དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 23 May 2011
༄༅། །སྙིང་གྲོགས་ལྷག་བསམ་དྲི་མེད་ལ་ཕུལ་བའི་གཉུག་མའི་ཐིག་ལེ་དཀར་པོ་ཁ་བཏགས་ཅེས་བྱ་བ། །
ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ། །ཨེ་མ་ཀུན་ཁྱབ་ཀྱི་སྟོང་གཟུགས་ཡེ་ཤེས། །ཝྃ་ཆེན་བདེ་རོལ་གྱི་སྒྱུ་འཕྲུལ་དྲ་བ། །ཟུང་འཇུག་གཉུག་སེམས་ཀྱི་ཐིག་ལེ་དཀར་པོ། །རྒྱལ་ཀུན་དགོངས་བརྒྱུད་ལ་མངོན་པར་བསྟོད་དོ། ། སྣང་སྲིད་དཔེ་ཆ་ཡི་འཇའ་ཚོན་རི་མོ། །བརྡ་བརྒྱུད་ལྷག་བསམ་གྱི་ཨེ་ཝྃ་མ་ཡ། །འོད་གསལ་སྙིང་པོ་ཡི་གཏེར་སྒོ་འབྱེད་པས། ། རྨི་ལམ་དབང་ཕྱུག་ང་སྐལ་བ་བཟང་ངོ་། ། མཚན་དཔེ་གསལ་རྫོགས་ཀྱི་སྤྲུལ་སྐུ་དམ་པ། །སྙན་རྒྱུད་མཐུན་སྣང་ལ་འདྲེན་པའི་དེད་དཔོན། །ལྷ་ཡི་ལྷ་མཆོག་གི་ལྷག་བསམ་དྲི་མེད། །དབྱངས་གསལ་རྣམ་དག་གི་རྟེན་འབྲེལ་འགྲིགས་སོང་། ། སྟོང་རྐྱང་མེད་དགག་ལ་ཞེན་ཆགས་མ་བྱས། །སྦྱོར་དྲུག་རྫོགས་རིམ་ལ་གོམས་པ་མེད་ཀྱང་། །ཕྱི་ནང་གཞན་གསུམ་གྱི་ཀ་ལ་ཙཀྲ། །རང་བྱུང་རིག་པ་ཡི་རྒྱན་དུ་ཤར་འདུག །གབ་སྦས་གསང་བ་ལ་རེ་དྭོགས་མི་དགོས། །དད་བརྩོན་ཤེས་ལྡན་གྱི་སྐལ་བཟང་སྐྱེས་བུ། །གློག་ཀླད་རྩིས་འཕྲུལ་ལས་བརྡ་དོན་སྨིན་གྲོལ། །དྲི་མེད་ལྷག་བསམ་ལ་སྒེག་མོའི་མེ་ལོང་། །གདོད་མའི་མགོན་པོ་ཡི་ཀུན་བཟང་བླ་མར། །མཉམ་ཉིད་ཆོས་སྐུ་རུ་མོས་གུས་འཁྲུངས་ན། །དགོངས་བརྒྱུད་རིག་རྩལ་གྱི་དབང་ཆེན་ཐོབ་ཡོང་། །བརྡ་དོན་རྟགས་གསུམ་གྱི་གོ་མྱོང་རྟོགས་པར། །ཡེ་གྲོལ་མན་ངག་གི་གནང་གསང་མཁྱེན་ན། །ཞི་ལྷག་རྐྱང་དེད་ཀྱི་རྩོལ་སྒྲུབ་མི་དགོས། །སངས་རྒྱས་ཕྱག་འཆང་འདི་ཙིཏྟ་མ་ཎི། །ཀུན་མཁྱེན་ཡབ་སྲས་དང་ཀླུ་སྒྲུབ་ཟླ་གྲགས། །འདྲ་འབག་བསྟན་བཅོས་ལས་ཆོས་རྒྱུད་འཛིན་བཞིན། །མིག་མཐོང་ལག་ཟིན་ཞིག་དངོས་སུ་མི་དགོས། །རྩ་གསུམ་རྒྱ་མཚོ་ལ་ཉེ་རིང་མི་འདུག ། སྣང་སྲིད་ཅོག་བཞག་གི་མཐོང་རྒྱ་ཆེན་པོ། །རྒྱ་མཚོ་ཅོག་བཞག་གི་ལྷག་བསམ་དྲི་མེད། །བྱང་ཆུབ་ཅོག་བཞག་གི་ཕྱིན་དྲུག་ལྡན་ན། །རིག་པ་ཅོག་བཞག་འདི་གཉུག་ཐིག་དཀར་པོ། །སྣང་སྟོང་དབུ་མ་ལ་ཕྱོགས་ལྷུང་མི་འདུག །བདེ་སྟོང་ཕྱག་རྒྱ་ལ་གསལ་སྒྲིབ་མི་འདུག །རིག་སྟོང་ཡེ་ཤེས་འདི་རང་ངོ་ཤེས་ན། །མ་འདྲིས་ལྷན་སྐྱེས་ཀྱི་སྙིང་གྲོགས་དམ་པ། །ཉི་ཟླ་གཟའ་སྐར་གྱི་འོད་སྣང་ཇི་བཞིན། །ཕྱག་རྫོགས་དབུ་མ་ལ་གསལ་རྒྱས་རྫོགས་ཚུལ། །ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་འགགས་རྟོགས་ན། །རིས་མེད་བསྟན་འཛིན་ཞེས་བརྟགས་ན་ཆོག་གི །གསང་ཆེན་ཐབས་མཆོག་གི་འོད་སྟོང་བདག་པོ། །དམུས་ལོང་འབྱུང་བྱ་ལ་གསལ་སྣང་མེད་པ། །ཐ་སྙད་ཀུན་རྫོབ་ཀྱི་སྣང་ཚུལ་ཚད་མ། །ཕྱོགས་དུས་རྒྱལ་ཀུན་གྱིས་ཕྱག་གིས་མི་སེལ། །དཔལ་ལྡན་ཚོགས་གཉིས་ཀྱི་ཤིང་རྟའི་འཁོར་ལོ། །དུས་གསུམ་དུས་མེད་དུ་བསྐོར་བ་ཡིན་ན། །བོད་བརྒྱུད་བཀའ་གཏེར་གྱི་ཀ་ལ་ཙཀྲ། །གཉུག་མའི་ཡེ་ཤེས་ཉིད་འདི་ཀ་ལགས་སོ། །ལྷག་བསམ་ཁ་ཁྱེར་གྱིས་བན་བོན་རིས་མེད། །བརྩེ་གདུང་ཁ་ཁྱེར་གྱིས་གྲུབ་མཐའ་ཁྱད་མེད། །ལ་རྒྱ་ཁ་ཁྱེར་གྱིས་དགེ་མེད་སྡིག་མེད། །ཐུབ་བསྟན་ཆོམ་རྐུན་ཚོར་ཞེན་པ་ལོག་ཐལ། ། རྨི་ལམ་ལུང་བསྟན་ལ་ཡིད་ཆེས་ཡོད་ན། །ཞི་བདེའི་ཉི་མ་ཞིག་འཆར་རྒྱུ་ཡོད་ཀྱང་། །རྒྱུ་མེད་ས་བོན་ལས་འབྲས་བུ་མི་འབྱུང་། ། དོན་མེད་རེ་དྭོགས་ཀྱིས་སེམས་ལ་མི་ཕན། །རྩ་གསུམ་ཆོས་སྐྱོང་ལ་མི་ཕྱེད་དད་འདུན། །མཆོག་གསུམ་རྒྱལ་བ་ལ་སྐྱབས་འགྲོ་བྱས་ནས། །བསྟན་དགྲའི་ཆོམ་རྐུན་ལས་རྣམ་པར་རྒྱལ་ན། །རྒྱ་བོད་ཞི་བདེ་ཡི་དགའ་སྟོན་ཚེས་ཡོང་། །གཞོན་ནུ་དོན་གྲུབ་ཀྱི་བསྐལ་ཆེན་གྲངས་མེད། །ལྷག་བསམ་རྒྱ་མཚོ་ལས་བྱང་ཆུབ་ཐོབ་པ། །དྲི་མེད་ལུང་རིགས་ཀྱིས་གྲུབ་པ་མིན་ནམ། །ལས་ངན་བསླུ་ཆོས་ཞིག་གཏན་ནས་མ་རེད། །ཐུགས་དམ་ཀུན་གཙང་གི་རྡོ་རྗེའི་མཆེད་པོ། །མཆོད་མེའི་མེ་འོད་དང་སྡོང་བུ་ཇི་བཞིན། །མི་འབྲལ་འགྲོག་ཆོག་གི་ལྷག་བསམ་དྲི་མེད། །ཐུབ་བསྟན་རྩ་ལག་གི་ཕྱག་མཆོད་མཐར་ཐུག །ལྷ་མེད་ཆོས་མེད་ལ་ཆོས་ཀྱི་མཛད་སྒོ། །ཆོས་མཆེད་ནང་འཁྲུགས་ལ་ཆོས་མཐུན་སྨྲ་བ། །མཆོད་འོས་བསླུ་བ་ཚོ་གྲལ་འགོར་བཞག་ན། །བསྟན་པ་ཉམས་རྟགས་ཀྱི་རྟེན་འབྲེལ་མིན་ནམ། །བདེན་ཚིག་རྡོ་རྗེ་ཡི་བརྡ་གླུའི་ཕྱག་རྒྱ། །བདེན་རྫུན་མི་ཤེས་པའི་ཁྲམ་པའི་དོ་རར། །བདེན་ཆེན་སྡུག་སྦྱར་གྱི་དམོད་ངན་གཟིགས་དང་། །བདེན་པ་རིན་ཆེན་ང་ཐབས་ཤེས་ཟད་ཐལ། །ཞི་བའི་སྨན་མཆོག་གི་བདུད་རྩི་ཆར་བཟང་། །པདྨ་གེ་སར་ལ་སྦྲང་ཆར་ཟིལ་མ། །ལ་བོན་ཞིང་ས་རུ་གནམ་ལྕགས་སེར་བ། །དགྲ་གྲོགས་ངེས་མེད་ཀྱིས་ཁ་མཆུ་རྡོལ་འདུག ། མ་ལུས་འགྲོ་བ་རྣམས་བདེ་ཐབས་བསམ་པ། །མ་བཅོས་སེམས་བསྐྱེད་དེ་སྙིང་གི་དམ་ཚིག །མ་གཟའ་དམ་གསུམ་གྱིས་དགོངས་པར་ངེས་པས། །མ་དག་འཁོར་བ་འདི་ད་ལྟ་སྒྲོལ་ཅིག །གཤིན་ཐང་སྐྱ་མོ་ལྟར་མུན་མཐའ་འདི་ནས། །ཡིད་མཐུན་སྙིང་གྲོགས་ཀྱི་ལྷག་བསམ་དྲི་མེད། །ཕྱི་ནང་ཀུན་གསལ་གྱི་དུས་མེའི་འོད་སྣང་། །མཇལ་བར་སྐལ་བཟང་གི་དགའ་སྤྲོ་བརྟས་ཡོད། །དོན་མེད་ཚིག་སྟོང་གིས་ཨུ་ཚུགས་མིན་པར། ། །བསྟན་འགྲོའི་དོན་ཆེན་ལ་སྨོན་འདུན་བདེན་ཚིག །རྩ་གསུམ་རྒྱལ་ཀུན་ལ་དབྱིངས་ནས་བསྐུལ་བས། །འབད་མེད་ལྷུན་གྲུབ་ཏུ་བྱིན་རླབས་སྩོལ་ཅིག །
ཅེས་པ་འང་ཡིད་མཐུན་སྙིང་གི་གྲོགས་པོ་ལྷག་བསམ་དྲི་མེད་ཀྱི་སྟོང་འཇུག་དུས་མེའི་འོད་སྣང་གི་ཚ་ཟེར་ལས་ཐོལ་བྱུང་དུ་བྱང་སེམས་བདུད་རྩིའི་ཐིག་པ་འདི་ཉིད་ཤྲྰི་ཨ་ནནྟ་བཛྲའི་དུང་ཁུངས་ཡིད་ཀྱི་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས་འཇོ་བ་དག་སུག་ལས་སུ་བགྱིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ