དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 7 May 2011
ཁྱེད་རྣམས་བླ་མ་དམ་པས་སྐྱོབས།
[7/10/2010 11:00:30 PM]
ང་བླ་མ་མིན་ནོ། །
ཨ་ཁ་མ། ། རྒྱུ་འབྱོར་སྟོབས་ཤུགས་ཆུང་བས་རང་ཡུལ་ཤོར། ། སྤུན་ཟླ་བརྩེ་གདུང་ཆེ་ཡང་ཡུལ་གྱིས་བསྐལ། ། ཉེ་འབྲེལ་ཁྱིམ་གཞིས་སྟོང་ནས་ས་ཞབས་སོང་། ། དགའ་བདེའི་ཉི་ཟླ་མེད་པའི་མཚན་མོ་ཚེས། ། འཇིག་རྟེན་བླ་མ་མ་ཡིན་ཤེས་རིག་མེད། ། མྱང་འདས་བླ་མ་མ་ཡིན་ཐབས་ཤེས་མེད། ། དེང་དུས་རྒྱ་བླ་མ་ཡིན་དགོན་གནས་མེད། ། སྔོན་དུས་བླ་མ་མ་ཡིན་གསར་སྐྱེ་ལགས། ། བདེན་པ་བཤད་ཀྱང་ཀུན་གྱིས་ཉན་མཁན་དཀོན། ། རྫུན་པ་མེད་ཀྱང་སྒྲོ་བཀུར་ཆར་བཞིན་ཕབས། ། པདྨའི་ཟབ་གཏེར་མཇལ་ཡང་རྟེན་འབྲེལ་རལ། ། རྨི་ལམ་སྲིད་པའི་གནས་འདིར་ང་མི་འདོད། ། སོ་ཐར་ངེས་འབྱུང་མེད་པས་གྲོང་མཐར་ཉུང་། ། བྱང་སེམས་བསླབ་པར་མི་བརྩོན་རང་འདོད་མཁན། ། གསང་ཆེན་དམ་ཚིག་མེད་པའི་རལ་བ་ཅན། ། བླ་མ་མ་ཡིན་སྲིད་པའི་རྒན་པོ་བཞིན། ། བོད་ལ་བརྩེ་བ་ཆེ་ཡང་རང་མྱིས་བསླུས། ། རྒྱ་ལ་ཞེ་སྡང་མེད་ཀྱང་དགྲ་རུ་གྱུར། ། དབྱིན་ལ་ཆོས་ཚོང་མ་བྱས་བྲན་གཡོག་ང་། ། བླ་མ་མ་ཡིན་ཀ་ཁའི་དགེ་རྒན་ལགས། ། ཉིན་དུས་དྲིན་ཆེན་ཨ་མར་ནད་གཡོག་བྱས། ། མཚན་དུས་རིག་མཛོད་ནང་དུ་བོད་ཡིག་བྲིས། ། བར་མཚམས་རྣམས་སུ་བསྙེན་སྒྲུབ་ཅུང་ཟད་ལས། ། བླ་མ་མ་ཡིན་རང་རྒྱུས་རང་ལ་ཡོད། ། མཁྱེན་པ་ཀུན་གཟིགས་མཆོག་གིས་ལུང་བསྟན་གསུངས། ། དམ་པ་དག་སྣང་མཁན་གྱིས་ཞབས་བརྟན་བྲིས། ། དམན་པ་ངོ་དགའ་མཁན་གྱིས་བསྟོད་བསྔགས་ཀྱང་། ། བླ་མ་མ་ཡིན་མི་ཚེ་དོན་མེད་ཐལ། ། རྙིང་མའི་བླ་ཆེན་མ་ཡིན་གོ་ས་མེད། ། བཀའ་བརྒྱུད་སྒོམ་ཆེན་མ་ཡིན་ཁྱབ་བསྒྲགས་མེད། ། ས་སྐྱའི་ཁྲི་འཛིན་མ་ཡིན་བདག་མོ་མེད། ། དགེ་ལྡན་ཁྲི་བ་མ་ཡིན་དོལ་དགྲ་ཡིན། ། སྤྲུལ་སྐུ་མ་ཡིན་དགོས་པ་རྒྱུ་མཚན་མེད། ། མཁན་པོ་མ་ཡིན་བརྟན་མཁས་ཡོན་ཏན་མེད། ། དགེ་བཤེས་མ་ཡིན་གྲྭ་སར་སྡོད་ཡུན་ཐུང་། ། བླ་མ་མ་ཡིན་ཉལ་རུལ་རྒད་པོ་ལགས། ། ཆོས་བརྒྱད་མི་དགོས་འཆི་དུས་སྡུག་བསྔལ་རེད། ། དཔོན་པོ་མི་དགོས་རང་མགོ་རང་གིས་ཐོན། ། གཡོག་པོ་མི་དགོས་རང་གཡོག་རང་གིས་ཐུབ། ། བླ་མ་མ་ཡིན་ཁྱེད་རང་བདེ་བར་ཕེབས། ། ཞེས་གྲོགས་པོ་ཀུན་དགས་ཁྱེད་མཁན་ཆེན་བླ་མ་ལགས་རེད་འཛམ་གླིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་བླ་ཆེན་དམ་པ་ཞིག་རེད་ཟེར་བའི་ལན་ཙམ་དུ་ཐོལ་བྱུང་དུ་ཤྲྰི་སྨྱོན་པས་ངོ་དེབ་ནང་ནས་མགྱོགས་འཕྲིན་ཕུལ་བ་བཅོས་བསྒྱུར་མེད་པར་བཀོད་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ