དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 11 May 2011
༧ སྐྱབས་རྗེ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་ཉི་ཤུ་པ་ཞེས་བྱ་བ།

༡༽ ཨོཾ་སྭ་སྟི།
སྐྱེ་དགུའི་ལེགས་བྱས་སྐྱ་རེངས་དཔུང་པ་ཡིས།།
དུས་སུ་དྲངས་པ་དཔལ་ལྡན་སྲིད་ཞིའི་མིག།
མཁྱེན་བརྩེ་ཉི་མ་འབར་བའི་འོད་རླབས་ཅན།།
ལོག་སྨོན་མུན་པའི་དགྲ་རུ་རྒྱལ་ཅིག།

༢༽ རྒྱལ་ཀུན་གསུང་གི་ཡེ་ཤེས་རྡོ་རྗེའི་གར།།
སྣང་མཐའི་སྒྱུ་འཕྲུལ་རོལ་པ་ཨོ་རྒྱན་པ།།
མཚོ་སྐྱེས་བླ་མའི་ཟབ་གཏེར་ཕྲིན་ལས་ཀྱི།།
ཁ་ལོ་བསྒྱུར་བའི་དེད་དཔོན་རྒྱལ་གྱུར་ཅིག།

༣༽ གདོད་ནས་དག་མཉམ་སེངྒེའི་ང་རོ་ཆེས།།
ཐེག་བརྒྱད་སྤྲེའུའི་ཀུ་ཅོ་ཟིན་གནོན་པའི།།
རིག་འཛིན་སྡེ་སྣོད་བཞི་པའི་བཤད་སྒྲུབ་ཀྱི།།
བསྟན་པའི་རྒྱལ་མཚན་འཛིན་པ་རྒྱལ་གྱུར་ཅིག།

༤༽ བྱང་ཕྱོགས་གངས་རིའི་ཁྲོད་ན་མཁས་གྲུབ་ཀྱི།།
སྙན་པ་སྟོང་གི་རྒྱ་མཚོ་མ་ཤོངས་བར།།
ནུབ་ཀྱི་ཕྱོགས་སུ་འཕྱུར་བའི་རྦ་རླབས་ཀྱིས།།
བསྟན་དགྲའི་སྤོབས་པ་འཕྲོག་པ་རྒྱལ་གྱུར་ཅིག།

༥༽ ངེས་དོན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས།།
ཕ་རོལ་བཤེས་གཉེན་རི་མོའི་མར་མེ་ལ།།
སྐྱབས་སུ་རེ་བ་ཁོངས་ནས་ལྷོད་བྱས་པ།།
སྐྱེ་དགུའི་སྙིང་གི་ཉི་མ་རྒྱལ་གྱུར་ཅིག།

༦༽ ཀྱེ་མ་འགྲོ་འདི་དུས་ཀྱི་རྒུད་པས་ཟོས།།
རྨོངས་པའི་སྐྱེ་བོ་ལོག་པའི་བཤེས་ལ་རེ།།
ལེགས་པར་འདོད་ནས་ཉེས་པར་ཤུགས་ཀྱིས་རྒྱུག།
རྒྱལ་བསྟན་རིན་ཆེན་ཉིན་ནས་ཉིན་བཞིན་རྒུད།།

༧ ༽ ཕྱི་གླིང་ཡུལ་ན་དམ་ཆོས་མི་ཤེས་ཀྱང།།
རྨོངས་པ་ནོར་ལ་རྔམ་པའི་གཡོ་རྒྱུ་ཡིས།།
བྱི་བ་སྟག་ཏུ་བརྫུ་བའི་བླ་གཟུགས་འགས།།
ཕྱག་རྫོགས་གདམས་པའི་ཟབ་གནད་སྟོན་ནོ་ལོ།།

༨༽ སློབ་མའི་ཚོགས་ལ་ངེས་འབྱུང་ཏིལ་འབྲུ་ཙམ།།
མེད་ན་བྱང་ཆུབ་སེམས་སོགས་སྨྲོས་ཅི་དགོས།།
གཅེར་བུར་ཕྱུང་ཞིང་རྐང་ལག་གནམ་དུ་གཡུག།
ཕེམ་དང་ཕཊ་ཀྱིས་སྒྲ་སྒྲོག་སྨྱོས་པ་བཞིན།།

༩༽ ཀྱེ་མ་སྡིག་པའི་བཤེས་གཉེན་སུ་ཞིག་གིས།།
ཡུན་རིང་འབད་པས་བསགས་པའི་ནོར་འཕྲོག་ཏེ།།
དམ་པའི་ཁྲེལ་ཞིང་བྱས་པ་དོན་མེད་པའི།།
ལོག་ལམ་འདི་འདྲ་བསྟན་སྙམ་མཆི་མ་འཁྲུགས།།

༡༠༽ འདི་ལྟར་བསམ་ན་སྡེ་གསུམ་ཀློང་དགུ་ཡི།།
མན་ངག་རྒྱ་མཚོའི་གཏེར་མཛོད་གཅིག་པུ་བ།།
གང་ཁྱོད་གང་དུ་བཞུགས་པའི་ས་ཕྱོགས་དང་།།
འཆག་དང་གཟིམ་པའི་ས་དེའང་སྐལ་བ་བཟང་།།

༡༡༽ རྣམ་དག་ཚུལ་ཁྲིམས་གཙང་མའི་ལང་ཚོ་རྒྱས།།
སྤངས་བླང་བདེན་བཞིའི་འཇུག་ལྡོག་ཚུལ་བཞིན་མཛད།།
བདག་ལྟའི་རི་བོ་ཡེ་ཤེས་རྡོ་རྗེས་བཅོམ།།
འཁོར་ལོ་དང་པོའི་ལམ་ལ་ཁྱོད་མཐར་ཕྱིན།།

༡༢༽ ཀུན་བཏགས་སྒྱུ་མའི་གྲོང་ཁྱེར་རྨང་ནས་བཤིག།
གཞན་དབང་ཟོ་ཆུའི་ཁྱུད་མོ་དུམ་བུར་བཅད།།
ཡོངས་གྲུབ་དག་པའི་ཡེ་ཤེས་མངོན་དུ་བྱས།།
སེམས་ཙམ་བསྟན་པའི་སྙིང་པོ་ཁྱོད་ཀྱིས་བླངས།།

༡༣༽ སྣང་སྟོང་བདེན་གཉིས་ཟབ་མོའི་དེ་ཉིད་རིག།
ཐབས་ཤེས་སྒྲུབ་པས་ལམ་གྱི་གོལ་ས་བཅད།།
སྐུ་གཉིས་ཟུང་འཇུག་དོན་གྱི་རྒྱལ་ཐབས་བརྙེས།།
ངེས་དོན་དབུ་མ་ཆེན་པོའི་མངའ་བདག་ཁྱོད།།

༡༤༽ གཟུགས་སྣང་ལྷ་དང་སྒྲ་གྲགས་སྔགས་སུ་སྨིན།
འཛིན་རྟོག་བདེ་སྟོང་རིག་པའི་གཤིས་སུ་དག།
ཆོས་ཅན་སྣང་བ་ཆོས་ཉིད་ཀློང་དུ་ཟད།།
ཡོ་ག་སྡེ་གསུམ་དགོངས་པའི་ཕ་མཐར་སོན།།

༡༥༽ འདུས་པ་མདོ་དང་སྒྱུ་འཕྲུལ་དྲ་བ་དང་།།
སེམས་ཀློང་མན་ངག་སྡེ་དང་དུས་འཁོར་སོགས།།
གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་བསྐྱེད་རྫོགས་ཀྱི།།
ནགས་ཀླུང་འཐིབ་པོར་སེངྒེ་བཞིན་དུ་རྒྱུ།།

༡༦༽ གློ་བུར་ཉོན་མོངས་ཉེས་ཚོགས་དྲི་མའི་སྤྲིན།།
སྤོང་བསྒྱུར་ལམ་ཏུ་བྱེད་ལ་དཔའ་བ་ཡིས།།
གསུམ་ལྡན་རྡོ་རྗེ་འཛིན་པའི་ཁྱུ་མཆོག་ཏུ།།
ཉི་མ་ལྟ་བུར་ལྷམ་ཞེས་མཁས་པས་བསྔགས།།

༡༧ ༽ ཀླུ་དབང་སྟོང་གིས་དྲངས་པར་མ་ནུས་པ།།
རིག་འཛིན་བརྒྱུད་པའི་བཀའ་བབ་ཆུ་བོ་བཞི།།
ནུབ་ཀྱི་ཕྱོགས་སུ་དྲངས་པའི་དགེ་མཚན་གྱིས།།
གནས་གསུམ་མཁའ་འགྲོ་བྱེ་བའི་འཛུམ་དཀར་བསུས།།

༡༨༽ དེ་ལྟ་ནའང་སྦྱངས་པའི་འཕྲོ་མེད་ཅིང་།།
ལྷན་སྐྱེས་ཤེས་རབ་ལྡོང་བའི་དམུས་ལོང་དག།
དམ་པའི་སྐྱེ་བོ་མཐོང་བའི་སྐལ་མེད་པས།།
ཆུ་བོའི་འགྲམ་ཏུ་སྐོམ་ནས་ལན་བརྒྱར་ཤི།

༡༩༽ བདག་ནི་ཐོས་དང་བསམ་དང་བསྒོམ་པ་ཡི།།
ནོར་གྱིས་ཧ་ཅང་དབུལ་བ་མ་ཡིན་པ།།
དེ་ཕྱིར་དམ་པ་རྣམ་པ་དང་དམན་པ་ཡི།།
ཁྱད་པར་མཐོང་བའི་སྤོབས་པ་གཞན་ལས་མཐོ།།

༢༠༽ དེ་བས་སྐྱེ་ཀུན་དཔལ་ལྡན་དང་པོའི་མགོན།།
མི་ཡི་སྒྱུ་འཕྲུལ་རོལ་བ་ཁྱེད་ཉིད་དང་།།
ནམ་ཡང་མི་འབྲལ་རྫོགས་སྨིན་སྦྱངས་པ་གསུམ།།
ཚོམས་བུ་གཅིག་ཏུ་ངེས་པར་མཐར་བྱེད་ཤོག།

ཅེས་དཔལ་ལྡན་བླ་མ་དམ་པ། ངེས་པ་དོན་གྱི་སྐྱབས་རྗེ་༧མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་མཆོག་གི་ཆེ་བའི་ཡོན་ཏན་གྱི་ཆ་ཙམ་བརྗོད་པ་ཉི་ཤུ་པ་ཞེས་བྱ་བ་འདི་ནི། སྡེ་སྣོད་མང་དུ་ཐོས་པའི་སྙན་ངག་མཁན་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས། ཕྱི་ལོ་༢༠༡༡ཟླ་༥ཚེས་༩ཉིན་གུང་དག་པའི་རྨི་ལམ་དགའ་ཞིག་བྱུང་བས་རྐྱེན་བྱས་ཏེ། ཉིན་དེའི་ཕྱི་དྲོར་རང་གནས་ཤེས་རབ་འཕེལ་བའི་ལྡིང་ཁང་ནས་ཤར་མར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །། །།

0 comments:

ཟིན་བྲིས་འཚོལ་ཡུལ