དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 6 April 2014

སྣང་སྲིད་རྣམ་དག་དྲན་གླུ་ཡིད་ངོའི་པདྨ་དཀར་པོ་ཞེས་བྱ་བ།།

ན་མོ་གུ་རུ་པདྨ་ཀ་ར་ཡེ།།

རྒྱལ་དབང་པདྨ་འབྱུང་གནས་སྒྱུ་འཕྲུལ་ལས།།
གངས་ཅན་བོད་ཡུལ་དག་པའི་ཞིང་དུ་བསྒྱུར།།
རྣམ་དག་བཞད་པའི་བཅུ་ཕྲག་རིག་པའི་གཞུང་།།
ཡབ་མེས་ཕ་ཆོས་འཛིན་པའི་ཚོགས་ཀུན་རྒྱལ།།

མཁན་སློབ་ཆོས་རྒྱལ་ཉི་ཟླ་བཞིན་དུ་བཀྲ།།
སྐ་ཅོག་ཞིང་དཔལ་ལོ་ཙྰས་རྒྱུ་སྐར་ཤིས།།
མཁས་གྲུབ་རིག་འཛིན་བརྒྱུད་པའི་ལམ་བཟང་བདེ།།
འཁོར་འདས་རྒྱལ་ས་ཟིན་པས་འདི་ཕྱིར་ལེགས།།

ཀུན་མཁྱེན་ཡབ་སྲས་བརྒྱུད་པས་སྙིང་ཐིག་འཛིན།།
ཆོས་རྗེ་ཡབ་སྲས་བསྟན་པས་བཤད་སྒྲུབ་སྐྱོང་།།
གངས་ཅན་ཡོངས་ལ་ཕན་བདེས་སྲོག་རྩ་སྤེལ།།
ཡང་ཡང་བསམས་ཚེ་ངེད་ཅག་སྐལ་བ་བཟང་།།

ཆོས་རྒྱལ་བཙན་པོས་མཐའ་བཞི་དབང་དུ་བསྡུས།།
ཆོས་རྗེ་དམ་པས་རྒྱལ་ཁམས་ཆོས་ལ་བཀོད།།
ཀུན་མཁྱེན་བླ་མས་འགྲོ་ཁམས་ཞི་བདེ་བསྐྲུན།།
ཕྲིན་ལས་ཀུན་ཁྱབ་ཡིད་བཞིན་ནོར་ལས་ལྷག།

བྱམས་བརྩེའི་མངའ་བདག་མཉམ་མེད་ཇོ་བོ་རྗེས།།
སྐྱེས་བུ་གསུམ་པར་མན་ངག་གསེར་ཆོས་བསྩལ།།
བཀའ་གདམས་གོང་མས་ཉམས་ལེན་སྙིང་པོར་མཛད།།
མཁས་བཙུན་བཟང་པོས་དམ་ཆོས་སྒྲོན་མེ་གསལ།།

བཀའ་བརྒྱུད་བླ་མའི་མན་ངག་སྙིང་ལ་བཅངས།།
ཆོས་བརྒྱད་རེ་དྭོགས་རྃ་ཡྃ་ཁྃ་དུ་སྦྱངས།།
ཚེ་དང་སྒྲུབ་པར་སྙོམས་པའི་རྣལ་འབྱོར་བརྩོན།།
འགྲོ་མགོན་བཀའ་བརྒྱུད་རྣམ་ཐར་ཕྱག་རྒྱའི་གར།།

གཞི་ལམ་འབྲས་བུའི་ལམ་ལུགས་རྒྱུན་མ་ཆད།།
མདོ་སྔགས་བསྟན་པའི་བདག་པོ་སྡེ་གཉིས་དང་།།
ཁྱད་པར་སྔགས་འཆང་རྡོ་རྗེ་འཛིན་པ་ལ།།
བཀའ་བབས་བསྟན་བདག་དཔལ་ལྡན་ས་སྐྱའི་སྲོལ།།

གཉུག་སེམས་བདེ་བཤེགས་སྙིང་པོའི་ལྟ་སྒོམ་ལ།།
སྦྱོར་དྲུག་རྒྱུད་ལུང་མན་ངག་གནང་ཚང་བས།།
ཕྱི་ནང་གསང་བའི་དེ་ཉིད་མངོན་མཛད་པའི།།
རྒྱལ་བ་ཇོ་ནང་གཞན་སྟོང་དབུ་མས་མཛེས།།

མདོ་སྔགས་ལམ་རིམ་བྱང་ཆུབ་སེམས་ཀྱིས་འགྲེལ།།
སྟོང་ཉིད་རྟེན་འབྲེལ་ལྟ་སྒོམ་སྤྱོད་འབྲས་ལ།།
བཤད་སྒྲུབ་ནང་མཐུན་མཛད་པའི་དགེ་ལུགས་པའི།།
འཆད་རྩོད་རྩོམ་པའི་ཕྲིན་ལས་དར་ཞིང་རྒྱས།།

 མདོར་ན་སྒྲུབ་བརྒྱུད་ཤིང་རྟ་རྣམ་བརྒྱད་དང་།།
བཤད་པའི་བཀའ་ཆེན་བཅུ་དང་གཏེར་གསར་རྙིང་།།
ཁྱད་པར་དཔལ་གླིང་བཀའ་བརྒྱད་དུས་འཁོར་ལོའི།།
མདོ་སྔགས་ཟུང་འབྲེལ་རྒྱལ་བསྟན་ཡང་སྙིང་མཆིས།།

ཆོས་ལུགས་རིས་མེད་ནང་པ་སངས་རྒྱས་དང་།།
དག་སྣང་ཕྱོགས་མེད་སེམས་ཅན་སངས་རྒྱས་གོམས།།
བཀའ་དྲིན་མཚུངས་མེད་འཁོར་འདས་སྟོན་མཆོག་ལ།།
ནམ་ཡང་བརྗེད་མེད་བྱས་ཤེས་དྲིན་བཟོ་དགོས།།
 
ཉན་རང་བདག་མེད་རྟོགས་པའི་ལྟ་སྤྱོད་དང་།།
བྱང་སེམས་དྲི་མེད་འཁྲུངས་པའི་སྤྱོད་འཇུག་གོ།
གསང་ཆེན་ཟླ་མེད་བདེ་ཆེན་ཕྱག་རྒྱར་མྱོང་།།
སྨྲ་བསམ་བརྗོད་མེད་རྟོགས་པའི་རྣལ་འབྱོར་དྲན།།
 
དྲན་ཤེས་བག་ཡོད་དགོས་པའི་དག་སྣང་འདི།།
ཨ་ཞིང་མཁས་གྲུབ་ལུང་རྟོགས་བསྐུལ་བའི་ངོར།།
རྒྱལ་ཁམས་འཁྱམ་པོ་དཔལ་དགྱེས་རྡོ་རྗེ་ཡིས།།
དབྱིན་ཡུལ་ཀུན་བཟང་གླིང་ནས་ཕུལ་བར་དགེ།

ཞེས་རབ་རྒྱན་དབོ་ཟླའི་རྒྱལ་བ་དང་པོར་རྨི་ལམ་ཡ་མཚན་ཅན་དུ་མ་རྨིས་པ་ནས་སྙིང་གྲོགས་པདྨ་དཀར་པོ་ཤིན་ཏུ་དྲན་པ་དང་བོད་ཡུལ་ནས་སྤྲུལ་སྐུ་ངང་ཆུང་ངམ་ཁམས་སྨྱོན་རྒྱུད་དེ་ཨ་ཞིང་ཁེས་ལུང་ངམ་མཁས་གྲུབ་ལུང་རྟོགས་ཀྱིས་བདག་ཉིད་ཤིན་ཏུ་དྲན་པའི་འཕྲིན་ཐུང་མཇལ་བའི་མོད་ལ་སྣང་སྲིད་རྣམ་དག་དྲན་གླུ་ཡིད་ངོའི་པདྨ་དཀར་པོ་ཐོལ་བྱུང་དུ་འཆར་བ་བཞིན་དུ་རིས་མེད་རྒྱལ་བསྟན་ལ་ངེས་ཤེས་ཁྱད་པར་ཅན་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཀུན་བཟང་ཆོས་གླིང་ནས་ཕུལ་བར་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ