དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 7 May 2011
ཨེ་མ་ཧོ། །
ཀ་དག་གངས་ལ་འཕོ་འགྱུར་མེད་ཀྱང་། །ཁ་བའི་ལས་དབང་སད་ལ་ཉེ་བ། །ག་བུར་དབང་པོ་འཕེལ་འགྲིབ་མེད་ཀྱང་། །ང་རྒྱལ་གྲིབ་མ་བསལ་ལ་ཉེ་བ། ཅ་ཅོ་གྲགས་འུར་རྟག་བརྟན་མེད་ཀྱང་། །ཆ་ལུགས་ཆོས་མཐུན་ཀུན་ལ་མཛའ་བ། ། ཇ་ཆང་ངོ་དགར་སྙིང་པོ་མེད་ཀྱང་། །ཉ་མོ་ཆུ་བཞིན་འབྲལ་ཐབས་དཀའ་བ། ། ཏ་ཐྰ་ག་ཏའི་བསྟན་པ་དར་ཡང་། །ཐ་དད་སྙིགས་མ་དེ་ལས་མང་བ། ། ད་ལྟའི་བདེ་བར་ཞེན་ཆགས་ཆེ་ན། ། ན་རཀ་དམྱལ་ཁམས་མི་སྐྱེ་མི་སྲིད། ། པ་མེས་སྲོལ་བཟང་ཡ་རབས་ཡིན་ཡང་། །དེང་དུས་གསར་སྐྱེས་དེ་ལ་མི་སྤྲོ། ། ཕ་མེས་རིག་གཞུང་ཀུན་འཛོམས་ཡོད་ཀྱང་། །བ་གླང་འདྲ་བའི་དེང་དུས་གང་ཟག །མ་རབས་འདི་ཚོ་དྲན་ཤེས་རྨོངས་པ། །ཙ་ར་ཆོད་པ་ངེས་ཤེས་ཡིན་ཡང་། །ཚ་གྲང་གནོད་པ་སེལ་ཐབས་འབད་དགོས། ། ཛ་ཡའི་བསྟན་པ་ཡང་དག་ཡིན་ཡང་། །ཝ་སྐྱེས་སེང་ལྤགས་གྱོན་མཁན་མང་བ། ། ཞ་ལོང་ནད་པ་སྡུག་བསྔལ་ཆེ་ཡང་། །ཟ་འདོད་མཁན་ཚོ་དེ་ལས་ཐུ་བ། །འ་ཅག་ཀུན་མཐུན་རི་བོང་རྭ་ཅོ། །ཡ་རབས་འདི་ཚོ་སྲིད་ན་དཀོན་པ། ར་བ་གངས་དཀར་རིག་གནས་བང་མཛོད། །ལ་དུའི་ཞིམ་མངར་རང་གིས་ཚོར་བཞིན། ། ཤ་ཚ་སྙིང་རྗེ་ཀུན་གྱིས་མྱོང་ན། །ས་སྐྱོང་རྗེ་ལ་ངོ་ལྐོག་མི་འདུག ། ཧ་ཅང་ཐལ་བའི་ལས་ངན་བསགས་ཀྱང་། །ཨ་ཁ་མ་ཤེས་འཁྲུལ་བ་གྱུར་ན། །སྟོབས་བཞིའི་གཉེན་པོས་ཕྱིར་བཅོས་གྱིས་དང་། །མི་ལ་རས་པ་དེ་ག་ནང་བཞིན། །ཀརྨ་སློབ་མའི་ཨུ་ཚུགས་ཆེ་ཡང་། །བསམ་བསམ་གྲུབ་པ་ཤིན་ཏུ་དཀའོ། །དྲང་བདེན་ལས་ལ་བློ་ཕུག་བཅོལ་དང་། །རྒྱུ་འབྲས་རྟེན་འབྲེལ་སྨིན་པ་ཆོས་ཉིད། །ད་ནི་རེ་ཞིག་ཤྲྰི་སྨྱོན་འཆི་འགྲོ། །ཟླ་དགུ་ངོ་བཅུ་སླར་ཡང་འཆར་ན། །ཡང་སྲིད་མི་ལེན་ཟེར་ཐག་མི་ཆོད། །སྐུ་སྤྲུལ་འདོད་ན་དེ་དུས་མཇལ་ཆོག །དྲ་གྲོགས་ཚང་མ་ཚེ་རིང་ལོ་བརྒྱ། །འཆི་མེད་གཉུག་མ་སེམས་ཀྱི་ཅོག་བཞག །བཞི་ལྡན་ལམ་ལ་འབད་པ་བྱས་ནས། །བར་དོ་དྲུག་གི་བཙན་སར་ཆས་འགྲོ། ། སུན་སྣང་ཞིག་གིས་ཐོལ་བྱུང་དུ་ཤྲྰིས་སྨྱོན་པས་བྲིས་པ་དགེའོ། ། ༢༠༡༠ ༧ ༡༣་ལའོ། །
Subscribe to:
Post Comments (Atom)
0 comments:
Post a Comment