དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 27 April 2011
༄༅། །རང་སྣང་གང་ཤར་གྱི་མེ་ལོང་། །
རང་ཁ་ཨ་དབྱིངས་སུ་འབོད་ན་རབ།
ཨ།
སྐྱེ་མེད་དོན་གྱི་སྒྲ་དབྱངས་ཀྱི་ཡི་གེ་ཨ། རང་བྱུང་དོན་གྱི་སྙིང་པོ་འདི་རང་ཆས་སུ་ཀུན་ལ་ཡོད་མོད། ཨེ་སྟོང་དང་ཝྃ་སྙིང་གི་རང་གཤིས་ལས་འཁྲུངས་པའི་ལྔ་ལྡན་གྱི་དག་ཞིང་བཞིན་དུ་ཀུན་ལ་དག་མཉམ་གྱི་ངོ་བོ།རང་བཞིན་གྱི་རྩལ་སྣང་།ཐུགས་རྗེ་སེམས་ཀྱི་འཆར་སྒོ་འགགས་མེད་དུ་འཆར་གྱིན་འཆར་གྱིན་དུ་གནས་མོད། དྲན་ཤེས་བག་ཡོད་ཀྱིས་རང་ངོ་ཤེས་ན་རང་གི་སློབ་དཔོན་དུ་གྱུར། དུག་ལྔས་གཞན་དབང་དུ་གྱུར་ན་རང་གིས་རང་ཉིད་བརླགས། འཁོར་འདས་ལག་པའི་ལྟོ་རྒྱབ་དེ་འདི་ལ་གོ །རང་ཆོས་རང་གིས་ཨེ་བཟུང་དེ་རང་ལག་ལ་ཡོད། རང་མགོ་ཉི་མ་ཆོས་ཀྱིས་ཕུད་ན་མི་ལེགས་སམ། །
ཨ།
ཡིག་འབྲུ་གཅིག་ཆོག་གི་རྒྱལ་པོ། དོན་ཆེན་གནས་ལུགས་ཀྱི་སྙིང་པོ། ཉིན་མཚན་དུས་དྲུག་གི་གནད་སོ། ལྷ་བདུད་སྒྱུ་འཕྲུལ་གྱི་ལྟད་མོ་དང་ཆོ་འཕྲུལ་ཅི་ཤར་ཀྱང་། རང་ངོས་ཀུན་སློང་གི་བསམ་པ། གཞན་ངོར་ཕན་བདེ་མཆོག་གི་ལྷག་བསམ་ཞིག་ཡོད་ན་ཅི་ལྟར་བྱས་ཀྱང་བདེ་བ་ལགས་སོ། །
ཨ།
སྙན་ངག་ཚད་ལྡན་ཞིག་བསམ་ན། །ངེས་འབྱུང་དང་ཨུ་ཚུགས་མ་ནོར། དགྲ་བགེགས་དང་ཕ་མ་མ་ནོར། །རང་ཆོས་དང་གཞན་ཆོས་མ་ནོར། བཟང་བྱེད་དང་ངན་བྱེད་མ་ནོར། ཁ་ཟས་དང་རེག་དུག་མ་ནོར། སེར་སྣ་དང་སྦྱིན་པ་ན་ནོར། ཉེས་སྐྱོན་དང་ཚུལ་ཁྲིམས་མ་ནོར། བརྩོན་འགྲུས་དང་ལེ་ལོ་མ་ནོར། རྣམ་གཡེང་དང་བསམ་གཏན་མ་ནོར། ང་རྒྱལ་དང་ཤེས་རབ་མ་ནོར། མདོར་ན་སངས་རྒྱས་དང་སེམས་ཅན་རང་བློ་ལ་ལྟོས་ནས་བཤད་དགོས།་སོ། །
ཨ།
རང་བཞིན་ཆོས་ལ་ཁྱད་པར་མི་འདུག སྐྱ་སེར་གཉིས་ལ་དབྱེ་བ་མི་འདུག རྟེན་འབྲེལ་ཆོས་ལ་སྣང་ཚུལ་མང་ཡང་། རྒྱུ་འབྲས་དགེ་སྡིག་བསླུ་མ་མི་འདུག སོ་ཐར་དགེ་བ་སེམས་གཙོ་སྨྲ་བ། བྱང་སེམས་ལྟ་བ་སྙིང་རྗེའི་བདག་ཉིད། གསང་སྔགས་གསང་གསུམ་གནད་འགགས་གྲོལ་ན། ཕོ་མོ་གཉིས་ལ་ཁྱད་པར་མི་འདུག རྩ་ཐིག་རླུང་གསུམ་རང་དབང་ཐོབ་ན། ན་ཆུང་ཕོ་མོའི་དགའ་རོགས་མཐར་ཐུག །
ཨ།
ཁྱོད་ཚོ་ཟེར་ནས་སྤྱི་དམོད་མ་གཏོང་། ང་ཚོ་ཟེར་ནས་གྲུབ་མཐའ་མ་རྩོད། རང་ཆོས་ཤོར་བའི་མལ་ས་དྲོན་མོ། རང་ལག་སོན་པའི་ཐབས་ཤེས་གནང་རོགས། དུས་ཀྱིས་མི་སྒུག་ཕར་ཕར་རྒྱུག་འགྲོ། ཚེ་ནི་མི་སྡོད་མྱུར་མྱུར་ཟད་འདུག སྙིང་གི་བླ་མ་དམ་པའི་སྐུ་ཚེ་བརྟན་ཚེ་ལ། རང་གཞན་ཚང་མས་ཅི་དྲག་མཛད་རོགས། རང་དོན་བསམ་ནས་སྤྲུལ་སྐུ་མ་བཟོ། གཞན་དོན་སྙིང་པོ་སྒོར་ལ་མ་ལྟ། རང་ཁ་རྒྱ་མོ་རང་གིས་མ་སྡོམ། རང་ཆོས་གཙང་མ་རང་གིས་མ་གཤིག རང་གཞན་ཚང་མ་དྲང་བདེན་ཞིག་གིས། བོད་རིགས་ཕུ་ནུ་བློ་སེམས་མཐུན་ན། ཕྱི་ནང་རྒྱལ་ཁབ་ས་ཐག་མི་རིང་། སྒྱུ་རྩལ་མཁན་པོས་ཇེ་ཉེ་བཏུང་འདུག སྒྱུ་རྩལ་རིག་པ་ལེགས་ལམ་སྤྱད་ན། རང་གཞན་ཀུན་ལ་ཕན་བདེ་འབྱུང་ངེས།
ཨ།

ཡབ་མེས་ཆོས་སྲིད་ཡིད་བཞིན་ནོར་བུ། དགྱ་ལྟ་ནག་པོའི་རྡུལ་ཕུང་ཁྲོད་ན། བྱི་དོར་མེད་པར་ལུད་ཕུང་དཀྱིལ་ན། བཞག་པ་འདི་འདྲ་སྙིང་ཁམས་ཆེ་བ། ད་དུང་ང་ལེགས་ཁོ་ངན་རྩོད་པ། དྲྭ་འབུ་འདི་ཚོས་དམིགས་ཡུལ་ཅི་ཞིག དགོས་པ་རྒྱུ་མཚན་བཤད་དུ་མེད་ན། བྱ་ཕག་སྦྲུལ་ལྟ་མཆོག་འཛིན་མིན་ནམ། གླེགས་བམ་འདྲ་སྐུའི་གསུང་ལ་མ་སྒུག དད་འདུན་དྲག་པོས་བརྩོན་པ་ཞིག་དང་། དཔྱད་པ་བཟང་པོས་ངེས་ཤེས་དག་གིས། རང་ཆོས་གླེགས་བམ་རང་གིས་ཀློག་ནས། རང་རང་སོ་སོར་ངེས་ཤེས་རྙེད། རང་བཙན་དག་མ་དེ་འདྲ་ཞིག་གོ ན་ཆུང་འདོད་བློ་སྒེར་དོན་ཁོ་ན། ཅོལ་ཆུང་མི་ལ་རེ་ལྟོས་བྱས་ཀྱང་། དྲོད་ཆུང་བྱ་བས་སྤྱི་དོན་མི་འགྲུབ། །གལ་ཆུང་འདི་འདྲ་འཐེན་རྩོད་མ་བྱེད།
ཨ།
མི་རབས་གསར་བ་གཅེར་བུ་བྱུང་ཡང་། མི་རིགས་གཙང་མས་དེ་ལ་མ་ལྟ། བྱམས་བརྩེ་ལྷག་བསམ་ཟོལ་མེད་ཡོད་ན། བདེན་དྲང་རྒྱུ་འབྲས་བསླུ་བ་མི་སྲིད། །ཡ་ཀི་ལྷ་ལ་ཡིད་ཆད་མ་གཏོང་། མ་ཀི་ལས་ལ་ལོག་པར་མ་ལྟ། ཕྱི་ནང་གཉིས་ཀའི་གོ་བ་མ་ནོར། ཇོ་སེར་གཉིས་ལ་ངན་བརྗོད་མ་གནང་། གྲྭ་རྟ་ཇོ་རྟ་ཇི་ལྟར་བརྗོད་ཀྱང་། གྲྭ་ས་གཙང་མའི་ཕྱག་བཞེས་མ་རེད། རང་སྣང་རྒད་པོས་བསླུ་ཁྲིད་འོག་ལ། ན་ཆུང་ཕོ་མོ་གཡམ་རྒྱུགས་མ་མཛད། །
ཨ།

རྒྱུ་ལ་དམིགས་པའི་སྤྲུལ་སྐུའི་བཟོ་གྲྭ། དཀའ་སྤྱད་མི་དགོས་མཁན་སློབ་མིང་ཆེན། རང་སྣང་གང་ཤར་སྐྱབས་མགོན་ཟེར་བ། སྙིགས་དུས་མི་ངན་བསམ་སྤྱོད་འདི་ལ། ངན་རྐུ་རྫུན་ལ་སྙིང་སྟོབས་མི་ཟེར། །སྒྲོ་བཀུར་མཁན་ལ་སྤྱི་དོན་འཛིན། །རྒྱ་བོད་གཉིས་ལ་ངོ་ལྐོག་མི་ཐུབ། མི་རྒན་འདི་ཚོ་འཁྲུལ་བ་མིན་ནམ། ང་རྒྱལ་ཧམ་སེམས་ལྟ་བ་ཁྲེགས་པོ། ཧམ་སེམས་སྙིང་སྟོབས་ལྷག་བསམ་མི་ཟེར། མིག་རྒྱང་རིང་མོས་རྒྱང་རིང་སྤྱི་དོན། འདི་འདྲ་ཞིག་གིས་གཏན་ནས་མི་འགྲུབ། །
ཨ།
ཟོལ་མེད་དྲང་བདེན་རང་ལ་ཡོད་པས། །རང་བློ་གཙང་མར་དཔྱད་འཇོག་སྤེལ་མ། །རང་དབང་འབོད་བསྐུལ་དབྱངས་གསལ་ང་རོ། །ཁེར་ལབ་ཆིག་རྐྱང་འདི་ན་བཀོད་ཡོད། །སྐྱབས་མགོན་ཟེར་ནས་སྒོར་སྐྱབས་རྒྱུ་སྐྱབས། ཆོས་རྗེ་ཟེར་ནས་ཕྱི་རྗེ་ནང་རྗེ། སྤྲུལ་སྐུ་ཟེར་ནས་ནང་པ་ངོ་ལོག །དགེ་བཤེས་ཟེར་ནས་སྡིག་བཤེས་སྤེལ་མཁན། ཚིག་དོན་མི་ཤེས་ཁ་བཏགས་མཁན་པོ། །དགོན་པ་ཟེར་ནས་ས་རྡོའི་བ་གམ། རི་ཁྲོད་ཟེར་ནས་སྒོར་སྡུད་ལས་ཁང་། ཇོ་སེར་ཟེར་ནས་གྲྭ་རྟ་ཇོ་རྟ། བོད་པ་ཟེར་ནས་རྫུན་དང་གཡོ་སྒྱུ། འཇིག་རྟེན་འདི་ཚོ་ནང་པ་མི་ཟེར་། སངས་རྒྱས་བསྟན་པའི་སྙིང་པོ་མི་འཛིན། རྒྱལ་བསྟན་དྲི་མེད་ཤེས་པར་འདོད་ན། ཚུལ་གནས་ཏིང་འཛིན་ཤེས་རབ་ཡོད་དགོས། ཐོས་བསམ་སྒོམ་པར་རྒྱུན་དུ་བརྩོན་དགོས། འཆད་རྩོད་རྩོམ་པའི་བྱ་བ་སྒྲུབ་དགོས། བསྙེན་བསྒྲུབ་ལས་ཀྱི་ཐུན་བཞི་གོམས་དགོས། འཕགས་ནོར་བདུན་ལ་སྙིང་པོ་འཛིན་དགོས། བསྟན་འགྲོ་སྤྱི་ལ་ཕན་བདེ་སྒྲུབ་དགོས། རྒྱལ་བའི་བཀའ་བསྟན་ཚད་དུ་གཙུག་དགོས། །ལྟ་སྒོམ་སྤྱོད་འབྲས་མ་ནོར་མཐོང་དགོས། རྒྱལ་བའི་བཀའ་བསྟན་གང་ན་མེད་པའི། རང་བཟོ་ཆོ་གས་ཆོས་བརྒྱད་མཁན་པོ། གཞིས་བྱེས་གཉིས་ལ་ཅི་འདྲ་མོད་པ། བན་རུལ་ང་ཡིས་ལོག་རྟོག་ལོས་ཡིན། དགེ་བས་བཟང་ངན་ཤན་འབྱེད་ལེགས་ཐོབ། རྒྱལ་བསྟན་ཡིད་བཞིན་ནོར་བུ་རང་འོད་། །མ་ལུས་འགྲོ་ཁམས་རྒྱུད་ལ་འཕོས་ནས། བདེ་གཤེགས་སྙིང་པོ་མངོན་གྱུར་སྨོན་ནོ། །རང་སྣང་གང་ཤར་རྟོག་རི་མོ། རྩོལ་མེད་མགྲིམ་པར་འཚང་ཁ་ཤིག་ཤིག །མྱུར་མགྱོགས་སྒྱུ་འཕྲུལ་མཐེབ་མཛུབ་འོག་ནས། ཇ་ཡུན་ཙམ་ལ་མྱུར་བྲིས་བགྱིས་སོ། །
༡༢ ༦ ༢༠༠༩ སྨན་ཁང་ཞིག་ནས་ཤྲྰི་སྨྱོན་པས་ཐོལ་བྱུང་ཕུལ།། །།

0 comments:

ཟིན་བྲིས་འཚོལ་ཡུལ