དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
༄༅།།འཛེམ་བྱའི་ཚིག་དང་སྙན་འཇེབས་ཚིག་གི་སྐོར་ཅུང་ཙམ་གླེང་བ།།
རྒྱལ་སྲས་ཚང་གིས།
༄༅།།མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཕན་ཚུན་བསམ་བློ་བརྗེ་རེས་དང་། དངོས་རྫས་བརྗེ་རེས་སོགས་འགུལ་སྐྱོད་བྱ་ལས་ནང་ཕན་ཚུན་གོ་བརྡ་སྤྲོད་ཐབས་ཀྱི་སྐད་ཆའི་ཐ་སྙད་ཧ་ཅང་མང་བོ་བསྐྲུན་ཡོད། དེ་བཞིན་བོད་མི་རིགས་རང་ལ་ཡང་གོམས་སྲོལ་དུ་གྱུར་བའི་ཕ་མེས་ཡང་མེས་རྣམས་ཀྱི་དུས་སུ་ཆགས་པ་དང་། དེ་དང་མཚུངས་པར་མ་ཉམས་འཕེལ་བཞིན་པའི་ཐ་སྙད་མང་བོའི་ནང་དུས་ངེས་ཅན་དང་། སྐད་ཆའི་བཤད་ཡུལ་ངེས་ཅན་དང་ཁོར་ཡུག་ངེས་ཅན། བྱ་ལས་ངེས་ཅན་ཞིག་གི་དབང་གིས་རང་གིས་བརྗོད་པར་འདོད་པའི་ཐ་སྙད་ཐད་ཀར་བཤད་མི་རུང་བའམ་མི་ལེགས་པའི་འཛེམ་ཚིག་དང་། དེ་མཚོན་པར་བྱེད་ཐུབ་པའི་སྐད་ཆ་འོས་ཤིང་སྙན་པོ་ཞིག་གིས་ཚབ་བྱེད་པ་ཡིནཏེ། དེ་ཡང་གོང་སྨྲས་ཀྱི་འཛེམ་བྱའི་ཚིག་ཅེས་པ་ནི་དུས་དང་། བཤད་ཡུལ། ཁོར་ཡུག གཉེར་ལས་ངེས་ཅན་ཞིག་ལ་དམིགས་ཏེ་བཤད་མི་རུང་ཞིང་ངེས་པར་འཛེམ་དགོས་པའི་ཚིག་ལ་བྱའོ།།
སྙན་འཇེབས་ཀྱི་ཚིག་ནི་བོད་ཀྱི་ཚིག་རྒྱན་རིག་པའི་རྒྱན་གྱིས་སྤྲས་པའི་ཡིད་འཕྲོག་པའི་ཚིག་རྒྱན་ལ་གོ་བ་མིན་ཏེ། དེ་བཤད་པའི་དུས། བཤད་ཡུལ། ཁོར་ཡུག གཉེར་ལས་ངེས་ཅན་ཞིག་ལ་དམིགས་ནས་བཤད་མི་རུང་བའམ་བཤད་ན་མི་འོས་པའི་ཚིག་དེ་ཕ་རོལ་ཉན་པ་བོས་གོ་ཐུབ་པའི་ཚིག་སྙན་མོ་གཞན་ཞིག་ཏུ་བསྒྱུར་བ་ལ་བྱའོ།།
དང་བོ། དུས་སྐབས་ངེས་ཅན་ཞིག་ལ་གཞིགས་ནས་སྐད་ཆ་བཤད་པ།
བོད་འདིར་སངས་རྒྱས་ཆོས་ལུགས་དར་ནས་ལོ་སྟོང་ལྷག་འགོར་བས་ཆོས་སྲིད་གཉིས་ལུས་དང་གྲིབ་མ་ལྟ་བུར་བྲལ་ཐབས་མེད་པར་གྱུར། བོད་དམངས་ཡོངས་ཀྱི་སེམས་སུ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ས་བོན་སྟུག་པོ་ཞིག་གནས་ཕྱིར། བོད་རང་ལ་དར་བའི་ཆོས་ཀྱི་དུས་ཆེན་མི་ཉུང་བ་ཞིག་མཆིས་ཏེ། དཔེར་ན། རྒྱ་ལོའི་བཅོ་ལྔའི་སྨོན་ལམ། གཉིས་པའི་ཚེས་མགོའི་ཚོགས་ཆོས། དགུ་བའི་ཉེར་གཉིས་ཀྱི་ལྷ་བབས། བཅུ་བའི་ཉེར་ལྔའི་མཆོད་པ་ལྟ་བུ་སོགས་ཆོས་ཀྱི་དུས་ཆེན་ལ་མི་རྣམས་ཀྱིས་དགེ་བའི་ལས་ལ་བརྩོན་ཅིང་བྱམས་པའི་ཚིག་གིས་སྨྲ་བ། མར་དབུལ་བོར་སྦྱིན་པ་དང་ཡར་དཀོན་མཆོག་ལ་བསྙེན་བཀུན་གྱིས་དུས་འདའ་སྐབས་སྨོན་ལམ་བཟང་འདེབས་དང་སྔོན་བསགས་ཀྱི་ཉེས་པར་བཤགས་སྦྱངས་བྱེད་པའི་ཚིག་སྟེ། མ་སེམས་ཅན་གྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། འགྲོ་བ་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག་ལྟ་བུ་ལས་གསོད། གཏུབ། བཤའ་སོགས་གཏན་ནས་བཤད་མི་རུང་བའི་འཛེམ་ཚིག་ཡིན། དེའི་རྒྱུ་མཚན་ནི་དུས་བཟང་ལ་དགེ་མི་དགེ་སྐད་ཆ་དང་བྱ་བ་གང་ཡིན་ཀྱང་ལྡབ་བརྒྱ་འགྱུར་དང་སྟོང་འགྱུར་གྱི་འབྲས་བུ་འབྱུང་བར་གསུངས་ཕྱིར་རོ།། གལ་ཏེ་དུས་ཆེན་དེ་ལ་ཤ་ཞིག་གི་མིང་གླེང་དགོས་ཚེ། ཐད་ཀར་མི་བཤད་པར་དམར་ཞེས་འོས་པའི་ཚིག་གཞན་གྱིས་མཚོན་པར་བྱེད་དོ།། ལོ་གསར་ཚེས་མགོ་ལྟ་བུ་ལ་ཁྱེད་བདེ་མོ་ཡིན་ན། ལོ་གསར་བཟང་ངམ། བདེ་མོ་ཡིན། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་བྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོག་པར་ཤོག་སོགས་བཀྲ་ཤིས་པའི་ཚིག་བརྗོད་ཅིང་རྒན་པོ་རྣམས་ཀྱི་ངག་ལས་ཚེ་རིང་ལོ་བརྒྱ་ཞེས་པ་གཡང་འབོད་པ་ལས། དམྱལ་བར་སྐྱེས། ཤི་ཐལ། ཚེ་ཟད། ཟས་ནོར་སོགས་ཚར་སོང་། མི་འདང་སོགས་གཏན་ནས་བཤད་མི་རུང་བའི་འཛེམ་ཚིག་ཡིན། གལ་ཏེ་མི་འགས་རྡུང་རེས་བྱས་ནས་རྨས་སྐྱོན་འཕོག་པའམ་ཡང་ཤི་སྲིད་དུས་ཀྱང་སྐད་ཆ་ཐད་ཀར་མི་བཤད་པར་དོན་དག་ཞིག་བྱུང་ཞེས་བརྗོད་དུས་མི་ལེགས་པའི་བྱ་བ་ངན་པ་ཚང་མས་གོ་བར་འགྱུར། དུས་དེ་ལ་བཀྲ་མི་ཤིས་པའི་ཚིག་བརྗོད་ན་ལོ་གང་གནོད་འཚེ་ཡོང་ཞེས་རྟེན་འབྲེལ་ལ་བལྟས་ནས་མི་ཚང་མས་སྐད་ཆ་བཤད་དུས་གང་གཟབ་གཟབ་སྒོས་བཤད་དགོས། 
བོད་ཀྱི་གཉེན་སྟོན་གྱི་དུས་ལྟ་བུ་ལ་མཚོན་ན། ཉིན་དེའི་ཨ་ཞང་ཚང་རང་ལས་ལོ་དང་གོ་གནས་གང་ཐད་ནས་དམའ་ནའང་ཁྱེད་བཞུགས། ཁྱེད་ཀྱིས་བཞེས། སྒོ་ལ་གཅིག་གཏོང་བར་འགྲོ་བ་ལ་སྒོར་ཕེབས་དགོས་ཞེས་དང་། ཨ་ཞང་ཚང་མ་དགའ་བར་ཚིགས་ཅུང་རྩུབ་མོ་བཤད་པ་ལ། ཨ་ཞང་ཚང་གིས་གཏམ་གཏོང་གི་ཡོད་ཅེས་སྙན་ཞིང་འོས་པའི་ཚིག་མ་བཤད་ན། མག་གསར་བག་གསར་གཉིས་ཀྱི་མི་ཚེ་གང་བོའི་འདུན་མའི་རྟགས་རྟེན་འབྲེལ་བཟང་བོ་ལོག་པར་འགྱུར་ཞེས་བཤད་དོ།།
གཉིས་པ། བཤད་ཡུལ་ངེས་ཅན་ཞིག་ལ་དམིགས་ནས་སྐད་ཆ་བཤད་པ།
རང་གི་བཤད་ཡུལ་དུ་གྱུར་བའི་མི་གང་གི་མདུན་ནས་གཏམ་གླེང་རེ་བྱེད་དུས། སྐད་ཆ་གང་ཞིག་མི་དེར་མི་རན་པ་དང་འཛེམ་པ་ལ་སྙན་འཇེབས་ཀྱི་ཚིག་གཞན་ཞིག་བཀོལ་ནས་མཚོན་པའམ་གོ་བར་བྱེད་པ་ཡིན།
དེ་ཡང་བླ་ཆེན་དང་དཔོན་ཆེན་གྱི་དྲུང་དུ་གཏམ་གླེང་བྱེད་པ་དང་སྙན་ཞུ་འབུལ་བར་ཕལ་ཚིག་གམ་དམན་ཚིག་བཀོལ་ན་མི་འོས་པས་གོང་བཀུར་གྱི་ཚིག་སྙན་མོ་བཀོལ་ནས་བཤད་དགོས། དེ་ལས་ལྡོག་ན་གོང་བཀུར་མ་བྱས་པས་བཀའ་བཀྱོན་གནང་ལ། བྱ་བ་ཞིག་ཞུ་འབུལ་བྱས་ཀྱང་ཡིད་བཞིན་འགྲུབ་དཀའ་འོ།།
དཔེར་ན། བླ་དཔོན་ལྟ་བུ་ལ། དང་བོ་འཛེམ་ཚིག གཉིས་པ་སྙན་འཇེབས་ཚིག མགོ་ལ་དབུ། ཟ་མ་ལ་བཞེས་པ། གཅིན་ལ་དྲི་ཆུ། རྟ་ལ་བཅིབས་པ། ཡར་བཤད་རྒྱུ་ལ་ཡར་ཞུ། བསམ་པ་ལ་ཐུགས། འགྲོ་བ་ལ་ཕེབས། སྔ་མ་ནི་འཛེམ་ཚིག་ཡིན་ལ་ཕྱི་མ་སྙན་འཇེབས་ཀྱི་ཚིག་ཡིན། གཞན་ཡང་ཉེས་བཤད། ལོག་བཤད། རྫུན། ཕྲ་མ། ཚིག་རྩུབ་སྨྲ་བ་ལ་ཧ་ཅང་འཛེམ་དགོས།
ཕ་མ་ཉེ་དུའི་གྲལ་ནས་ཕོ་མོའི་འབྲེལ་ཚིག་དག་མི་བརྗོད་ལ་ཁྱད་པར་དུ་འཁྲིག་སྤྱོད་ཀྱི་ཚིག་ལ་འཛེམ་དགོས། ཡང་མི་མང་ཚོགས་སར་སྐྱུག་བྲོ་བའི་གཏམ་གཅིན་སྐྱག་ཟླ་མཚན་གྱི་མིང་ལྟ་བུ་དྲང་བོར་མི་བརྗོད་པར་འོས་འཚམས་ཀྱི་ཚིག་གིས་སྨྲ་བ་སྟེ། རྩ་ཆུ་དང་རྐེད་པ་ཞེས་བཤད་དགོས། ཤི་ཆད་བྱུང་ཡོད་པའི་མི་ཞིག་ལ་ཁྱོད་བདེ་མོ་ཡིན་ནམ། བཟང་ངམ་ཞེས་པ་དང་། ཤི་བོའི་མིང་ནས་འབོད་མི་རུང་། གལ་ཏེ་ཤི་བོ་དེའི་མིང་ནས་གླེང་དགོས་ན། ཕ་མ་ལྟ་བུ་ལ་ཕ་ལ་ཧ་དྲིན་ཆེན་པོ་དང་མ་ལ་མ་དྲིན་ཆེན་མ་དང་མཉམ་པ་ལ་སྐྱིད་རྒྱག་གོ་དེ་ཞེས་འབོད་ཅིང་། དེ་ལས་ལྡོག་ན་རང་བསོད་ནམས་ཟད་པ་དང་། བཤད་ཡུལ་གྱི་སྡུག་བསྔལ་ལྕི་བརའགྱུར་བས་སྙན་འཇེབས་ཀྱི་ཚིག་བཀོལ་དགོས།
གསུམ་པ། ཁོར་ཡུག་ངེས་ཅན་ཞིག་ལ་དམིགས་ནས་བཤད་པ།
བཤད་པ་བོ་རང་ཉིད་ཁོར་ཡུག་གི་དབང་གིས་སྐད་ཆ་བཤད་དུས་ཡུལ་དེའི་ཡུལ་སྲོལ་གོམས་འདྲིས་ལ་གཟབ་གཟབ་ཀྱིས་བཤད་དགོས།
དཔེར་ན། མི་གང་དགོན་པར་སོང་ནས་ལྷ་དང་བླ་མར་གུས་ཕྱག་མཆོད་པ་འབུལ་བར་མ་ཎི་འདོན་པ་དང་གསོལ་འདེབས་བྱེད་པ་ལས་ཚིག་རྩུབ་མོ་དང་གང་འདོད་འདོད་བཤད་མི་རུང་སྟེ། གསོད། གཏུབས། བཅོམ་འཕྲོག་བརྐུ། གཡེམ་སོགས་གཏན་ནས་བཤད་མི་ཆོག གནས་དེའི་ཁྱིམ་སྤངས་རབ་བྱུང་དགེ་སྒྲུབ་ཀྱི་གནས་ཡིན་ཕྱིར། གཞན་དགེ་ལུགས་པའི་དགོན་པར་མཚོན་ན། གེ་སེར་རྒྱལ་བོའི་སྒྲུང་སོགས་ལ་འཛེམ་དགོས། གེ་སེར་སྒྲུང་ནང་གསོད་གཏུབས་གཡུལ་གྱི་སྦྱོར་བ་ཡོད་པས་ཉན་ན་བློ་དམན་གྱི་རྒྱུད་ལ་ཆགས་སྡང་སྐྱེད་སྲིད་པས་སྤངས་དགོས་སོ།།
ཡང་ས་ཆ་སོ་སོའི་ཡུལ་སྲོལ་གོམས་འདྲིས་ཀྱི་དབང་གིས་སྐད་ཆར་སྣང་འཇོག་བྱེད་དགོས། དཔེར་ན། རྒན་རྒྱའི་ས་ཆར་རྟ་ཞོན་ཞེས་པའི་ཞོན་དེ་འཁྲིག་ཚིག་ཡིན་པས་འཛེམ་དགོས་ཤིང་། རྟ་ལ་འཛོག་ཅེས་བཤད་དགོས་པ། རྐང་ཚ་སོགས་ས་ཆ་མང་ཆེ་བར་རྟ་ལ་ཞོན་ཟེར་བ་ལས་རྟ་ལ་འཛོག་ཅེས་པ་ཡང་འཁྲིག་ཚིག་ཡིན་པས་འཛེམ་དགོས་པ་ལྟ་བུའོ།།
བཞི་བ། གཉེར་ལས་ལ་དམིགས་ནས་སྐད་ཆ་བཤད་པ།
བཤད་པ་བོ་རང་གི་གཉེར་ལས་ཀྱི་དབང་གིས་སྐད་ཆ་བཤད་དུས་ལས་དེར་ཕན་པ་དང་འཚམས་པའི་སྙན་འཇེབས་ཀྱི་ཚིག་བཤད་པ་ལས་ཐད་ཀར་བཤད་མི་ཆོག་པ་ལ་ཟེར། དཔེར་ན། དགེ་ཆོས་འབའ་ཞིག་གཉེར་ཞིག་ལ་མཚོན་ན་རང་གི་བྱ་ལས་ཀྱི་དབང་གིས་སྡིག་པ་མ་བྱེད། ཚིག་ལོག་མ་རྒྱག ཁ་བཏོན་དང་མཆོད་བཀུར་བྱོས་ཞེས་བཤད་པ་ཡིན་ནོ།། གལ་ཏེ་རང་ལ་ཟ་རྒྱུའི་ཤ་ཞིག་དགོས་མཁོ་ཡོད་ནས་ཐད་ཀར་མི་བཤད་པར་ང་ལ་དགུན་ཟ་རྒྱུ་ཞིག་མཁོ་ཞེས་སྙན་འཇེབས་ཀྱི་ཚིག་གིས་བརྗོད་པ་ཡིན་ནོ།། 
ཀློག་འཇུག་དང་བོ་སྐྱེད་སྲིང་བྱེད་པའི་སློབ་ཆུང་གི་དགེ་རྒན་ཞིག་ལ་མཚོན་ན། སློབ་མ་རྣམས་སྤྲོ་བའི་ཕྱིར་ཀ་ཁ་སུམ་ཅུ་དང་དབྱངས་ཡིག་ཤེས་སོང་ན་བོད་ཡིག་ཤེས་སོང་བ་རེད་ཅེས་བཤད་པ་ལ་བོད་ཡིག་རྒྱ་ཆེ་གཏིང་ཟབ་ཚུལ་བཤད་ན་སློབ་བུ་རྣམས་ཀྱི་སྦྱང་སེམས་ལ་གནོད་པས་འཛེམ་ཚིག་ཡིན། དེའི་ཀ་ཁ་སུམ་ཅུའི་མགོ་ན་སླའོ་ཞེས་པའང་བོད་ཀྱི་སྲོལ་རྒྱུན་སློབ་གསོ་རིག་པའི་ཁྱད་ཆོས་སོ།།
ཕྱུགས་ལས་གཉེར་བའི་རྫི་བོ་ཞིག་ལ་མཚོན་ན། རང་གི་ཕྱུགས་ཟོག་ལ་དགྲ་བགེགས་མེད་པར་འཕེལ་ཁ་དར་ཆེད་ཕྱུགས་དགྲ་སྤྱང་ཀི་ལ་ཞེས་མི་འབོད་པར་འཛེམ་ནས་སྙན་འཇེབས་ཀྱི་ཚིག་སྟེ། ཁ་དམ་ཞེས་འབོད་སྲོལ་གཞན་བཀོལ་ན་ཡང་སུས་ཀྱང་གོ་སླའོ།།
སྨན་ལས་གཉེར་བའི་སྨན་པ་ཞིག་ལ་མཚོན་ན། སྨན་རྩྭ་སྣ་ཚོགས་བཏུ་སྐབས། མེ་ཏོག་དང་ཡང་ན་དུག་ཤིང་ལོ་འདབ་གང་ཡིན་ཡང་སྨན་རྩྭ་ཞེས་འབོད་པ་དང་ཡང་བྲག་གི་ཨ་བྲའི་རྟུག་པ་ལ་བྲག་ཞུན་ཞེས་ནད་ལ་ཕན་པ་དང་ཕ་རོལ་བའི་བསམ་པར་སྨན་ནི་རང་གི་ནད་འཇོམ་ལུས་ཕུང་གསོ་བྱེད་ཡིན་པའི་ལྟ་བ་ཡང་དག་འཛིན་ཕྱིར་སྨན་འདིའི་ནང་ན་བྱ་བྲུན་མི་ཤ་ཕག་བྲུན་ཡོད་ཅེས་བཤད་མི་རུང་བར་འཛེམ་དགོས་སོ།།
གོང་གསལ་དེ་ལྟར་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་འཛེམ་ཚིག་དང་སྙན་འཇེབས་ཀྱི་ཚིག་སྔ་མོ་ནས་དར་ཞིང་ད་ལྟའང་འཕེལ་བཞིན་པ་མང་བོ་ཞིག་མཆིས་ཀྱང་། རང་གི་བློ་གྲོས་ཀྱི་ནུས་ཚོད་ལྟར་མཚོན་ཙམ་ལས་མ་བྲིས་མོད། འདི་ལྟ་བུས་ཀྱང་བོད་མི་རིགས་འདི་དུས་ཡུན་རིང་བོ་ནས་ཆེ་བཀུར་ཆུང་བྱམས་དང་ངོ་ཚ་ཁྲེལ་བག་ཡོད་པ། ཡ་རབས་དགེ་བའི་ལས་ལ་གཞོལ་བའི་མི་རིགས་བཟང་བོ་ཞིག་ཡིན་པ་མ་ཟད། བོད་ཀྱི་རིགས་གནས་འདི་ཡང་གཞན་ལས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མཚོན་ཡོད་དོ།།
ཅེས་པ་ནི༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་སློབ་གྲོགས་རིན་ཆེན་ནོར་བུ་དང་ངེད་གཉིས་ཀྱིས་སྐད་བརྡ་རིག་པའི་སློབ་ཁྲིད་ཀྱི་ལས་བྱར་བྲིས་པ་སྐད་བརྡ་རིག་པའི་མཁས་དབང་སློབ་དཔོན་ཆེན་མོ་བང་ཆིན་ཧྲན་ནས་དཔེ་བརྗོད་དང་འགྲེལ་བཤད་གཉིས་ཀ་བཟང་བར་བསྔགས་བརྗོད་ཐོབ་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ