དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 7 May 2011

ཌྰཀི་དགྱེས་པའི་དོ་ཧ་བཞུགས་སོ། །

༧ཆོས་རྗེ་ཡིད་བཞིན་ནོར་བུའི་དག་སྣང་ཆོས་སྐོར་ལས། ཌྰཀི་དགྱེས་པའི་དོ་ཧ་བཞུགས་སོ། །
 
 རང་སྣང་རྣམ་དག་དྷྰུ་མ་ཐ་ལ་ཡི་ཞིང་འདིར། །
རིག་འཛིན་ཌྰཀི་བྱེ་བའི་ཚོགས་བྲལ་དུ་འཁོད་དེ། །
གསང་ཆེན་གདམས་པའི་བཅུད་ལ་ངོམས་མེད་དུ་སྤྱོད་ཅིང་། །
རིགས་བརྒྱའི་ཁྱབ་བདག་མཚུངས་མེད་དྲིན་ཆེན་གྱི་བླ་མ། །
སྤྱི་གཙུག་རྒྱན་དུ་ཐོབ་པའི་སྐལ་བཟང་ལ་བསམ་ཚེ། །
ན་ཆུང་བདག་ཀྱང་གུས་སྤྲོའི་གཞན་དབང་དུ་གྱུར་ནས། །
རྐང་པའི་བྲོ་དང་ལག་པའི་གར་སྟབས་དེ་ངོམ་བཞིན། །
ཉམས་དགའི་སྐྱིད་གླུ་མི་འགུགས་རང་དབང་ནི་མ་བྱུང་། །
སྣོད་བཅུད་རྒྱུད་རྣམས་དག་པ་རྩ་གསུམ་གྱི་ལྷ་ལ། །
གང་སྣང་ཀུན་བཟང་རོལ་པའི་ཚོགས་མཆོད་རང་ཕུལ་ཏེ། །
ཚིམ་པ་དྲུག་ལྡན་དགའ་བཞིའི་ཉེ་ལམ་ལ་བརྟེན་ནས། །
བསྐལ་མང་ཚོགས་ཟུང་རྒྱ་མཚོ་དུས་གཅིག་ལ་འདུམ་སོང་། །
ཨ་འཐས་ཞེན་པའི་བསྲུང་སྡོམ་གྱི་ན་རུ་བོར་ཏེ། །
རོ་སྙོམས་བརྟུལ་ཞུགས་སྤྱོད་པའི་རྩལ་ཤུགས་ལ་བརྟེན་ནས། །
རིག་འཛིན་རྣམ་བཞིའི་མཁའ་ལ་ཁྱུང་ལྡིང་བཞིན་བགྲོད་སྐབས། །
གཅོང་རོང་འཁོར་བར་བག་ཟོན་ཡིད་ཡུལ་ནས་བོར་ཐལ། །
འཛུམ་པའི་ཟུར་མིག་གཅིག་གིས་དཔལ་ཆེན་ནི་འབུམ་གྱི། །
གཡོ་བའི་ཀུན་རྟོག་གཡོ་མེད་དམ་པོ་རུ་བསྡམ་ཀྱང་། །
དཀར་མངར་བཅུད་ཀྱིས་ཁེང་པའི་ཡིད་འཛིན་གྱི་བུམ་པ། །
ཡལ་འདབ་ལྔ་བའི་རྒྱན་དུ་མ་ཚོར་བར་བརྐུས་སོང་། །
འཁྲི་ཤིང་ཡལ་ག་སྤུངས་པའི་སྐྱེད་ཚལ་གྱི་དབུས་ན། །
རེག་འཇམ་པདྨ་གཞོན་ནུའི་མལ་སྟན་ཞིག་ཡོད་སྐད། །
དེ་རུ་ཡུད་ཙམ་འདུག་པའི་སྙིང་སྟོབས་ཤིག་ཐོབ་ན། །
གཟུང་འཛིན་སྲིད་པའི་ཚ་དབལ་རྨི་ལམ་བཞིན་ཡལ་འགྲོ། །
རིག་སྟོང་ཟང་ཐལ་སྐྱེ་མེད་ཆོས་སྐུ་ཡི་ལྟ་བ། །
འཛིན་མེད་རང་གསལ་ལོངས་སྤྱོད་རྫོགས་སྐུ་ཡི་སྒོམ་པ། །
འཁྲུལ་མེད་སྤང་བླང་བྲལ་བ་སྤྲུལ་སྐུ་ཡི་སྤྱོད་པ། །
དབྱེར་མེད་ཉམས་སུ་ལེན་རྣམས་སྐྱིད་པོ་ཡི་ཡང་རྩེ། །
དེ་རིང་འདི་ན་ཚོགས་པ་རྡོ་རྗེ་ཡི་མཆེད་ལྕམ། །
མི་འབྲལ་མར་མེའི་འོད་དང་སྡོང་བུ་བཞིན་འགྲོགས་ཏེ། །
བསྐྱེད་རྫོགས་རྫོགས་ཆེན་བསྒོམས་པའི་ཉེ་རྒྱུ་ལ་བརྟེན་ནས། །
ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བ་ལ་སྨོན་ནོ། །
ཞེས་སྔ་སོར་རང་ལོ་ཉེར་བདུན་གྱི་སྐབས་སུ་སློབ་ཚོགས་དྲུག་ཅུ་ཙམ་ལ་མཛོད་ཆེན་བདུན་གྱི་བཤད་ཁྲིད་བྱེད་སྐབས་ནུབ་གཅིག་རྨི་ལམ་དུ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་ཐོན་ཅིང་། །རྟེན་བརྟེན་པ་དང་བཅས་རྒྱ་ཆེར་མཇལ་ཏེ་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྨོན་ལམ་དང་གདམས་པ་མང་པོ་གནང་མཐར། ནུབ་ཕྱོགས་ཀྱི་ཕོ་བྲང་ཉམས་དགའ་བ་ཞིག་ན་ཨུ་རྒྱན་རཀྴ་ཐོད་ཕྲེང་ཞེས་བྱ་བ་འཁོར་མང་པོ་དང་མཉམ་དུ་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་སྐབས། ན་ཆུང་མ་ཞིག་གིས་ཚོགས་གླུ་འདི་བླངས་མཐར་མནལ་སད་སོང་། ཕྱི་ནངས་ངག་རྟ་དང་ཚིག་དོན་འོལ་སྤྱི་ཙམ་ཡིད་ངོར་ཡོད་པ་ལས་ངག་རྟ་ཉིད་དེར་འདུས་པ་རྣམས་ལ་བསླབས་ཤིང་ཚིག་དོན་ཡི་གེར་བཀོད་དེ་ལོ་གཅིག་ལ་གསང་རྒྱ་བྱས་མཐར་རྐྱེན་ཞིག་གིས་བསྐུལ་ནས་ངག་དབང་བློ་གྲོས་མཚུངས་མེད་པས་སླར་ཡང་ཡི་གེ་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

0 comments:

ཟིན་བྲིས་འཚོལ་ཡུལ