོད། མཐོ་སྒང་གི་མི་རྣམས་ཀྱིས་ཆུ་ནི་ས་གཞི་ཆེན་པོའི་ཁྲག་རྒྱུན་གྱི་དབང་དུ་བཏང་ལ། དེ་ནི་ཇི་འདྲའི་དྭངས་ཤིང་མཉེན་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་པ་ཞིག་རེད་ཨང་། ད་དུང་བོད་ཁུལ་གྱི་གནས་རི་ཀུན་དང་བླ་མཚོ་ནི་སྤྱིར་བཏང་དུ་མཉམ་དུ་བྱུང་བ་དང་། གནས་རི་དང་ཐག་ཉེ་བའི་སར་བླ་མཚོ་འཁྱིལ་ཡོད། མི་རྣམས་ཀྱིས་གནམ་ལ་ཟུག་ཡོད་པའི་རི་རྩེ་ལ་ཡབ་ཀྱི་མཚོན་རྟགས་ཡིན་ཞེས་བཀུར་བ་དང་། དྭངས་ཤིང་གཙང་བའི་མཚེའུ་ལ་ཡུམ་གྱི་མཚོན་བྱེད་ཅེས་འབོད་པ་མ་ཟད། བོད་མི་ཚོས་གནས་རི་དང་བླ་མཚོ་ནི་ཁྱོ་ཤུག་གི་ཚུལ་དུ་བྱས། དཔེར་ན། གངས་དཀར་ཏེ་སེ་དང་མ་ཕམ་གཡུ་མཚོ། གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་སོགས་ཡོད། བོད་མི་རིགས་ཚོའི་གནས་རིའི་འདུ་ཤེས་བྱུང་རྐྱེན་དང་། དེའི་དད་གུས་ནི་བོད་གནའ་རབས་ཀྱི་མེས་པོ་ཚོས་སྲོག་ལ་དད་གུས་བྱེད་པ་ལས་བྱུང་བ་ཡིན།གངས་རིའི་ལྗོངས་ཀྱི་མི་དམངས་ཀྱིས་ལོ་རྒྱུས་སྟེང་སྙན་གྲགས་དང་བྱས་རྗེས་ཆེ་བའི་བོད་རྒྱལ་སྤུ་དེ་གུང་རྒྱལ་ལ་རྗེས་དྲན་བྱེད་ཆེད། ཁོས་བུ་ཆེ་བ་ཡར་ལྷ་ཤམ་པོ་དང་གཉན་ཆེན་ཐང་ལྷ། ཨ་མྱེས་རྨ་ཆེན། སྒྱོགས་ཆེན་ལྡོང་ར། སྒམ་པོ་ལྷ་རྗེ། སོག་ལ་སྐྱ་བོ། ཇོ་བོ་གཡུ་རྒྱལ། ཤེའུ་ཁ་རག་བཅས་ཁོང་གི་བུའི་མིང་དེ་དེ་དག་འཕྲེད་དུ་བཅད་པའི་གངས་རིའི་མཐོ་སྒང་དུ་ཧ་ཅང་ཆེ་བའི་གཅིག་རྒྱུན་གཅིག་གིས་འཛིན་པའི་གངས་ཀྱི་རི་རྒྱུད་ལ་སྤྲད་པ་རེད། དེ་ལ་གངས་རིའི་ལྗོངས་ཀྱི་རི་རྩེ་བརྒྱད་ཟེར། ཆོས་ལུགས་གསར་དུ་བྱུང་རྗེས། རང་བྱུང་དད་མོས་ཤུགས་རྐྱེན་འོག་ཏུ་ཁོ་ཚོའི་བསམ་པར་འཇིག་རྟེན་གྱི་སྲོག་ཤིང་ནི་གནས་རི་ཡིན་པ་དང་། དེ་ནི་ཁྱད་འཕགས་ཅན་གྱི་བསམ་པའི་ཁྱིམ་ཚང་གི་རིགས་ཤིག་ཡིན་པར་འདོད། དེའི་རྐྱེན་གྱིས་སྒོམ་ཆེན་པ་མང་པོ་ཞིག་ཆེད་དུ་རི་མཐོ་སར་ཕེབས་ཏེ་སྒོམ་རྒྱག་པ་དང་མཉམ་དུ་རི་མགོར་རྒྱུན་ལྡན་གྱི་འཚོ་བ་རོལ་བའི་ཤུལ་རྟགས་བཞག  བརྩོན་པར་གྲུབ་འབྲས་ལེགས་པོ་ཐོབ་རྗེས་ཚོ་ཁག་ཏུ་ཕྱིར་སླེབས་པ་དང་། ཐབས་ལམ་དེ་དག་བརྒྱུད་ཚོ་ཁག་མང་ཚོགས་ཀྱིས་ཡིད་ཆེས་ཐོབ་ཅིང་། རི་མཐོན་པོའི་སྟེང་དུ་ཁྱད་འཕགས་ཅན་གྱི་མཐུ་ནུས་དཔག་མེད་ཀྱི་རི་ལྷ་གནས་ཞེས་བཤད་ཀྱིན་ཡོད། སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་སྤེལ་རྗེས། བོན་ཆོས་ལ་འཐབ་རྩོད་བྱས་པ་བརྒྱུད་ནས་དེའི་བསམ་བློ་དང་འདུ་ཤེས་མང་བོ་བསྡུ་ལེན་དང་མཉམ་འདྲེས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་གཞི་ཆགས་ཤིང་རིམ་བཞིན་བོན་ཆོས་དེས་བོད་ཡུལ་གྱི་ གོ་གནས་ལ་ཚབ་བྱས་ཡོད། བོད་བརྒྱུད་ནང་བསྟན་གྱིས་གནས་རིའི་འདུ་ཤེས་ལ་བཀག་འགོག་མ་ཐེབས་པར་དེ་ལས་ལྡོག་སྟེ་སྔོན་ཆད་བྱུང་ཟིན་པའི་བསམ་བློའི་རྨང་གཞིའི་སྟེང་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་བསྟན་བཅོས་མཉམ་འདྲེས་བྱས། དེང་སྐབས་ཀྱི་གནས་རིའི་འདུ་ཤེས་དེ་དེར་བརྟེན་ནས་བྱུང་བ་ཡིན། བོད་བརྒྱུད་ནང་བསྟན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་རིའི་འདུ་ཤེས་ནི་སངས་རྒྱས་བསྟན་པའི་མཚོན་བྱེད་ཡིན། འཇིག་རྟེན་གྱི་ཁམས་ཡོད་ཚད་ལ་གཅེས་སྤྲས་བྱས་ཏེ་གནས་རིའི་སྟེང་དུ་གནས་པའི་ཤེས་ལྡན་དང་ཤེས་ལྡན་མ་ཡིན་པར་གཅེས་སྐྱོང་བྱས་པ་འདི་དག་གི་གནས་རི་ལ་དད་གུས་དང་སྐྲག་སྣང་སྐྱེ་བའི་རྒྱུ་རྐྱེན་ཡིན། དུས་རྒྱུན་མི་རྣམས་ཀྱིས་གནས་རི་ལ་སྲུང་སྐྱོབ་བྱེད་པའི་རྒྱུ་མཚན། བོད་མི་ཚོས་སངས་རྒྱས་ཆོས་ལུགས་ལ་ཧ་ཅང་ལྷག་བསམ་རྣམ་དག་གིས་དད་གུས་བྱེད་པ་དང་། ལག་ལ་རྒྱུན་དུ་མ་ཎི་འཁོར་ལོ་བཟུང་སྟེ། ཆོས་འདོན་པ་ཡིན་ལ་མ་ཎི་འཁོར་ལོའི་ནང་དུ་ཆོས་དཔེ་བསྒྲིགས་ཡིད་པ་དང་། དེ་ཐེངས་གཅིག་ལ་འཁོར་ན་ཆོས་དཔེ་བརྩིགས་མ་དེ་འདྲ་ཞིག་བཏོན་པ་དང་འདྲ། དུས་རྒྱུན་ཆེས་འདོན་པ་ནི་མ་ཎི་ཡི་གེ་དྲུག་མ་ཡིན་ཏེ། ཨོཾ་མ་ཎི་པདྨེ་ཧཱུཾཿ བོད་མི་ཚོས་རང་བྱུང་ཁམས་ཆེན་པོར་གང་ཟག་གི་ཚུལ་དུ་འགོད་པར་དགའ་ཞིང་། འདི་ཡང་སངས་རྒྱས་ཆོས་ལུགས་ལ་འགྲོ་བ་རིགས་དྲུག་དང་ལས་རྒྱུ་འབྲས་ཀྱི་བསམ་བློའི་ཤན་ཐེབས་པ་ཡིན་ལས་ཆེ། བོད་མི་རིགས་མི་དམངས་ཀྱི་སེམས་ཁོངས་སུ་ནམ་ཡང་གཞུང་དྲང་གི་འདུ་ཤེས་ཡོད་ལ། ཁོ་ཚོས་བསམ་པར་ས་ཆ་གང་གི་རི་བོ་སྔོ་ཞིང་ཆུ་བོ་དྭངས་པ།ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་ན་ས་ཆ་དེའི་མིའི་སེམས་རྒྱུད་བཟང་ལ་སྐྱེས་གཟུགས་ཡག་པར་སྙམ་པ་དང་། རི་སྐམ་ཆུ་ངན་དང་ས་ཞན་ལུང་སྟོང་གི་མི་ནི་རྐུ་འཕྲོག་ལ་དགའ་ཞིང་སྐྱེས་གཟུགས་ཞན་པ་ཡིན་པར་འདོད། བོད་རིགས་མི་དམངས་ཀྱི་དཔལ་འབྱོར་ཐོན་སྐྱེད་བྱེད་སྟངས་ནི་ཕྱུགས་ལས་གཙོ་བོ་དང་ས་ཁུལ་ཁ་ཤས་སུ་ཞིང་ལས་ཡང་ཐོན་སྐྱེད་བྱེད་བཞིན་ཡོད། ཕྱུགས་ལས་གཙོ་བོ་ནོར་ལུག་གསོ་བ་དང་། བོད་མིའི་གྱོན་ཆས་དང་བཟའ་ཆས་ཕལ་ཆེར་ནོར་དང་ལུག་ལས་བྱུང་བ་ཡིན་པས་ནོར་ལུག་ལ་གསོ་སྐྱོང་བཟང་བོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེ་དང་བསྟུན་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་ཕྱུགས་བཟང་བོ་འཚོ་བ་ནི་ཡང་ལྡོག་མེད་ཏུ་གྲུབ། བླ་རིའི་འདུ་ཤེས་ཀྱིས་ཕྱི་རོལ་ཡུལ་གྱི་སྐྱེད་ཚལ་སྲུང་སྐྱོབ་བྱེད་པའི་ནུས་པ། བོད་ཁམས་སུ་བླ་རི་ཧ་ཅང་མང་བོ་ཡོད་དེ། ས་ཕྱིའི་གནས་ཡུལ་སྟེང་ནས་བལྟས་ན་བླ་རི་ལ་དབྱེ་བ་ཧ་ཅང་མང་སྟེ་ཆ་ཚང་བོད་ཀྱི་བླ་རི་སྟེ། ཁུལ་ཆེ་བླ་རི་དང་ཁུལ་ཆུང་བླ་རི་བཅས་ཚོ་ཁག་མི་འདྲ་བའི་གནས་ཡུལ་གཞི་དང་གོ་རིམ་མི་འདྲ་བའི་བླ་རི་རེ་རེ་ཡོད། བླ་རི་འདི་དག་གི་ཁྱབ་སྟངས་ནི་བོད་ཁུལ་གྱི་ས་གནས་རེ་རེ་ཡིན་ལ། བོད་མང་ཚོགས་ཀྱིས་དེ་ལ་དད་པ་བྱེད་པ་དང་། དེའི་ནང་དུ་གངས་རིན་པོ་ཆེ་ནི་སངས་རྒྱས་ཆོས་ལུགས་དང་རྒྱ་གར་ཆོས་ལུགས། ཆི་ན་ཆོས་ལུགས། བོན་པོའི་ཆོས་ལུགས་བཅས་གྲུབ་མཐའ་ཆེན་པོ་བཞིས་ཐུན་མོང་གི་དད་མོས་བྱེད་སའི་ལྟེ་བ་ཡིན་ལ། རང་རྒྱལ་དང་རྒྱ་གར། བལ་བོ་བཅས་རྒྱལ་ཁབ་གསུམ་གྱི་མི་རིགས་སོ་སོའི་དད་ལྡན་ཚོས་ཉིན་མཚན་ཀུན་ཏུ་ཡིད་སྨོན་བྱེད་སའི་གནས་མཆོག་ཅིག་ཡིན། བོད་ཁམས་སུ་བླ་རི་དེ་འདྲ་མང་བས་ས་ཁོངས་སྲུང་སྐྱོབ་བྱེད་པ་ཡང་ཇེ་མང་དུ་སོང་ཡོད། བླ་རིའི་དབྱེ་མཚམས་གཅོད་པ་དང་དུས་མཚུངས་སུ་སྐྱེད་ཚལ་མ་ལག་ཆུང་བ་ཆ་ཚང་དུ་གཏོང་བ། བོད་ཁམས་སུ་བླ་རི་ཧ་ཅང་མང་བས་སྐྱེས་ཚུལ་མ་ལག་ཆུང་བ་ཡང་ཧ་ཅང་མང་བོ་ཡོད་པ་མ་ཟད་བོད་ཁམས་ཀྱི་ས་གནས་མང་བོར་བླ་རི་རྒྱ་ཆེ་བའི་ངང་ཁྱབ་ཡོད། བླ་རི་དང་གཞི་བདག་གི་མངའ་ཁོངས་ནང་བྱ་བ་དང་བྱ་དངོས་ཀུན་ལ་ལྷའི་རང་བཞིན་སྤྲད་པ་དང་མཉམ་དུ་འཛེམ་བྱ་མང་བོ་བྱུང་བས། མི་རྣམས་ཀྱི་བསམ་བློའི་འདུ་ཤེས་སྟེང་བླ་རིའི་སྟེང་དུ་གནས་པའི་བྱ་དངོས་ལ་གཏོར་བརླག་མི་བྱེད་པར་ཁོ་ཚོ་རང་དབང་གིས་འཕེལ་རྒྱས་བྱེད་ཐུབ་ལ། གོ་དོན་ངེས་ཅན་ཞིག་གི་སྟེང་ན་བཤད་ན་རྣམ་པ་གཞན་གྱིས་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཡོད། བླ་རིའི་སྟེང་དུ་ས་བརྐོ་རྡོ་སློག་བྱེད་པར་འཛེམ་པ་དང་བླ་རིའི་རྩྭ་དང་ཤིང་། མེ་ཏོག་ལྗོང་ཤིང་སོགས་འཚོལ་བསྡུ་དང་ཤིང་བཅོད་པ་ལ་འཛེམ་པ་ཕུད། བླ་རིའི་སྟེང་ནས་རི་དྭགས་རྔོན་པ་དང་། བླ་རིའི་སྟེང་གི་དངོས་པོ་གང་རུང་གི་རིགས་ཕ་ཡུལ་དུ་ཁྱེར་བ་སོགས་ནི་བླ་རིར་འཛེམ་པའི་རྒྱུ་རྐྱེན་ཡིན་ལ། རྒྱུ་རྐྱེན་གཞན་ཞིག་ནི་བོད་རིགས་མི་དམངས་ཚོའི་རྣམ་ཤེས་ཀྱི་འདུ་ཤེས་ཡིན། སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་ཏུ་བོད་མི་ཚོས་བསམ་པར་མིའི་རྣམ་ཤེས་ནི་ཁྲག་དངོས་བཅས་ཀྱི་སྙིང་སྟོབས་ཤིག་ཡིན་ལ། དེ་ནི་མིའི་ལུས་ཕུང་དང་ཁ་གྱེས་ཏེ་ཕྱོགས་ཀུན་ཏུ་སོང་ན་ཆོག་པས་རྣམ་ཤེས་ནི་ཚེ་སྲོག་གི་སྲོག་རྩ་ཡིན་ལ། གལ་ཏེ་འདི་ལ་གནོད་པ་མ་ཐེབས་ཚེ་མི་ནི་བདེ་ཐང་ཡིན། བླ་རིའི་འདུ་ཤེས་བྱུང་བའི་གོ་རིམ་ཁྲོད་དུ་གོ་གནས་གཙོར་བཟུང་བའི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློས་བོད་རིགས་མི་དམངས་ཚོར་མི་དང་རང་བྱུང་གིས་ཕན་ཚུན་མཐུན་སྦྱོར་སྒྲིག་སྟངས་ཀྱི་འབྲེལ་བའི་དོ་སྣང་ཆེན་པོ་བྱེད་དུ་བཅུག་ཡོད་ལ། བོད་མི་ཚོས་སེམས་ཁོངས་སུ་བྱ་དངོས་ཡོད་དགུ་འདྲ་མཉམ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པར་འདོད། བླ་རིའི་འདུ་ཤེས་བྱུང་བའི་གོ་རིམ་ཁྲོད་སངས་རྒྱས་ཆོས་ལུགས་རང་སྟེང་གི་བསྟན་བཅོས་དང་ཆོས་ཁྲིམས་ནི་བླ་རིའི་འདུ་ཤེས་ཁྲོད་མཉམ་འདྲེས་བྱས་པས། ཚེ་སྲོག་སྟོང་ཕྲག་ཤོང་ཐུབ་པའི་བླ་རིའི་མ་ལག་ཏུ་གྱུར། དེའི་མ་ལག་ནང་དུ་སྲོག་ཆགས་དང་རྩི་ཤིང་། ད་རུང་བྲག་རྡོ་དང་ས་འདམ། ཆུ་བོ་བཅས་ཡོད། སངས་རྒྱས་ཆོས་ལུགས་ཀྱིས་བྱ་དངོས་ཀུན་ལ་འདྲ་མཉམ་གྱི་ལྷའི་རང་བཞིན་ལྡན་པར་ཁྱབ་བསྒྲགས་བྱས་ཤིང་། རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་ཚད་ལ་མི་དང་འདྲ་མཉམ་གྱི་གོ་གནས་སྤྲད་ཡོད། དོན་དངོས་སྟེང་མི་མེད་ན་རང་བྱུང་ཁམས་ཆེན་པོའི་གནས་བབ་སྔར་ལས་ཇེ་བཟང་དུ་འགྲོ་ལ། རང་བྱུང་ཁམས་ཆེན་པོ་མེད་ན་མིའི་རིགས་ཀྱང་མེད་འགྲོ། མིའི་རིགས་ཀྱི་གྱོན་གོས་དང་བཟའ་ཆས། སྡོད་གནས་འགྲོ་འདུག་སྤྱོད་གསུམ་སོགས་རང་བྱུང་ཁམས་ཆེན་པོ་ལ་བརྟེན་ནས་མཁོ་སྤྲོད་བྱས་པ་ནི་བཤད་མི་དགོས་པ་ཞིག་རེད། དེ་ལས་ལྷག་པར་གཏན་ཁེལ་བྱས་ཏེ་མི་ནི་རང་བྱུང་ཁམས་ཆེན་པོའི་ཁྲོད་དུ་ཚེ་སྲོག་དཀྱུས་མ་ཞིག་འཚོ་བའི་རྣམ་པ་ཞིག་ཡིན་ལ། དེ་རང་བྱུང་ཁམས་ཆེན་པོ་ལ་བརྟེན་ནས་འཚོ་བ་ཡིན། དེའི་ཕྱིར་རང་བྱུང་སྐྱེད་ཚལ་གྱི་ཁོར་ཡུག་བཟང་ངན་དོན་དངོས་སུ་མིའི་རིགས་ཀྱི་ཚེ་སྲོག་ལ་འབྲེལ་བ་ཡོད་པ་དང་། རང་བྱུང་སྐྱེད་ཚལ་ལ་སྲུང་སྐྱོབ་བྱེད་པ་ཡང་གནས་ལུགས་དེའི་ཁྲོད་དུ་གནས། བོད་རིགས་མི་དམངས་ཀྱི་བསམ་བློ་དང་འདུ་ཤེས་གཅིག་གྱུར་བྱུང་བ། ང་ཚོ་ཚང་མས་ཤེས་གསལ་ལྟར། གནས་རིའི་འདུ་ཤེས་ནི་བོན་པོའི་ཆོས་ལུགས་ཁྲོད་དུ་གནས་པ་དང་སངས་རྒྱས་ཆོས་ལུགས་ཀྱི་ཁྲོད་དུའང་གནས། གཙོ་བོ་ནི་ཆོས་ལུགས་མི་འདྲ་བའི་ནང་དུ་གཏོགས་ན་ཡང་ཁོ་ཚོས་གནས་རི་ལ་བཅངས་པའི་འདུ་ཤེས་རྩ་བ་ནས་འདྲ་མཚུངས་རེད། དེའི་སྟབས་ཀྱིས་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གང་ཡིན་ཡང་གནས་རི་ལ་བཅངས་པའི་བསམ་བློ་དང་འདུ་ཤེས་ཕལ་ཆེར་གཅིག་མཚུངས་ཡིན་པས། དེ་གཉིས་འདྲ་མཚུངས་རེད་ཅེས་བཤད་ཀྱང་ཆོག དེ་བས་བོད་རིགས་མི་དམངས་ཀྱི་ཆེས་མང་ཆེ་ཤོས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་ལ། ཉུང་ཤས་ཤིག་གིས་བོན་ཆོས་ལ་དད་མོ་བྱེད་པས། སངས་རྒྱས་ཆོས་ལུགས་ཀྱིས་ཐེབས་པའི་ཤུགས་རྐྱེན་ནི་བོན་ཆོས་ལས་ཚད་ལས་བརྒལ་འདུག བོད་བརྒྱུད་ནང་བསྟན་ཆོས་ལུགས་རང་སྟེང་ནས་ཆོས་དང་བོན་ཆོས་མཉམ་འདྲེས་བྱས་པའི་མཇུག་འབྲས་ཤིག་ཡིན་པ་བཤད་མ་དགོས་པ་རེད། དེར་བརྟེན་ཕྱོགས་གཉིས་ཀྱི་ཆེས་མང་པོའི་ལྟ་བ་རྣམས་ཕན་ཚུན་ལ་བརྗེ་རེས་བྱེད་རྒྱུ་སླ་མོ་རེད། དེ་བས་གནས་རི་ལ་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡང་མི་རིགས་ཚང་མའི་ལས་དོན་དུ་གྱུར་པས་ཚང་མ་མཉམ་དུ་ཞུགས་པར་སྒུལ་ཤུགས་ཐེབས་ཡོད། བོད་རིགས་མི་དམངས་ཀྱིས་ཁྱད་དུ་འཕགས་པའི་རང་བྱུང་ཁམས་ལ་དད་གུས་བྱེད་པའི་འདུ་ཤེས་ཁྲོད་གནས་རི་ལ་བཅངས་པའི་འདུ་ཤེས་ཡོད་པ་ཙམ་མ་ཡིན་པར་དེ་ལས་ཀྱང་གཞན་ཡོད་པ་དག་དཔེར་ན། མཚེའུ། ས་ཆ། བྲག་རྡོ། བྲོག་ཉ། སྤྲེལ་སོགས་རང་བྱུང་གི་སྲོག་ཆགས་ལ་དད་གུས་བྱས་ཡོད། བྱ་དངོས་འདི་དག་ལ་དད་གུས་བྱས་པ་དང་རི་རྩེ་ལ་དད་གུས་བྱེད་པ་འདྲ་མཚུངས་རེད། དེ་དང་བསྟུན་ནས་ཁྱད་དུ་འཕགས་པའི་བསམ་བློའི་མ་ལག་ཅིག་ཆགས་ཤིང་། མ་ལག་འདི་དག་གི་ནང་གི་ཡོད་ཚད་ནི་ལྷའི་ཆེད་དུ་འཛེམ་པའི་སྲུང་སྐྱོབ་ཅིག་རེད། གནས་རི་ལ་ཁྱད་དུ་འཕགས་པའི་དད་གུས་བྱེད་པའི་འདུ་ཤེས་ཀྱིས་བོད་རིགས་མི་དམངས་ཀྱི་དཔལ་འབྱོར་ཐོན་སྐྱེད་བྱེད་སྟངས་ཐད་ལ་ཕྱུགས་ལས་ཙམ་གཉེར་རྒྱུ་ཐག་བཅད་བྱས། བོད་ཁུལ་གྱི་གནམ་གཤིས་འཁྱག་གྲང་མཚོ་ངོས་ལས་མཐོ་བ་དང་དྲོད་ཚད་ལ་ཁྱད་པར་ཆེན་པོ་འདི་ལྟ་བུའི་རང་བྱུང་ཁོར་ཡུག་གིས་བོད་ཁུལ་ལ་ཕྱུགས་ལས་གཙོ་བོར་གཉེར་བའི་དཔལ་འབྱོར་ཐོན་སྐྱེད་བྱེད་སྟངས་ལ་སྐུལ་མ་བྱས་ཡོད། སྤྱི་ཚོགས་ཀྱི་གོམ་འགྲོས་དང་བསྟུན་ནས་བོད་ཁུལ་ཁ་ཤས་ནས་ཀྱང་ཞིང་ལས་བྱེད་པའི་འགོ་བརྩམ་དགོས་བྱུང་། རང་བྱུང་ཁོར་ཡུག་གི་ཚད་གཞི་དང་འབྲེལ་ནས་བོད་ཁུལ་དུའང་ལོ་ཏོག་འདེབས་པ་དཔེར་ན། ནས་དང་སྲན་མ་གྲོ་སོགས་ཡོད་ལ་ཞིང་ལས་ས་ཁུལ་དེ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་དམའ་སའི་ས་ཁུལ་དུ་ཡོད།
མཇུག་གི་གཏམ། བོད་ཁུལ་གྱི་གནས་རིའི་འདུ་ཤེས་ནི་དུས་ཡུན་རིང་པོའི་ནང་གཏིང་ཟབ་མོའི་ངང་བོད་རིགས་མི་དམངས་ཀྱི་སེམས་སུ་གནས་པ་དང་། ཁོ་ཚོའི་ཆབ་སྲིད་པ་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་འཚོ་བ། རྒྱུན་མི་ཆད་པར་གཅིག་ཏུ་འབྲེལ་ཞིང་མི་དམངས་ཚོའི་ནམ་རྒྱུན་གྱི་བྱ་སྤྱོད་ཁྲོད་དུ་ཚབ་ཞུགས་བྱས་ཡོད། གནས་རིའི་འདུ་ཤེས་ཀྱི་འཚོ་གནས་དེས་ཕྱི་རོལ་ཡུལ་གྱི་བོད་ཁུལ་གྱི་སྐྱེད་ཚལ་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ནུས་པ་ལེགས་པོ་ཞིག་ཐོན་འདུག དེང་སྐབས་ཀྱི་འཛམ་གླིང་སྟེང་གི་ས་ཆ་མང་ཤས་ཀྱི་སྐྱེད་ཚལ་ཁོར་ཡུག་ཡོད་ཚད་ཇེ་སྡུག་དུ་འགྲོ་བའི་གནས་ཚུལ་འོག་བོད་ཁུལ་གྱི་སྐྱེད་ཚལ་ཁོར་ཡུག་ནི་སྔར་ལྟར་རྒྱུན་འཁྱོངས་ལེགས་པོ་བྱས་ཡོད་ལ་འདི་ཧ་ཅང་ངོ་མཚར་ཆེ་ཞེས་བཤད་ན་ཆོག གསར་སྐྲུན་ངོ་མཚར་ཅན་ནི་དོན་དངོས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་རང་བྱུང་ཁམས་ལ་དད་གུས་ཀྱི་འདུ་ཤེས་ བཟུང་བ་དེ་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེད་ཚལ་ཁོར་ཡུག་སུང་སྐྱོབ་གནད་དོན་དེས་ལེགས་འགྲུབ་ངང་ཐག་བཅད་པ་ཡིན། 
མདོར་བསྡུས་ན། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་པའི་འོག་དུ་བོད་རིགས་ཀྱི་དུས་རྒྱུད་འཚོ་བའི་ཁྲོད་ག་ས་གང་དུ་བྱམས་སྙིང་རྗེ་དང་བྱམས་སེམས་ཀྱིས་རང་བྱུང་ཁམས་ཀྱི་ཚེ་སྲོག་རེ་རེ་ལ་སྦྱིན་པ་གནང་བཞིན་འདུག བོད་རིགས་ཀྱི་བསམ་བློའི་བསྐྱེད་ཚུལ་བབ་ཆགས་ཤིང་། འཆར་ཡན་ལྡན་པ་བྱམས་བརྩེ་ལྡན་པ། རང་བཞིན་ལྡན་པ་བཅས་ཡིན་པས་མི་ཀུན་གྱི་སེམས་དང་བྱ་སྤྱོད་གྱི་ཚད་གཞིར་འགྱུར་རྒྱུ་ནི་ལས་སླ་མོ་ཞིག་རེད། འཇིག་རྟེན་དུ་འཚོ་གནས་བྱེད་པའི་མིའི་རིགས་ལ་གཡོལ་མི་ཐུབ་པའི་རྩ་བའི་གནད་དོན་གཉིས་ལ་འཕྲད་པ་ལས། གཅིག་ནི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དང་། གཉིས་ནི་མི་དང་མིའི་བར་གྱི་འབྲེལ་བ་ཡིན། འབྲེལ་བ་འདི་གཉིས་ཐག་གཅོད་ཐུབ་ན་སྲིད་འཛིན་དང་བཅའ་ཁྲིམས་སོགས་ཚད་ལྡན་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་བྱེད་དགོས། འོན་ཀྱང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་དུ་ང་ཚོས་ཤེས་པ་ལྟར་གནད་དོན་འདི་གཉིས་ཁོ་ནའི་བྱེད་ཐབས་བཀོལ་སྤྱོད་བྱས་ན་མི་འདང་བ་ཡིན། དེའི་མི་ཚད། མི་ཆོས་ཀུན་སྤྱོད་དར་སྤེལ་དང་། འཁོན་འཛིན་སེལ་བ། བརྩེ་སེམས་སྲུང་སྐྱོབ་བྱེད་པ་ཡང་ཧ་ཅང་དགོས་མཁོ་དང་ཕན་པ་ཡོད། བོད་ཁུལ་མང་ཚོགས་ཀྱི་སྐྱེད་ཚལ་འདུ་ཤེས་ཀྱིས་ང་ཚོའི་བློ་སྒོ་འབྱེད་ཞིང་མི་དང་མིའི་བར་གྱི་འབྲེལ་བ་དང་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་སྲུང་སྐྱོབ་ཀྱི་ཕན་ནུས་ཆེན་པོ་ཐོན་འདུག་གོ།

0 comments:

ཟིན་བྲིས་འཚོལ་ཡུལ