དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 10 May 2011
༄༅། །མཁས་བླུན་ཁྱད་པར་གསལ་པའི་མེ་ལོང་དྲི་མེད།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
བཅུ་ཕྲག་རིག་པར་བྱང་ཆུབ་པའི། །
མཁས་དབང་སངས་རྒྱས་ཡེ་ཤེས་ལ། །
སྒོ་གསུམ་གུས་པས་རབ་མཆོད་ནས། །
མཁས་བླུན་ཁྱད་པར་བཤད་པར་བྱ། །
མཁས་པ་ཆོས་དང་འཇིག་རྟེན་གཉིས། །
ལེགས་ཉེས་འབྱེད་པའི་ཤེས་རབ་ཅན། །
བླུན་པོ་ཆོས་དང་འཇིག་རྟེན་ལ། །
རྨོངས་པ་མིག་ལོང་དེ་བཞིན་ནོ། །
མཁས་པའི་མཁྱེན་རྒྱ་ནམ་མཁའི་ཁམས། །
བླུན་པོའི་ཤེས་ཚད་ཁབ་མིག་ཙམ། །
མཁས་བླུན་ཁྱད་པར་གནམ་ས་དང་། །
འཇིག་འགྱུར་འབྱུང་བ་ཡང་དེ་བཞིན་ནོ། །
མཁས་པའི་རྣམ་དཔྱོད་རྒྱ་མཚོ་ཆེ། །
བླུན་པོའི་རྣམ་ཤེས་ཆུ་ཕོར་གང་། །
བཟང་ངན་མཐོང་སྣང་ཆེ་ཆུང་དག །
ཁོག་ཏུ་གནས་པ་ཡང་དེ་བཞིན་ནོ། །
མཁས་པའི་དམ་བཅའ་རི་རྒྱལ་ཆེ། །
བླུན་པོའི་བསམ་ཤེས་རྡུལ་ཕྲན་ཙམ། །
ཆེ་ཆུང་རྟུལ་ཕོད་དད་བརྩོན་རྣམས། །
བརྟན་དང་མི་བརྟན་ཀྱང་དེ་བཞིན་ནོ། །
མཁས་པའི་ཤེས་རབ་ཉི་མའི་འོད། །
བླུན་པོའི་འཁྲུལ་སྣང་མར་མེའི་འོད། །
ཉེ་རིང་མཐོང་བའི་འོད་ཟེར་ཚོགས། །
གསལ་དང་མི་གསལ་ཡང་དེ་བཞིན་ནོ། །
མཁས་པའི་བརྩེ་གདུང་ཟླ་བའི་འོད། །
བླུན་པོའི་ཆགས་པ་སྲིན་བུའི་མེ། །
ལེགས་ཉེས་རིག་པའི་བློ་གྲོས་ཀུན། །
ཕན་བདེར་སྣང་བ་ཡང་དེ་བཞིན་ནོ། །
མཁས་པའི་ཡོན་ཏན་ཡིད་བཞིན་ནོར། །
བླུན་པོའི་ཤེས་ཚོད་ས་རྡོའི་གཤིས། །
བདེ་སྡུག་སྨིན་འབྲས་དཔལ་ཡོན་རིགས། །
འབྱུང་འགྱུར་ངེས་པ་ཡང་དེ་བཞིན་ནོ། །
མཁས་པའི་རང་གཤིས་གསེར་བཟང་པོ། །
བླུན་པོའི་ངན་གཤིས་མི་གཙང་ལུད། །
རིང་ཐུང་འགྲོག་ཡུན་གནས་དང་གསལ། །
ཡིད་འོང་ཡོད་མེད་ཀྱང་དེ་བཞིན་ནོ། །
མཁས་པའི་གྲོགས་ལས་ཡོན་ཏན་འབྱུང་། །
བླུན་པོའི་གྲོགས་ལས་ཉེས་སྐྱོན་ཐོབ། །
སྐྱིད་སྡུག་ཐར་བའི་ལམ་བཟང་ཕྱོགས། །
གོམས་འདྲིས་རིམ་པ་ཡང་དེ་བཞིན་ནོ། །
མཁས་པས་རང་གི་ངེས་ཤེས་སྐྱེ། །
བླུན་པོས་གྲགས་པའི་རྗེས་སུ་རྒྱུག །
དེད་དཔོན་ཚོང་བའི་ལོ་རྒྱུས་སོགས། །
དཔལ་འབྱོར་རྙེད་པ་ཡང་དེ་བཞིན་ནོ། །
མཁས་པས་ཉེས་བསལ་ཤིན་ཏུ་སླ། །
བླུན་པོས་ཡོན་ཏན་ཐོབ་པར་དཀའ། །
སྐྱོན་ཡོན་འབྲེལ་བའི་བླང་དོར་དང་། །
ཚོགས་གཉིས་བསགས་སྦྱོང་ཡང་དེ་བཞིན་ནོ། །
མཁས་པའི་དྲང་བདེན་ཐོག་མཐར་དགེ །
བླུན་པོའི་གཡོ་རྫུན་མཐའ་མར་ཕུང་། །
དགེ་སྡིག་སྒྲུབ་པའི་སེམས་ཅན་རྣམས། །
མཛངས་བླུན་ཡོད་པ་ཡང་དེ་བཞིན་ནོ། །
མཁས་པའི་དཔའ་མཛངས་འདི་ཕྱིར་བདེ། །
བླུན་པོའི་དཔའ་ངར་འདི་ཕྱིར་བརླགས། །
རྒྱལ་ཁ་ཐོབ་པའི་མཐོ་དམན་དག །
ཕན་བདེ་ཡོད་མེད་ཀྱང་དེ་བཞིན་ནོ། །
ཞེས་པ་འདི་ཡང་རབ་རྒྱན་ས་ཡོས་དབོ་ཟླའི་ཚེས་བཟང་ངམ་སྤྱི་ལོ་༢༠༡༡ ༥ ༡ ལ་བོན་བླ་རང་ཤར་ནས་གྲོགས་བཟང་ངན་དེ་མཁས་བླུན་གྱི་ཁྱད་པར་རེད་འདུག འོ་ན་མཁས་བླུན་ཟེར་བ་དེ་ཅི་འདྲའི་ཚད་བཞག་དགོས་རེད་ཅེས་པའི་ལན་དུ་ཅི་དྲན་དུ་ཤྲྰི་སྨྱོན་པས་བྲིས་པར་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment