དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 8 May 2011
ཆང་རག་མ་འཐུང་། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། །
                        
                                   དཔལ་དགྱེས་པ་རྡོ་རྗེ།

ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་རིན་པོ་ཆེ། ། 
དྲིན་ཆེན་རྩ་བརྒྱུད་བླ་མ་དགོངས་སུ་གསོལ། ། 
དེང་འདིར་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། ། 
ཆང་གི་ཉེས་སྒྲིབ་རྟོགས་པར་ཐུགས་རྗེས་ཟུངས། ། 
ཀྱེ་མ་གསོན་དང་གངས་ཅན་སྤུན་ཟླ་ཚོ། ། 
སྙིང་དང་སྲོག་ལས་གཅེས་པའི་ཆོས་སྲིད་ཉིད། ། 
རང་ཆོས་བསྟན་སྲིད་རང་དབང་མ་ཐོབ་ཀྱང་། ། 
རང་གཞན་བག་མེད་སྤྱོད་པ་སྤེལ་ཕོད་དམ། ། 
ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ཆེན་ནས། ། 
མྱོས་འགྱུར་ཆང་འདི་ཉེས་ཚོགས་འབྱུང་གནས་ཞེས། ། 
རྒྱུ་འབྲས་བསླུ་མེད་བདེན་གསུངས་ཤེས་བཞིན་དུ། ། 
ཁྱད་གསོད་གངས་ཅན་ཕོ་མོ་སུ་ཡི་སྲོལ། །  
བཀའ་དྲིན་ཟླ་མེད་བདག་ཅག་སྟོན་པས་ཀྱང་། ། 
རྩ་མཆོག་རྩེ་མོ་ཙམ་ཞིག་བཏུང་ན་ཡང་། ། 
དེ་ནི་ང་ཡི་སློབ་མ་མིན་ཞེས་དང་། ། 
ང་ནི་དེ་ཡི་སྟོན་པ་མིན་ནོ་གསུངས། ། 
དེ་བཞིན་གསང་ཆེན་རྒྱུད་སྡེ་དུ་མ་ནས། ། 
སྔགས་པ་ནུས་མེད་ཆང་གིས་མྱོས་གྱུར་ན། ། 
ངུ་འབོད་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། ། 
དེས་ན་ཆང་གི་ཉེས་པ་བསམ་མི་ཁྱབ། ། 
སྐྱ་སེར་ཁྱད་མེད་གསོན་པོ་རོ་བཞིན་འགྱུར། ། 
ཕོ་མོ་ཁྱད་མེད་དུག་ལྔ་དྲག་ཏུ་འཁྲུག ། 
མཐོ་དམན་ཁྱད་མེད་ངོ་ཚ་མི་ཤེས་ནས། ། 
དྲན་པ་ཉམས་ཀྱང་དགའ་བདེ་སྐྱིད་སྣང་ཚོར། ། 
ཚེ་ཐུང་ནད་མང་ལོངས་སྤྱོད་རིམ་གྱིས་ཟད། ། 
ཁ་རྗེ་རླུང་རྟ་ཁམས་དབང་སྲོག་རྩ་ཉམས། ། 
དུག་རྫས་ཆང་གི་གནོད་པ་བསམ་མི་ཁྱབ། ། 
དེས་ན་གཟུར་གནས་བློ་གྲོས་བརྟེན་པར་མཛོད། ། 
ཚེ་འདིར་མི་འདོད་སྣ་ཚོགས་མཚོ་ལྟར་བརྡོལ། ། 
ཕྱི་མ་སྨྱོན་པའི་སྐྱེ་བ་ལྔ་བརྒྱར་ལེན། ། 
མཛངས་བླུན་སུ་ཡིན་ཆང་གིས་འཕུང་བར་ངེས། ། 
བཅས་རང་ཉེས་ལྟུང་བསམ་ནས་མ་འཐུང་ཞུ། ། 
འོ་ཇ་ཤིང་མངར་རྩི་བཅུད་མི་བཏུང་བར། ། 
མྱོས་ཆང་དུ་བར་དགའ་བའི་ཆགས་སྲེད་རིགས། ། 
ལ་རྒྱ་བཤད་ཀྱང་ལ་རྫེད་ལུང་རྫོད་རེད། ། 
བཟང་ཚུལ་ཤོར་བའི་སྐྱེ་བོར་ཐེ་ཚོམ་མེད། ། 
མྱོས་ཆང་སྤྱོད་པས་བག་མེད་གཡེང་བ་འཕེལ། ། 
ཉོན་མོངས་སྟོབས་རྒྱས་མི་དགེ་སྣ་ཚོགས་དྲན། ། 
གདམས་ངག་བརྗེད་ཅིང་དགེ་བའི་དཔུང་ཚོགས་འཇོམས། ། 
རྙེད་དཀའི་དལ་འབྱོར་དོན་མེད་གྱི་ན་བོར། ། 
མྱོས་ཆང་བཏུང་བས་སྒོམ་སྒྲུབ་དགེ་སྦྱོར་གཡེང་། ། 
མི་རྟག་མི་དྲན་རྟག་འཛིན་ཨ་འཐས་བྱེད། ། 
ཞེན་ཆགས་སྐྱིད་བདེ་སྣང་བའི་ང་རྒྱལ་གྱིས། ། 
ལས་འབྲས་ཁྱད་གསད་ལས་ངན་བག་ཆགས་སྤེལ། ། 
མྱོས་ཆང་བཏུང་བས་རང་མགོ་རང་གིས་བསྐོར། ། 
འཁོར་བར་དགའ་ཡང་ཚེ་སྲོག་བཀྲག་མདངས་འཕྲོག ། 
སྐྲ་དཀར་གཉེར་མ་མངོན་མགྱོགས་བསོད་ནམས་ཉམས། ། 
སྒོ་གསུམ་བག་མེད་བསྐྱེད་བྱེད་མྱོས་ཆང་ལགས། ། 
ལུས་ཆང་དྲི་མ་ཁ་ཞིང་དབང་རྩ་ཉམས། ། 
ངག་ཆང་འཁྲུལ་གཏམ་འཆལ་ཚིག་བྲེད་མོ་རྡོལ། ། 
ཡིད་ཆང་སྦས་གསང་མི་ཤེས་དྲན་པ་ཐོར། ། 
བཟའ་བཏུང་ཉལ་སྲེད་ཁོ་ནར་ཆང་གིས་སྤེལ། ། 
མ་རབས་སྣ་ཚོགས་མི་དྲན་དགུ་དྲན་འབྱུང་། ། 
ཕ་མའི་དྲིན་ལན་བརྗེད་ནས་རང་སྣང་མཐོ། ། 
ཕུ་ནུའི་བརྩེ་གདུང་བརྗེད་ནས་ནག་ཆང་བསམ། ། 
རྒྱུ་ནོར་ལོངས་སྤྱོད་མི་དྲན་ཆང་གིས་སྨྱོ། ། 
སྒྱུ་ལུས་འབྱུང་བཞི་འཁྲུག་པས་ར་རོ་གྱུར། ། 
དགའ་བྲིད་བདུད་ཀྱིས་བསླུས་པས་དགེ་བློ་དོར། ། 
ཚེ་སྲོག་རིན་ཐང་མི་ཤེས་སྨྱོན་པ་གྱུར། ། 
མི་གཙང་སྐྱག་པ་ཟ་ཡང་ངོ་ཚ་མེད། ། 
མ་རིག་མུན་པ་ནག་པོ་ཆང་གིས་འདྲེན། ། 
ཞེ་སྡང་མེ་བཞིན་འབར་བ་ཆང་གིས་བཟོ། ། 
འདོད་ཆགས་དུག་ཆུ་ཁོལ་མ་ཆང་གིས་སྤེལ། ། 
ཕྲག་དོག་ཟུག་ངུའི་ཚོར་བ་ཆང་གིས་བསྐྱེད། ། 
རང་འདོད་ང་རྒྱལ་རྒྱག་པ་ཆང་གིས་རྒྱས། ། 
མི་འདོད་སེམས་ཀྱི་ན་ཚ་ཆང་གིས་བཟོ། ། 
དོན་ལྔ་སྣོད་དྲུག་གསོན་བསྲེག་ཆང་གིས་བྱེད། ། 
མི་དགེ་སྣ་ཚོགས་འབྱུང་གཞི་ཆང་འདི་ཡིན། ། 
ཆང་གིས་ལ་རྒྱའི་རྡོ་རིང་རྩ་ནས་གཏོར། ། 
ཆང་གིས་སྡོམ་དང་དམ་ཚིག་རྨིང་ནས་བཤིག ། 
ཆང་གིས་བསམ་བཟང་བརྗེད་ནས་བསམ་ངན་སྐྱེ། ། 
ཆང་གིས་དགྲ་གཉེན་མི་ཤེས་རོ་ལྟར་བཟོ། ། 
དང་པོ་ཆང་གིས་བག་མེད་དྲན་ཤེས་ཉམས། ། 
བར་དུ་ཆང་གིས་སྡོམ་གསུམ་ཚུལ་ཁྲིམས་རལ། ། 
ཐ་མར་ཆང་གིས་འདི་ཕྱི་བར་དོ་བརླགས། ། 
ཡང་མཐར་ཚེ་རབས་ཀུན་ཏུ་ཆང་གིས་གནོད། ། 
ཆང་ལ་དགའ་བའི་སྐྱེ་བོ་ཕོ་མོ་ཚོས། ། 
འདི་ཕྱི་བར་དོ་གནོད་པའི་སྡུག་བསྔལ་དང་། ། 
ཆང་གི་ཉེས་དམིགས་སོ་ལྔ་ཕྲ་རགས་སོགས། ། 
ཡང་ཡང་བསམ་ནས་མྱོས་ཆང་སྤང་བར་འཚལ། ། 
ཤ་ཆང་དུག་གི་ཉེས་པས་མི་ཚུགས་པ། ། 
མཁས་གྲུབ་འབྱུང་ལྔར་རང་དབང་ཐོབ་དང་། ། 
བསད་པ་གསོ་ནུས་དུག་གིས་མ་གནོད་ན། ། 
ཅི་དགའ་འདོད་ཡོན་རིག་པའི་རྒྱན་དུ་འཆར། ། 
དེ་འདྲ་ཡིན་ན་ཁྱེད་རྣམས་ངོ་སོ་བསྟོད། ། 
གསང་ཆེན་རྟོགས་ན་དུག་ལྔ་གྲོགས་སུ་ཤར། ། 
སྤངས་རྟོགས་རྫོགས་པའི་རྒྱལ་དང་རྒྱལ་སྲས་ལ། ། 
མྱོང་གྲོལ་ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་ལགས། ། 
མདོར་ན་ཤ་ཁྲག་གཅིག་ལས་མཆེད་པ་དང་། ། 
སྤུན་ཟླ་མིང་སྲིང་དག་ལ་ཕན་ཐབས་སུ། ། 
དམིགས་ནས་ཅི་དྲན་ཆང་གི་ཉེས་པ་རྣམས། ། 
ཤྲཱི་སྨྱོན་དགྱེས་པ་རྡོ་རྗེས་ཕུལ་བར་དགེ ། 
 
ཨེ།

ཆང་ནག་བསྟོད་པའི་སྤྲིན་ཕུང་ལིང་ལིང་གཡོ། །
དགྲ་ནག་རྒོད་པའི་དྲག་ཆར་ཟིར་ཟིར་བབས། །
ལས་ནག་ཐོག་གི་མེ་སྟག་ཚ་ཚ་འཕྲོ། །
སྔགས་ནག་ཁ་མཁས་སྙིང་ལ་མ་ར་ཡ། །
རང་སྙིང་རང་གི་བསྲེག་པ་མ་ཤེས་བཞིན། །
རང་བསྟོད་རང་གིས་བྱེད་པའི་ཆང་རྐྱལ་ཚོས། །
རང་འདོད་སྤེལ་བའི་ཆང་གི་ཉེས་སྒྲིབ་ལ། །
ཤེས་བཞིན་ཁྱད་གསོད་མ་གནང་སྐུ་ཚེ་རིང། །
ཁྱེད་རྣམས་མྱོང་གྲོལ་བདུད་རྩི་བཏུང་མཁས་དང་། །
མགྲོན་ཆེན་བཟའ་བཅའ་མི་དགོས་གཅིག་ཆོག་ཆང་། །
ལོངས་སྤྱོད་རྩ་བར་འདོད་པའི་དྲ་གྲོགས་ཚོ། །
རང་སྣང་རྣམ་དག་མིན་ན་ཤིན་ཏུ་ཐལ། །
པད་འབྱུང་རྗེ་དང་གྲུབ་ཐོབ་བིརྺ་པས། །
ཆང་ཁལ་ལྔ་བརྒྱ་གསོལ་ཡང་ངོམས་མེད་ཀྱང་། །
ཉི་མ་བཙོན་བཟུང་མེ་དཔུང་མཚོ་རུ་བསྒྱུར། །
ཉོན་མོངས་སྐྱོན་གྱིས་མ་གོས་ནམ་མཁའ་བཞིན། །
བླུན་རྨོངས་བདག་འདྲའི་བཏུང་བའི་ཡུལ་མ་ཡིན། །
རྒྱལ་བས་བདེན་གསུང་བདེན་པར་མི་འཛིན་ན། །
རྒྱུ་འབྲས་ཁྱད་དུ་བསད་ན་རང་ཉིད་ཕུང་། །
ཁྱེད་རྣམས་ཅི་དགར་མཛོད་ཅིག་ཆོས་སྐྱོང་ཚོ། །
ལྷ་ངོར་བདུད་རྩི་མི་ལ་ཆུ་གཙང་ལས། །
དུད་ཆང་དུག་རྫས་བདེ་སྐྱིད་སྣང་བ་ཚོ། །
མི་འདོད་སེམས་ཀྱི་དམ་བཅའ་སྙིང་ན་ཡོད། །
ཁྱེད་ཚོས་ཡོན་ཏན་མཐོང་བར་ཅི་ཡིས་ནོངས། །
རིས་ཆད་ཕྲལ་བྱུང་མི་ཁོམ་བཅོ་བརྒྱད་དང་། །
དལ་བརྒྱད་འབྱོར་བཅུའི་རྩ་བ་ཆང་འདིས་ཕུང། །
སྨན་དང་དམ་རྫས་ཙམ་ལ་མ་བཀག་ཀྱང་། །
དེ་མིན་ཉེས་ཚོགས་གཟིགས་དང་ཤིན་ཏུ་གསལ། །
དེང་རབས་འཕྲུལ་གྱིས་གློ་སྙིང་འཚིག་པར་མཐོང་། །
གནའ་རབས་དམ་པས་ཚེ་རབས་ཕུང་བར་གཟིགས། །
ལམ་རྟགས་མ་ཐོབ་རྒྱ་སྟག་བསམ་པ་དག །
རྣམ་སྨིན་ཉམས་སུ་མྱོང་ན་ཨ་ཙ་མ། །
རེ་ཞིག་ཁྱེད་ཀྱིས་ཧུབ་གང་བཏུང་སྙམ་ཡང་། །
འདོད་པའི་ཆགས་སྲེད་ལན་ཚྭའི་ཆུ་བཞིན་བཏུང་། །
ངོམས་མེད་ཆང་རྐྱལ་རོ་བཞིན་འགྱུར་བའི་སྐབས། །
བསོད་ནམས་ཟད་པའི་མི་ལ་བྱ་ཐབས་བྲལ། །
ཅི་དྲན་དུ་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ