དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །བླ་མ་དང་བླ་མའི་རྣལ་འབྱོར་བསྟེན་ཚུལ་བློ་ལྡན་ཉི་མ་ཞེས་བྱ་བ། །
ན་མོ་མ་ཧྰ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཀ་དག་ཆོས་དབྱིངས་བླ་མ་ཀུན་ཏུ་བཟང་། །
ལྷུན་གྲུབ་འོད་གསལ་བླ་མ་རྡོ་རྗེ་འཆང་། །
དཔག་ཡས་ཕན་བདེའི་བླ་མ་་རིན་པོ་ཆེ། །
སྐུ་གསུམ་དོན་གྱི་བླ་མ་རྟག་ཏུ་འདུད། །
བླ་མ་མ་བསྟེན་སངས་རྒྱས་ཐོབ་པའི་ཚུལ། །
ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་དག་ན་མེད། །
མཐོང་ཆོས་སུ་ཞིག་རང་བཟོ་ཕོ་ཚོད་ཀྱིས། །
ས་ལམ་ཡོན་ཏན་སྐྱེས་པ་གཅིག་ཀྱང་མེད། །
འདི་ལྟར་རང་གཞན་སེམས་ཅན་ཐམས་ཅད་ནི། །
མ་རིག་དབང་གིས་འཁོར་བའི་རྒྱ་མཚོ་འདིར། །
གྲོགས་མེད་ལོང་བ་ཐང་དཀྱིལ་ལྷག་དང་མཚུངས། །
དེས་ན་དེད་དཔོན་བཤེས་གཉེན་བསྟེན་པར་རིགས། །
དེད་དཔོན་མ་བསྟེན་རིན་ཆེན་གླིང་བགྲོད་ནས། །
ཡིད་བཞིན་ནོར་བུ་བླངས་བའི་ལོ་རྒྱུས་མེད། །
དེ་ཕྱིར་བཤེས་གཉེན་གྲོགས་བཟང་ལེགས་བསྟེན་ནས། །
ཐར་དང་ཀུན་མཁྱེན་ལམ་ལ་བགྲོད་པར་ནུས། །
རིས་ཆད་འཕྲལ་བྱུང་རྐྱེན་ངན་དྲག་པོ་ཡིས། །
དང་པོའི་ལས་ཅན་གྲོགས་ཀྱིས་བསྒྱུར་བསླ་བས། །
ཙནྡན་ཚལ་དང་གསེར་གླིང་དཔེ་བཞིན་དུ། །
མཚན་ལྡན་བཤེས་གཉེན་དམ་པ་སྟེན་ཅིག་ཨང་། །
མདོ་རྒྱུད་མན་ངག་དག་ལས་བཤད་པ་བཞིན། །
བླ་མའི་ཡོན་ཏན་མཐའ་དག་ཚང་བ་ནི། །
སྙིགས་ལྔའི་དུས་སུ་རྙེད་པར་དཀའ་ན་ཡང་། །
ཐར་བའི་ལམ་སྟོན་མ་ནོར་སྟེན་ཅིག་ཨང་། །
ངེས་འབྱུང་བྱང་སེམས་དག་པའི་སྡོམ་པ་བཙུན། །
མདོ་རྒྱུད་མན་ངག་རྒྱ་མཚོའི་ཆོ་ག་མཁས། །
སྤངས་རྟོགས་ཡོན་ཏན་ཀུན་རྫོགས་བླ་མ་དེ། །
སྙིང་དང་སྲོག་ལས་གཅེས་པར་སྟེན་ཅིག་ཨང་། །
ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །
དབང་ཐོབ་དམ་ལྡན་ཐུགས་རྒྱུད་ཤིན་ཏུ་ཞི། །
གཞི་ལམ་འབྲས་བུའི་རྒྱུད་དོན་ཀུན་ཏུ་མཁྱེན། །
བསྙེན་སྒྲུབ་རྟགས་རྫོགས་གཞན་དོན་རྟག་ཏུ་མཛད། །
ཆོས་བརྒྱད་དང་བྲལ་ནན་ཏན་དམ་ཆོས་འཛིན། །
ཐབས་མཁས་སྟོབས་ཀྱིས་གཞན་ཡང་དེ་ལ་བསྐུལ། །
བརྒྱུད་གསུམ་བླ་མའི་བྱིན་རླབས་ལྡན་པ་ཞིག །
མཆོག་ཐུན་དངོས་གྲུབ་རྩ་བ་སྟེན་ཅིག་ཨང་། །
ཚེ་འདིར་ཞེན་ཆགས་ཆེ་བའི་འཁོར་འཛིན་གཅིག །
རྙེད་དང་བཀུར་སྟིས་སྦོས་པའི་རྒྱགས་ཆེན་གཉིས། །
ཁྲོམ་པའི་རུས་སྦལ་དཔེ་བཞིན་མཐོང་ཆུང་གསུམ། །
བསྟེན་ན་རྨོངས་དད་ཡིན་པས་སྤོངས་ཤིག་ཨང་། །
མདོ་རྒྱུད་ཐོས་བསམ་མེད་པའི་བླུན་པོ་གཅིག །
དྲན་ཤེས་བག་ཡོད་མེད་པའི་ཚུལ་འཆལ་གཉིས། །
བྱམས་བརྩེ་དྲང་བདེན་མེད་པའི་བླ་གཟུགས་གསུམ། །
སྨྱོན་པའི་ལམ་མཁན་ཡིན་པས་སྤོངས་ཤིག་ཨང་། །
ཁྱད་པར་དམ་ཉམས་ལས་འབྲས་མེད་པ་ཚོ། །
ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །
གཏན་གྱི་སྐྱབས་གནས་དམ་པར་བརྟག་དཔྱོད་ནས། །
དལ་འབྱོར་མི་ལུས་སྙིང་པོ་ལོངས་ཤིག་ཨང་། །
དམ་པའི་ཡོན་ཏན་ཚང་བའི་བླ་མ་ནི། །
སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡེ་ཤེས་སྐུ། །
གདུལ་བྱའི་སྣང་ངོར་མི་ཡི་ཚུལ་བྱོན་པས། །
དཀོན་མཆོག་དགུ་ལྡན་ངོ་བོར་སྟེན་ཅིག་ཨང་། །
ངེས་དོན་ཆོས་སྐུ་དྲང་དོན་སྤྲུལ་བའི་སྐུ། །
འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་ཆེན་ཡིན། །
ཐར་བའི་ལམ་བཟང་སྟོན་པའི་དེད་དཔོན་ཡིན། །
ལས་ཉོན་མེ་ཚོགས་འཇོམས་པའི་བདུད་རྩི་ལགས། །
མ་རིག་མུན་པ་སེལ་བའི་ཉི་ཟླ་དངོས། །
ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །
གང་འདོད་རེ་བ་བསྐོང་བའི་བླ་མ་ལ། །
དད་གསུམ་མི་ཕྱེད་འདུན་པས་སྟེན་ཅིག་ཨང་། །
བླ་མ་སངས་རྒྱས་ལྟ་བའི་ངེས་ཤེས་གཅིག །
གདམས་ངག་བདུད་རྩི་འཐུང་བའི་དད་བརྩོན་གཉིས། །
དམ་ཚིག་ངོ་ལྐོག་མེད་པའི་དགེ་འདུན་གསུམ། །
བྱུང་ན་དེ་ནི་སྐལ་བཟང་སྐྱེས་བུ་ལགས། །
ལས་ཉོན་དགྲ་ལ་འཇིགས་པའི་སྐལ་བཟང་ཚོས། །
ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །
འཇིགས་པས་རམ་ཟླ་ཚོང་པས་དེད་དཔོན་དང་། །
གྲུ་ཞུགས་མཉན་པ་བཞིན་དུ་སྟེན་ཅིག་ཨང་། །
འཕྲལ་རྐྱེན་ངན་པས་མ་བསྒྱུར་མོས་གུས་བརྟན། །
ལུས་སྲོག་གཅེས་པར་མི་ལྟ་རིམ་གྲོ་དང་། །
ཅི་གསུང་བཀའ་སྒྲུབ་རང་དོན་མི་སེམས་པ། །
སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །
དད་དང་ཤེས་རབ་སྡོམ་ལྡན་སྙིང་རྗེ་ཆེ། །
སྒོ་གསུམ་ཞི་དུལ་ཁྲེལ་ཡོད་ངོ་ཚ་ཤེས། །
ཁོང་ཡངས་གཏོང་ཕོད་དག་སྣང་བརྩོན་འགྲུས་ཆེ། །
མཉེས་གསུམ་དག་པས་དཀོན་མཆོག་བཞི་བར་མཆོད། །
དེ་ལྟར་བླ་མ་བརྟག་བསྟེན་ཚུལ་ཤེས་ན། །
རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །
བུང་བ་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །
སྐྱོ་ངལ་མེད་པས་ཐུགས་དགོངས་རྟོགས་པར་འགྱུར། །
དམ་པ་དེ་ལ་འབྲེལ་བའི་ཚོགས་གཉིས་པོ། །
དོན་མཐུན་སྤྱོད་པས་ངལ་བ་འབྲས་ཅན་ཡིན། །
མངག་གཞུག་བང་ཕྱིན་ཕྱག་དར་ཚུན་ཆོད་ཀྱང་། །
སྨིན་གྲོལ་ལམ་གྱི་ཚོགས་བསགས་ཁོ་ན་ལགས། །
དེས་ན་བྱང་སེམས་རྟག་ཏུ་ངུ་བཞིན་དང་། །
ཡེ་ཤེས་མཚོ་རྒྱལ་མནྡ་ར་ཝ་བཞིན། །
བླ་མ་སངས་རྒྱས་མཐོང་ན་སྨིན་གྲོལ་མཆོག །
བསླུ་མེད་སྐྱབས་གནས་དམ་པའི་དངོས་གྲུབ་ལགས། །
དེའི་ཕྱིར་མདོ་རྒྱུད་བསྟན་བཅོས་དུ་མ་ནས། །
བླ་མ་སངས་རྒྱས་དངོས་སུ་གསུངས་པ་དང་། །
སྐྱབས་གནས་ཀུན་འདུས་བླ་མ་ཡོངས་སུ་བསྔགས། །
ཕྱི་ནང་བསྐྱེད་རྗོགས་རྒྱ་མཚོའི་སྙིང་པོ་ལགས། །
བླ་མ་བཞུགས་ལ་བཀུར་སྟི་རིམ་འགྲོ་དང་། །
ངོ་ལྐོག་མེད་པར་དྲན་ཤེས་བག་ཡོད་དང་། །
མོས་གུས་དད་པའི་སྣང་བ་རྟག་འགྲོགས་ནས། །
བླ་མའི་དགོངས་སྤྱོད་རྣམ་དག་སློབས་ཤིག་ཨང་། །
ཐོག་མར་ཐོས་བསམ་ཡང་དག་མཛད་དང་གཅིག །
བར་དུ་བསྒོམ་པས་ཆགས་སྡང་སེལ་དང་གཉིས། །
ཐབས་ཤེས་ཟུང་འཇུག་ཡེ་ཤེས་འཁྲུངས་དང་གསུམ། །
དམ་ཆོས་རྣམ་དག་སྙིང་ནས་སྒྲུབས་ཤིག་ཨང་། །
ཕྱི་ཡི་བླ་མ་མཆོག་གསུམ་གཙུག་ཏུ་བཀུར། །
ནང་གི་བླ་མ་རྩ་གསུམ་རྒྱུན་དུ་བསྟེན། །
དོན་གྱི་བླ་མ་སྐུ་གསུམ་མངོན་དུ་བྱས། །
མཚུངས་མེད་བླ་མའི་རྣམ་ཐར་སྐྱོངས་ཤིག་ཨང་། །
འདིར་སྨྲས་དགེ་བས་བདག་གཞན་འགྲོ་བ་ཀུན། །
ཀུན་བཟང་བླ་མའི་ཐུགས་དང་མི་འབྲལ་ཞིང་། །
ཀུན་མཁྱེན་རྒྱལ་བ་དགྱེས་པའི་བསྟན་འགྲོའི་དོན། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་པ་འདི་ན་རབ་རྒྱན་མེ་ཁྱི་ཟླ་བཞི་བའི་ཚེས་བཅུ་ཉིན་དབྱིན་རྒན་འཕགས་པ་ཚུལ་ཁྲིམས་དང་གྲོགས་རིག་པའི་རྡོ་རྗེ།ཨ་ནེ་དམ་ཆོས་སྒྲོལ་མ་དང་དྷརྨྰ་ར་ཛའི་མཁན་པོ་དོན་གྲུབ་སོགས་ཀྱིས་དེང་དུས་བླ་མ་འདྲ་མིན་མང་པོ་འདུག་པས་བླ་མ་ཡང་དག་དང་དེ་བསྟེན་ཚུལ་ཅི་འདྲ་ལགས་ཞེས་ཡང་ཡང་བསྐུལ་བ་དང་རང་གི་ཕ་གཅིག་བླ་མའི་ཡོན་ཏན་དྲན་བཞིན་ཐོལ་བྱུང་ནང་པ་སངས་རྒྱས་ པའི་གྲལ་མཐའ་འཁོད་པའི་གྲྭ་གཟུགས་གྱི་ན་བ་དཔལ་དགྱེས་པ་རྡོ་རྗེས་ཨ་རིའི་དྷརྨྰ་ཀིརྟི་ཆོས་ཚོགས་ཁང་དུ་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ། ། ༢༠༠༦ ༦ ༦ལའོ། །

0 comments:

ཟིན་བྲིས་འཚོལ་ཡུལ