དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 27 April 2011

༄༅། །བླ་བརྒྱུད་གསོལ་འདེབས་མ་བཅོས་སེམས་ཀྱི་རི་མོ། །


ཨེ་མ་ཧོ༔
ཆོས་དབྱིངས་ཁྱབ་བརྡལ་གདོད་མའི་གཞི་ཀློང་གི་ཞིང་ན། །
ཡེ་གྲོལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གཉིས་མཁྱེན་ནོ། །
མ་བཅོས་ཡེ་བབས་ངང་ནས་གསོལ་བ་རང་འདེབས་ན། །
ཀ་ལྷུན་ཟུང་འཇུག་ཐོབ་པའི་དངོས་གྲུབ་རང་སྩོལ་ཅིག །

ངེས་པ་ལྔ་ལྡན་ལོངས་སྐུ་འོག་མིན་གྱི་ཞིང་ན། །
རྒྱལ་ཀུན་སྤྱི་གཟུགས་རྡོར་སེམས་ཡབ་ཡུབ་གཉིས་མཁྱེན་ནོ། །
བདེ་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་ན། །
སྒྲིབ་ཀུན་རང་སར་གྲོལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །

ཀ་དག་གདོད་མའི་རང་བཞིན་ཆོས་སྐུ་ཡི་ཞིང་ན། །
ལྷུན་གྲུབ་རྫོགས་ཆེན་སྟོན་པ་དགའ་རབ་རྗེ་མཁྱེན་ནོ། །
སྐུ་གསུམ་ཀུན་འདུས་མཆོག་ལ་གསོལ་བ་རང་འདེབས་ན། །
ཡང་གསང་དེ་ཉིད་རྟོགས་པའི་དངོས་གྲུབ་ཅིག་སྩོལ་ཤོག །

འཇའ་ལུས་འཕོ་ཆེན་དྭངས་མའི་དཀྱིལ་འཁོར་གྱི་དབུས་ན། །
གྲུབ་པའི་དབང་ཕྱུག་འཇམ་དཔལ་བཤེས་གཉེན་ཁྱེད་མཁྱེན་ནོ། །
འཕོ་འགྱུར་འཛིན་བྲལ་ངང་ནས་གསོལ་བ་རང་འདེབས་ན། །
སྣང་ཤེས་ཞེན་པ་དག་པའི་དངོས་གྲུབ་ཅིག་སྩོལ་ཤོག །

རང་སྣང་རྣམ་དག་ཡེ་ཤེས་ལྔ་ལྡན་གྱི་ཞིང་ན། །
བརྟུལ་ཞུགས་མཐར་ཕྱིན་ཤྲྰི་སེང་ཧ་ཁྱེད་མཁྱེན་ནོ། །
རང་བྱུང་རྩོལ་བྲལ་ངང་ནས་གསོལ་བ་རང་འདེབས་ན། །
ཚེ་འདིར་འོད་སྐུར་གྲོལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །

རྒྱུད་ལུང་མན་ངག་རྒྱ་མཚོའི་དགོངས་ཀློང་གི་དབུས་ན། །
མཁས་གྲུབ་དབང་ཕྱུག་ཛྙྰ་ན་སུ་ཏྲ་ཁྱེད་མཁྱེན་ནོ། །
རང་རྩལ་མ་འགགས་ངང་ནས་གསོལ་བ་རང་འདེབས་ན། །
འཁོར་འདས་གནས་ལུགས་རྟོགས་པའི་དངོས་གྲུབ་ཅིག་སྩོལ་ཤོག །

འབྱུང་བ་རང་དག་སྒྱུ་འཕྲུལ་རྒྱལ་བ་ཡི་ཞིང་ན། །
གྲུབ་བརྒྱའི་གཙུག་བརྒྱན་བྰི་མ་མི་ཏྲ་ཁྱེད་མཁྱེན་ནོ། །
རང་བྱུང་རང་ཤར་ངང་ནས་གསོལ་བ་རང་འདེབས་ན། །
འབྱུང་བ་རང་སར་གྲོལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །

རང་བྱུང་ལྷུན་གྲུབ་ཟངས་མདོག་དཔལ་རི་ཡི་ཞིང་ན། །
རང་རིག་རྒྱལ་པོ་པདྨ་འབྱུང་གནས་ཁྱེད་མཁྱེན་ནོ། །
གང་ཤར་རང་གྲོལ་ངང་ནས་གསོལ་བ་རང་འདེབས་ན། །
རང་གྲོལ་ཆོས་སྐུ་ཐོབ་པའི་དངོས་གྲུབ་ཅིག་སྩོལ་ཤོག །

དབྱིངས་ཡེ་འཛིན་པ་དག་པའི་རང་བྱུང་གི་ཞིང་ན། །
དུས་གསུམ་རྒྱལ་བའི་ཡུམ་གཅིག་མཚོ་རྒྱལ་ཁྱེད་མཁྱེན་ནོ། །
བདེ་ཆེན་ཡེ་ཤེས་ངང་ནས་གསོལ་བ་རང་འདེབས་ན། །
བདེ་སྟོང་ལྷན་སྐྱེས་ཐོབ་པའི་དངོས་གྲུབ་དེ་སྩོལ་ཤོག །

སྣང་བཞི་མཐར་ཕྱིན་ཆོས་ཉིད་གདོད་མ་ཡི་ཀློང་ན། །
ཆོས་སྐུའི་སྟོན་ཆེན་དྲི་མེད་འོད་ཟེར་ཁྱེད་མཁྱེན་ནོ། །
ཡེ་སྟོང་འཛིན་བྲལ་ངང་ནས་གསོལ་བ་རང་འདེབས་ན། །
གཞོན་ནུ་བུམ་སྐུར་གྲོལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །

རྩོལ་མེད་རང་གྲོལ་རྒྱལ་བའི་ཞིང་ཁམས་ཀྱི་དབུས་ན། །
མཚུངས་མེད་བླ་མ་འཇིགས་མེད་གླིང་པ་ཁྱེད་མཁྱེན་ནོ། །
དབྱེར་མེད་རང་ངོ་ཤེས་པས་གསོལ་བ་རང་འདེབས་ན། །
དྲི་མེད་རྒྱལ་བསྟན་གསལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །

རང་སྣང་བདེ་ཆེན་དག་པའི་དཀྱིལ་འཁོར་གྱི་ཞིང་ན། །
འདྲེན་མཆོག་འཇིགས་མེད་རྒྱལ་བའི་སྨྱུ་གུ་ཁྱེད་མཁྱེན་ནོ། །
རིག་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་ན། །
རིག་འཛིན་ཕྲིན་ལས་ཐོབ་པའི་དངོས་གྲུབ་ཅིག་སྩོལ་ཤོག །

རིགས་ཀུན་ཁྱབ་བརྡལ་རྒྱལ་བའི་ཞིང་ཁམས་ཀྱི་དབུས་ན། །
རིགས་འདུས་དཔལ་སྤྲུལ་ཆོས་ཀྱི་དབང་པོ་ཁྱེད་མཁྱེན་ནོ། །
རིགས་བདག་བླ་མ་ཤེས་པས་གསོལ་བ་རང་འདེབས་ན། །
རིགས་དྲུག་ཐར་བར་འདྲེན་པའི་དངོས་གྲུབ་ཅིག་སྩོལ་ཤོག །

ཀུན་གཟིགས་ཀུན་མཁྱེན་རྒྱལ་བའི་ཐུགས་རྗེ་ཡི་ཞིང་ན། །
ཀུན་འདུས་བླ་མ་མི་ཕམ་རྣམ་རྒྱལ་ཁྱེད་མཁྱེན་ནོ། །
ཀུན་སྣང་དག་པའི་ངང་ནས་གསོལ་བ་རང་འདེབས་ན། །
ཀུན་བཟང་ཞིང་ཁམས་སྦྱོང་བའི་དངོས་གྲུབ་ཅིག་སྩོལ་ཤོག །

ལྷུན་གྲུབ་རིག་པ་མ་འགགས་ཚད་ཕེབས་ཀྱི་ཞིང་ན། །
རིག་འཛིན་ལུང་རྟོགས་བསྟན་པའི་ཉི་མ་ཁྱེད་མཁྱེན་ནོ། །
སྨྲ་བསམ་བརྗོད་བྲལ་ངང་ནས་གསོལ་བ་རང་འདེབས་ན། །
ཁྱད་ཆོས་དྲུག་ལྡན་མཇལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །

བརྩོལ་བསྒྲུབ་ཡེ་གྲོལ་གདོད་མའི་ཞིང་ཁམས་ཀྱི་དབུས་ན། །
སྣང་བཞི་མཐར་སོན་པདྨ་ལས་འབྲེལ་རྩལ་མཁྱེན་ནོ། །
གཏད་མེད་རྒྱ་ཡན་ངང་ནས་གསོལ་བ་རང་འདེབས་ན། །
འཇའ་ལུས་འཕོ་ཆེན་འགྲུབ་པའི་དངོས་གྲུབ་ཅིག་སྩོལ་ཤོག །

མ་བཅོས་ཆོས་དབྱིངས་རིག་པ་རང་གྲོལ་གྱི་ཞིང་ན། །
མ་ལུས་འདྲེན་པའི་ཨ་རིག་དབང་ཕྱུག་རྗེ་མཁྱེན་ནོ། །
མ་རིག་འཛིན་བྲལ་ངང་ནས་གསོལ་བ་རང་འདེབས་ན། །
མ་དག་འགྲོ་ཀུན་འདྲེན་པའི་དངོས་གྲུབ་ཅིག་སྩོལ་ཤོག །
ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ