དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 2 May 2011
༄༅། །དོ་ཧ་ཚངས་དབྱངས་ཆོས་སྒྲ།།
ན་མོ་མ་ཧྰ་གུ་རུ་གུ་ཧྱ་གརྦྷ་ཡེ། །

ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་མཁའ་ཀློང་གི་དཀྱིལ་འཁོར། །
འོད་གསལ་མཁྱེན་བརྩེའི་འོད་སྟོང་སྒྱུ་འཕྲུལ་གྱི་ལོངས་སྤྱོད། །
གང་འདུལ་མཛད་འཕྲིན་དཔལ་ཡོན་གཟི་བྱིན་གྱི་ཁྱབ་བདག །
རིགས་ཀུན་ངོ་བོ་ཡིད་བཞིན་ནོར་བུ་ཁྱེད་མཁྱེན་ནོ། །

རིག་སྟོང་དབྱེར་མེད་དོན་དམ་འོག་མིན་གྱི་ཞིང་ནས། །
ཆོས་སྐུ་ཀུན་བཟང་དགོངས་བརྒྱུད་བླ་མ་རྣམས་མཁྱེན་ནོ། །
ཁྲེགས་ཆོད་ཐོད་རྒལ་མྱུར་ལམ་མན་ངག་གི་གནད་གསང་། །
སྣང་བཞིའི་ས་ལམ་མཐར་ཕྱིན་དངོས་གྲུབ་དེ་སྩོལ་ཤོག །

བདེ་སྟོང་དབྱེར་མེད་རང་སྣང་ཁྱབ་བརྡལ་གྱི་ཞིང་ནས། །
ལོངས་སྐུ་རྡོར་སེམས་བརྡ་བརྒྱུད་བླ་མ་རྣམས་མཁྱེན་ནོ། །
ཐབས་གྲོལ་བདེ་ཆེན་ཡང་གསང་ཉེ་ལམ་གྱི་སྙིང་པོ། །
ཁ་སྦྱོར་བདུན་ལྡན་རྫོགས་པའི་དངོས་གྲུབ་དེ་གནང་ཤོག །

སྣང་སྟོང་དབྱེར་མེད་ཟངས་མདོག་དཔལ་རི་ཡི་ཞིང་ནས། །
སྤྲུལ་སྐུ་པད་འབྱུང་སྙན་བརྒྱུད་བླ་མ་རྣམས་མཁྱེན་ནོ། །
བསྟན་འགྲོར་ཕན་བདེའི་གཞི་མ་དམ་ཆོས་ཀྱི་བཤད་སྒྲུབ། །
འབད་མེད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཅིག་ཞུའོ། །

རང་སྣང་རྒྱལ་བའི་དཀྱིལ་འཁོར་སྒྱུ་འཕྲུལ་གྱི་བཀོད་པ། །
རང་བྱུང་ལྷུན་གྱིས་གྲུབ་པའི་ཞིང་མཆོག་འདི་མཇལ་ཚེ། །
རང་རིག་རིག་རྩལ་རྒྱན་ལས་གཞན་ཞིག་ཏུ་མ་མཐོང་། །
ངེས་པ་ལྔ་ལྡན་རང་རིག་བདེ་སྟོང་གི་ཞིང་ཁམས། །

དབྱིངས་ཕྱུག་རིག་འཛིན་རྒྱལ་པོའི་ཉམས་སྣང་དུ་གནས་སྐབས། །
རང་བྱུང་རིག་པའི་རྒྱལ་པོའི་གཏད་རྒྱ་དེ་ཁྲོལ་བས། །
སྣང་སྲིད་དག་མཉམ་འཆར་བའི་ཐོལ་བྱུང་གི་དོ་ཧ། །
རྩོལ་མེད་མགྲིན་པའི་ལམ་ནས་དབང་མེད་དུ་ཤོར་ཐལ། །

སྒྱུ་ལུས་སྣང་སྟོང་སྤྲུལ་སྐུའི་སྐུ་མཆོག་ཏུ་དག་ཅིང་། །
སྒྲ་དབྱངས་གྲགས་སྟོང་ལོངས་སྐུའི་གསུང་མཆོག་ཏུ་རྫོགས་ནས། །
རང་སེམས་རིག་སྟོང་ཆོས་སྐུའི་ཐུགས་ཀློང་དུ་སྨིན་པར། །
ཆོས་རྗེ་བླ་མའི་གསང་གསུམ་དམ་པ་དེ་འདི་ཀ །

ཡར་བལྟས་རང་བཙན་གངས་དཀར་གནས་རི་འདི་མཇལ་ཚེ། །
ཤེས་པ་མ་བཅོས་རང་བཞག་གཤིས་བབས་ཀྱི་ལྟ༵་བ༵། །
འདི་ཡིན་དམིགས་གཏད་བརྗོད་བྲལ་མྱོང་བ་ཡི་རང་མདངས། །
ཆོས་ཉིད་རང་བཞིན་འོད་གསལ་ལྷག༵་མཐོང༵་གི་ཅོག༵་གཞག༵ །

ཕར་བལྟས་སྙོགས་བྲལ་ནམ་མཁའ་དྲི་མེད་འདི་མཐོང་ཚེ། །
ཡེངས་མེད་འཛིན་མེད་མཐའ་བྲལ་རང་བབས་ཀྱི་བསྒོམ༵་པ༵། །
བྱ་རྩོལ་འཆིང་བས་མ་བསླད་ཆོས༵་ཉིད༵་ཀྱི་བསམ་གཏན། །
གོམས་པའི་རྣལ་འབྱོར་ནམ་མཁའི་རྒྱལ་པོ་ཡི་ཅོག༵་གཞག༵ །
༡༠
ཚུར་བལྟས་རང་སེམས་བྱིང་རྒོད་སྣ་ཚོགས་ཀྱི་རྣམ་རྟོག །
དགག་སྒྲུབ་རྟོག་དཔྱོད་མེད་པར་རང་བཞིན་གྱི་རང་བབ། །
མ་བརྗེད་གང་ཤར་ཕན་གནོད་ཀུན་བྲལ་གྱི་སྤྱོད༵་པ༵། །
བླང་དོར་རྩིས་གདབ་སྤངས་པར་རང༵་སྣང༵་གི་ཅོག༵་གཞག༵ །
༡༡
སྣང་སྲིད་འཁོར་འདས་རིག་སྟོང་ཉག་གཅིག་གི་ཀློང་ཆེན། །
ཡེ་རྫོགས་ལྷུན་གྲུབ་སྤངས་བླང་བྱ་ཟད་ཀྱི་རྣལ་འབྱོར། །
སྲིད་ཞིའི་རེ་དྭོགས་བྲལ་བ་གདོད་མ་ཡི་རང་གཤིས། །
འབྲས༵་བུ༵་བྲལ་སྨིན་མངོན་གྱུར་རིག༵་པ༵་ཡི་ཅོག་གཞག །
༡༢
རང་རིག་གཞོན་ནུ་བུམ་སྐུ་མངོན་གསལ་གྱི་ཆེད་དུ། །
ལས་རླུང་ཡུལ་སྒོའི་གནད་བཞི་གཅུན་མ་ཡི་ཐག་ཏུ། །
སྐུ་གསུམ་ལྷུན་གྲུབ་རིག་གདངས་མཐིང་དབྱིངས་ནི་ཁྱབ་ཆེན། །
འོད་ལྔ་ཟླུམ་སྐོར་ཐིག་ལེ་མུ་ཁྱུད་ཅན་འཆར་འདུག །
༡༣
རིག་གདངས་ལུག་རྒྱུད་ཕྲེང་ལྟར་དབྱིངས་རིག་གི་ཁྲེགས་ཆོད། །
འོད་གསལ་མཐོང་བ་མངོན་སུམ་རང་བྱུང་གི་སྒྲོན་མ། །
སྐུ་གསུམ་རང་རྫོགས་ནུས་པ་གསལ་གསུམ་ལ་བརྟེན་ནས། །
ཡིད་དཔྱོད་ཤེས་ཉམས་མི་དགོས་མཐོང་ལམ་གྱི་ཚོད་ཟིན། །
༡༤
ནང་དབྱིངས་སྐུར་སྨིན་གདོས་བཅས་ཟང་ཐལ་གྱི་དབྱིངས་སུ། །
མཐར་ཐུག་མངོན་འཚང་རྒྱས་པས་ཀུན་རྟོག་རྣམས་བཅོམ་ནས། །
ཚེ་གཅིག་སྨིན་གྲོལ་ཐོབ་པའི་སྐལ་བཟང་གི་སྐྱེས་བུ། །
བདེ་དགའ་རྒྱ་མཚོར་ཕྱིན་པའི་རྣལ་འབྱོར་དེ་སྐྱིད་དོ། །
༡༥
ཀུན་རྟོག་གཞོན་རླུང་རྩིས་མེད་གྱི་ན་རུ་བོར་སྟེ། །
མི་འགུལ་གསུམ་ལ་གཞི་བཅས་སྡོད་གསུམ་གྱི་ཚད་བཟུང་། །
འབྲས་རྟགས་སྒོ་གསུམ་འབྱུང་ཞིང་ཐོབ་གསུམ་གྱི་གཟེར་ཐེབས། །
རང་རིག་ཆོས་སྐུའི་རང་བཞིན་མཇལ་བ་འདི་ངོ་མཚར་། །
༡༦
གདུལ་བྱ་ཞིང་མཆོག་ཕན་བདེའི་ཆོས་ཆར་གྱི་ཟིལ་མ། །
དད་གསུམ་མྱུ་གུ་སྨིན་པའི་དགའ་སྟོན་ལ་རོལ་ནས། །
མ་ལུས་འགྲོ་ཀུན་གཞི་རྒྱུད་བདེ་གཤེགས་ཀྱི་སྙིང་པོ། །
རང་ཞལ་རང་གིས་མཇལ་བའི་འབྲས་བཟང་ལ་སྨོན་ནོ། །
ཞེས་པའང་རབ་རྒྱན་ཤིང་བྱའི་སྤྲེལ་ཟླའི་ཚེས་བཅུའི་ཉིན་གནས་མཆོག་རང་བཙན་ཁ་བ་དཀར་པོའི་རྩེ་མགུལ། བདག་ཅག་ཁ་བ་ཅན་གྱི་སློབ་དཔོན་བཀའ་དྲིན་ཅན་པདྨ་སམྦྷ་ཝའི་སྒྲུབ་ཕུག་གི་ཉེ་འགྲམ། རིས་མེད་ལྷ་ཁང་ནས་གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་པ་༧མར་པ་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེ་དང་། དགེ་འདུན་པ་བརྒྱ་ཕྲག་དང་མཉམ་དུ་ཚོགས་འཁོར་འབུལ་སྐབས་འདི་འདྲ་བ་ཞིག་ཤར་བྱུང་བ་དང་། དམ་པ་ཉིད་ལ་ཞུས་པས།ཁོང་གིས། ཡ་དེ་རིང་གནས་དུས་སྟོན་འཁོར་གྱི་རྟེན་འབྲེལ་ཡག་པོ་འགྲིག་དུས་མགུར་བཞེས་དགོས་རེད།ཡི་གེ་ད་ལྟ་བྲིས་ཤོག་ཅེས་བཀའ་བསྩལ་བ་བཞིན་དེ་མ་ཐག་རིག་འཛིན་དཔལ་དགྱེས་པ་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་སུག་ལས་སུ་བགྱིས་པས་མ་གྱུར་འགྲོ་བ་ཀུན་གྱིས་དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་རུ་སྨོན་ནོ་ཤྲྰི་སརྦ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ